༄༅།།བྱེད་ནུས་དོ་མཉམ་སྨྲ་བའི་མཐོང་སྣེ་ནས་རྒྱ་བོད་གཏམ་དཔེའི་ལོ་ཙཱ་ཅུང་ཙམ་གླེང་བ།

ཀླུ་མོ་རྒྱལ།​ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-19



ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ཀླུ་མོ་རྒྱལ།
 དང་པོ། བྱེད་ནུས་དོ་མཉམ་སྨྲ་བ།
        བྱེད་ནུས་དོ་མཉམ་སྨྲ་བ་ནི་ཨ་རིའི་མིང་དུ་གྲགས་པའི་ལོ་ཙཱ་བ་ཆེན་མོ་ཡིའུ་ཅིན•ནའེ་ཏ(Eugene A.Nida,1914-2011)ལགས་ཀྱིས་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པའི་མགོར་བཏོན་ཅིང་། དེང་རབས་ནུབ་ཕྱོགས་ལོ་ཙཱའི་གཞུང་ལུགས་ཀྱི་ཚབ་མཚོན་གྲས་ཡིན། ཁོང་གིས་ལོ་ཙཱའི་བྱ་བ་ནི“སྒྱུར་བྱེད་ཀྱི་སྐད་དང་དོན་ཤིན་ཏུ་མཚུངས་པ་དང་། ཆེས་བབ་ཆགས་ཡིན་པའི་སྐད་དོད་དོ་མཉམ་ཞིག་བཙལ་ནས་བསྒྱུར་བྱའི་སྐད་ལས་བྱུང་བའི་བརྡ་འཕྲིན་ཇི་ལྟ་བ་བཞིན་བསྐྱར་མཚོན་བྱེད་རྒྱུ་དེ་ཡིན”པར་འདོད། “དོན་མཚུངས་པ”ཞེས་པ་ནི་བསྒྱུར་བྱའི་སྐད་ཀྱིས་བསྟན་པའི་དོན་དེ་འགྱུར་ཡིག་ཁྲོད་བསྐྱར་མཚོན་ཅི་ནུས་ཡོང་བར་བྱེད་པ་དང་། “བབ་ཆགས”ནི་འགྱུར་ཡིག་གི་བརྡ་སྤྲོད་ལུགས་དང་ལེགས་པར་མཐུན་ཐུབ་བྱེད་པ།“དོ་མཉམ”ནི་ལོ་ཙཱ་བས་མ་ཡིག་གི་ཚིག་དོན་སྒྱུར་བྱེད་སྐད་ཁྲོད་བསྐྱར་མཚོན་བྱས་པ་དེ། ལོ་ཙཱའི་བྱ་བའི་བརྒྱུད་རིམ་ཁྲོད་ཀྱི་མཐར་ཐུག་གི་སྡེ་ཚན་ཀློག་པ་པོ་ལ་འཕྲོད་པའི་བརྡ་འཕྲིན་དང་མ་ཡིག་གི་ཀློག་པ་པོས་རྟོགས་པའི་བརྡ་འཕྲིན་དང་དོ་མཉམ་ཡོང་བར་བྱེད་དགོས། འདི་ཡང་འགྱུར་ཡིག་ལེགས་འགྲུབ་ཡོང་མིན་གྱི་ཚད་ཐིག་ཅིག་ཏུ་འདོད། བྱེད་ལས་དོ་མཉམ་སྨྲ་བས་ལོ་ཙཱ་ལ་ཚད་རིམ་གཉིས་བཏོན་ཡོད་དེ། “བྱེད་ནུས་དོ་མཉམ”སྟེ་ཚད་རིམ་ཆེས་དམའ་བའི་ལོ་ཙཱ་དང་། “བྱེད་ནུས་དོ་མཉམ”གྱི་རྨང་གཞིའི་སྟེང“རྣམ་པ་དོ་མཉམ”ཡོང་བར་བྱེད་པའི་ཚད་རིམ་ཆེས་མཐོ་བའི་ལོ་ཙཱ་བཅས་གཉིས་ཡོད་པ་ལས། མ་ཡིག་གི་བརྗོད་དོན་ལེགས་པར་བསྐྱར་མཚོན་བྱེད་རྒྱུ་ནི་ལོ་ཙཱའི་ཆེས་རྩ་བའི་ཚད་གཞི་ཡིན་པས་ང་ཚོས་ལོ་ཙཱ་བྱེད་སྐབས་ངེས་པར་མངོན་འགྱུར་བྱེད་དགོས་པའི་འོས་འགན་ཡིན་པ་དང་། སྐད་རིགས་སོ་སོའི་རིག་གནས་ཀྱི་རྒྱབ་ལྗོངས་དང་བསམ་པའི་འཁྱེར་སོའི་དབང་གིས“རྣམ་པ་དོ་མཉམ”དང“བྱེད་ནུས་དོ་མཉམ”གཉིས་ཀ་མངོན་འགྱུར་བྱེད་རྒྱུ་ནི་དཀའ་མོད། ཀློག་པ་པོ་དམིགས་ཡུལ་དུ་བྱས་ཏེ་ནུས་མཚུངས་དོ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་རྣམ་པ་སོགས་དོ་མཉམ་ཡོང་བར་འབད་དགོས།
 གཉིས་པ། བྱེད་ནུས་སྨྲ་བའི་ཟུར་ནས་རྒྱ་བོད་གཏམ་དཔེའི་ལོ་ཙཱ་བྱེད་ཐབས།

གཅིག དོ་མཉམ་པར་བསྒྱུར་བའི་ཐབས།
1.དཔེ་དོན་གཉིས་ཀ་དོ་མཉམ་ཡིན་པའི་འབྲེལ་བ།
        བསྒྱུར་བྱའི་གཏམ་དཔེ་ཡི་བརྗོད་བྱའི་བསྟན་དོན་དང་། དཔེ་འགོད་ལུགས། བརྡ་སྤྲོད་ལུགས། རྒྱན་གྱི་སྤྱོད་སྟངས་སོགས་སྒྱུར་བྱེད་སྐད་ཀྱི་རིག་གནས་ཁྲོད་ཀྱང་དེ་དང་ཡོངས་སུ་མཐུན་པའི་གཏམ་དཔེ་ཡོད་ཚེ་དེ་ཉིད་དོ་མཉམ་པར་བསྒྱུར་བར་ཐབས་འདི་སྤྱོད་དེ། དཔེར་ན། 路遥知马力,日久见人心 。རྟ་ཡི་བཟང་ངན་བརྒྱུགས་ན་ཤེས། །མི་ཡི་བཟང་ངན་འགྲོགས་ན་ཤེས། །人靠衣装,马靠鞍。མི་བཟང་པོ་གོས་གྱིས་བརྒྱན། །རྟ་བཟང་པོ་སྒ་ཡིས་བརྒྱན། 良药苦口利于病,忠言逆耳利于行。ནད་དྲག་པའི་སྨན་ལ་ཞིམ་པོ་མེད། །ཤ་ཚ་བའི་གཏམ་ལ་སྙན་པོ་མེད། 世上无难事,只怕有心人。མི་ལ་བརྩོན་འགྲུས་ལྡན་གྱུར་ན། །འཇིག་རྟེན་འདི་ན་དཀའ་བ་མེད། །ཅེས་སོགས་རིགས་མཐུན་གཏམ་དཔེ་དོ་མཉམ་དུ་བསྒྱུར་ཚེ་གཅིག་ནས་མ་ཡིག་ལ་བརྩི་འཇོག་བྱས་ཏེ་དེ་ཉིད་ཀྱི་དཔེ་འགོད་ལུགས་སོར་འཇོག་དང་ཉམས་ཇི་བཞིན་ཐོན་ཏེ་རྣམ་པའི་ཐད་ཀྱང་དོ་མཉམ་བྱུང་ཡོད་པར་མ་ཟད། གཉིས་ནས་ཆེས་མཐར་ཐུག་གི་དམིགས་ཡུལ་ཀློག་པ་པོ་གཙོར་བཟུང་སྟེ་མ་ཡིག་གི་བརྡ་དོན་ལེགས་པར་མཚོན་ཐུབ་ཡོད་པ་དང་། མ་ཡིག་གི་ཀློག་པ་པོ་ལ་ཐོན་པའི་ཕན་ནུས་དང་འགྱུར་ཡིག་གི་ཀློག་པ་པོ་ལ་ཐོན་པའི་ཕན་ནུས་མཐུན་མཚུངས་སུ་གྲུབ།

2. བརྗོད་དོན་དོ་མཉམ་དང་དཔེ་དོ་མཉམ་མ་ཡིན་པའི་འབྲེལ་བ།
        རྒྱ་བོད་གཏམ་དཔེའི་ཁྲོད་བརྗོད་དོན་དོ་མཉམ་དང་དཔེ་དོ་མཉམ་མ་ཡིན་པའི་གཏམ་དཔེ་ནི་མང་དག་ཅིག་ཡོད་ལ། དེའི་སྐབས“བྱེད་ནུས་དོ་མཉམ”གྱི་རྩ་དོན་གཙོར་བཟུང་སྟེ་ཚིག་གདོང་ཙམ་ལ་མ་དམིགས་པར་བརྗོད་བྱའི་བསྟན་དོན་དོ་མཉམ་ཡོང་བར་གཞིགས་ནས། དཔེ་འགོད་ལུགས་སོགས་སྒྱུར་བྱེད་སྐད་ཀྱི་རིག་གནས་ཁྲོད་ཁ་སྤྲོད་དུ་མཚོན་མ་ཐུབ་ཀྱང་བརྗོད་དོན་མཐུན་པ་རྣམས་དོ་མཉམ་པར་བསྒྱུར་པ་སྟེ། དཔེར་ན། 班门弄斧 སངས་རྒྱས་ལ་ཀ་ཁ། །ཉི་མ་ལ་སྒྲོན་མེ། །占着茅坑不拉屎。མ་ཎི་རང་གིས་མི་འདོན། །ཕྲེང་བ་གཞན་ལ་མི་སྟེར། །当面是人,背后是鬼。ཉིན་དཀར་ཀྱི་ལྷ། །མཚན་མོ་ཡི་འདྲེ། །人不做亏心事,不怕半夜鬼敲门。རང་སེམས་ན་ཉེས་པ་མེད་ན། །དམྱལ་བ་ན་འཇིགས་པ་མེད། །ཅེས་དཔེ་འགོད་ལུགས་ཐ་དད་དུ་སྣང་ཡང་སྒྱུ་རྩལ་གྱི་མཚོན་སྟངས་དང་བསྟན་དོན་རྣམས་བསྒྱུར་བྱའི་སྐད་དང་སྒྱུར་བྱེད་སྐད་གཉིས་དོ་མཉམ་དུ་ཐོན་ཡོད་པར་མ་ཟད། མ་ཡིག་གིས་བསྟན་འདོད་པའི་དོན་རྣམས་འགྱུར་ཡིག་ཁྲོད་ལེགས་པར་བསྐྱར་མཚོན་བྱས་ཏེ་ཀློག་པ་པོ་ལ་དེར་མཚུངས་ཀྱི་ཕན་ནུས་དོ་མཉམ་དུ་ཐོན་ཡོད།

གཉིས། གསར་དུ་རྩོམ་པའི་བསྒྱུར་ཐབས།
        རྒྱ་བོད་གཏམ་དཔེའི་ཁྲོད། གཏམ་དཔེ་ཁག་ཅིག་གི་དཔེ་འགོད་ཡུལ་མཐུན་ཡང་ལས་བསྟན་པའི་དོན་ཐ་དད་དུ་སྣང་། དེའི་རིགས་ལོ་ཙཱ་བྱེད་སྐབས་གསར་བཅོས་ཀྱི་བསྒྱུར་ཐབས་འཚམ་སྟེ། དཔེར་ན། “狗嘴里吐不出象牙”བོད་ཡིག་ཏུ་བསྒྱུར་ན། འགྱུར་དང་པོ། ཁྱིའི་ཁ་ནས་བ་སོ་མི་ཐོན། འགྱུར་གཉིས་པ། སྤྲང་པོའི་ཁ་ནས་གསེར་མི་ཐོན། འགྱུར་གསུམ་པ། མི་ངན་པའི་ཁ་ན་བདེན་གཏམ་མེད་ཅེས་འགྱུར་དང་པོ་ལྟར་བསྒྱུར་ན་མ་ཡིག་གི་ཕྱིའི་རྣམ་པ་སོར་འཇོག་བྱས་ཡོད་མོད། བོད་རྒྱ་མི་རིགས་གཉིས་ཀྱིས་ཁྱི་ལ་བཟུང་བའི་རིག་གནས་ཀྱི་འདུ་ཤེས་ཐ་དད་དུ་གནས་པས། “རྣམ་པ་དོ་མཉམ”མངོན་འགྱུར་བྱས་ཀྱང་གཏིང་ཟབ་པའི་རིག་གནས་ཤིག་གི་ནང་དོན་བསྐྱར་མཚོན་བྱས་མེད་པར་མ་ཟད། མ་ཡིག་དང་འགྱུར་ཡིག་གི་སོ་སོའི་རིག་གནས་ཁྲོད་ཐོན་པའི་ནུས་པ་ཐ་དད་དུ་གནས། འགྱུར་གཉིས་པ་དང་གསུམ་པ་ནི་སྒྱུར་བྱེད་སྐད་ཀྱི་རིག་གནས་དང་ཀློག་པ་པོ་དམིགས་བྱར་བཟུང་ནས་བསྟན་དོན་རྫོགས་པར་བསྟན་ཡོད་ནའང་། མ་ཡིག་ཁྲོད་ཀྱི་དཔེ་འགོད་ལུགས་དང་སྒྱུ་རྩལ་མཚོན་ཐབས་ཉམས་ཡོད། འོན་ཀྱང་ནང་དོན་དོ་མཉམ་བྱུང་ཡོད་པས་འགྱུར་ཡིག་ཁྲོད་མ་ཡིག་གི་མཐར་ཐུག་དམིགས་ཡུལ་མངོན་འགྱུར་བྱུང་སྟེ། རིག་གནས་བར་འབྲེལ་འདྲིས་དང་བརྗེ་སྒྱུར་གྱི་འགན་འགྲུབ་ཡོད་པ་རེད། དེ་བས་འདི་ལྟ་བུར་མཚོན་ན་འགྱུར་གཉིས་པ་དང་གསུམ་པ་བཀོལ་དགོས།

གསུམ། འགྲེལ་བཤད་ལྟ་བུའི་བསྒྱུར་ཐབས།
        རྒྱ་བོད་གཏམ་དཔེའི་ཁྲོད་གཏམ་དཔེ་ཁག་ཅིག་སོ་སོའི་ལོ་རྒྱུས་འཕེལ་རིམ་ཁྲོད་རིམ་བཞིན་གྲུབ་པའམ། མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་འདུས་ཡོད་པས་འགྲེལ་བཤད་ལ་བརྟེན་ནས་ལོ་ཙཱ་བྱས་ན་ད་གཟོད་མི་རིགས་གཞན་པས་ཤེས་རྟོགས་བྱེད་ཐུབ་པ་རེད། དེའི་རིགས་ལོ་ཙཱ་བྱེད་སྐབས་སྒྱུར་བྱེད་སྐད་ཀྱི་ཀློག་པ་པོ་དམིགས་ཡུལ་དུ་བཟུང་ནས་བསྒྱུར་དགོས། བྱེ་བྲག་སྒྱུར་སྟངས་རིགས་གཉིས་མཆིས་ཏེ། དཔེར་ན། 1.མ་ཡིག 三个臭皮匠赛过诸葛亮。འགྱུར་དང་པོ། ཀྲུའུ་ཀའེ་ལིའང་གི་བློ་རྩེ་ལས། །དཔོན་གཞོན་གསུམ་གྱི་གྲོས་བསྡུར་དགའ། །འགྱུར་གཉིས་པ། ཕོ་རབ་གཅིག་གི་བློ་རྩེ་ལས། །ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ། །2.མ་ཡིག 身在曹营,心在汉。 འགྱུར་དང་པོ། ཀོན་ཡས་ཚོ་སྒར་ན་གནས་ཀྱང་། བསམ་པ་སྔར་བཞིན་ཧན་ལ་ཕྱོགས་ཡོད། འགྱུར་གཉིས་པ། འབྲུག་མོ་ཧོར་དང་བསམ་པ་གླིང་ཞེས་གོང་གི་གཏམ་དཔེ་དག་རྒྱ་མི་རིགས་ཀྱི་ལོ་རྒྱུས་གཏམ་རྒྱུད་ལས་བྱུང་བའི་གཏམ་དཔེ་ཡིན་པ་དང་། དེ་དག་བསྒྱུར་བ་ལ་འགྱུར་ལུགས་གཉིས་རེ་མངོན་པ་ནི་བསྒྱུར་བྱ་བྱེ་བྲག་གི་རིག་གནས་ཁོར་ཡུག་དང་ལོ་ཙཱ་བ་རང་གི་དམིགས་པ་ལ་བརྟེན་ནས་བསྒྱུར་པས། འགྱུར་ཡིག་དང་པོ་ལྟར་ན་འགྱུར་ཡིག་གི་ཀློག་པ་པོ་ནི་ཆེད་དུ་གཏམ་དཔེ་འདི་རིགས་ཀྱི་རིག་གནས་རྒྱབ་ལྗོངས་ལ་རྒྱུས་ལོན་བྱེད་འདོད་མཁན་ཞིག་ཡིན་ཚེ། ཚིག་གདོང་ནས་བསྒྱུར་ཏེ་དེ་གང་ནས་དྲངས་པའི་འགྲེལ་འཆན་འགོད་དགོས། དེ་ལྟར་བསྒྱུར་ཚེ་གཅིག་ནས་མ་ཡིག་གི་དཔེར་འཇོག་སྟངས་དང་སྣང་བརྙན་བཅས་རྣམ་པ་བསྐྱར་མཚོན་བྱས་ཡོད་པར་མ་ཟད། གཉིས་ནས་མི་རིགས་ཤིག་གི་རིག་གནས་རྒྱབ་ལྗོངས་དྲངས་ཡོད་པས་དགོས་པ་དེ་མཁོ་མཁན་གྱི་ཀློག་པ་པོ་ལ་ཞབས་འདེགས་ཞུས་ཡོད་པ་རེད། བྱེད་ནུས་སྨྲ་བས་ལོ་ཙཱ་བྱ་བའི་བརྒྱུད་རིམ་ཁྲོད། “རྣམ་པ་དོ་མཉམ”དང“བྱེད་ནུས་དོ་མཉམ”གཉིས་ཀ་མངོན་འགྱུར་བྱེད་པ་ནི་ལོ་ཙཱའི་ཆེས་མཐོ་བའི་ཚད་རིམ་ཡིན་པར་འདོད་མོད། སྤྱིར་བཏང་གནས་ཚུལ་འོག་མངོན་འགྱུར་ཡོང་དཀའ་བས“བྱེད་ནུས་དོ་མཉམ”ནི་ཡིག་རིགས་ཕན་ཚུན་བརྗེ་སྒྱུར་བྱེད་པའི་རྨང་གཞི་ཡིན་ཞེས་པ་ལྟར། འགྱུར་ལུགས་གཉིས་པ་ནི་དཔེ་འགོད་ལུགས་དང་ཚིག་གི་ཉམས་སོགས་ཀྱི་རྣམ་པ་ཤོར་ཏེ་མ་ཡིག་ལྟར་བསྐྱར་མཚོན་བྱས་མེད་པར་མ་ཟད། ལོ་རྒྱུས་དུས་སྐབས་དང་། རྒྱབ་ལྗོངས། ལོ་རྒྱུས་མི་སྣ་སོགས་མ་ཡིག་དང་འགྱུར་ཡིག་གཉིས་ཐ་དད་དུ་གནས་ཀྱང་། འགྲེལ་བཤད་རང་བཞིན་གྱིས་སྒྱུར་བྱེད་སྐད་དུ་བསྟན་དོན་ནོར་འཛོལ་མེད་པར་བསྟན་ཡོད་པ་དང་། རྗོད་ཚིག་ཚགས་དམ་ཞིང་སྒྱུ་རྩལ་གྱི་ཕན་ནུས་མ་ཡིག་དང་མཚུངས་པ། བོད་རང་གི་ཀློག་པ་པོས་དང་ལེན་བྱེད་སླ་ཞིང་གོ་བདེ་བས་རྣམ་པ་ཤོར་བ་དེ་ཁ་གསབ་བྱས་ཡོད་པ་རེད། །

དཔྱད་གཞིའི་ཡིག་ཆ།

[1] རིག་འཛིན་སོགས། 《རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013.3
[2] ཚེ་རིང་འཚོ། 《ལོ་ཙཱའི་ལག་ལེན་དང་བརྟག་དཔྱད》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2015.12
[3] ཚེ་རིང་འཚོ། 《ལོ་ཙཱའི་ལག་ལེན་དང་ཐབས་རྩལ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2017.12
[4] 巴桑多吉:《 汉藏翻译教程 》 [M]. 北京:民族出版社2006.9
[5]贾文波:《应用翻译功能论 》 [M]. 北京:中国对外翻译出版公司2004.12
[6]芒迪(Munday,J):《翻译学导论:理论与应用 》 [M]. 李德凤等译 ,北京:外语教学与研究出版社,2014.6


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1