ཨ་རིས་ཧྭ་ཝེ་ལ་གནོན་ཤུགས་སྤྲོད་ཚད་ཆེ་རུ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-20



   ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ཚོང་དོན་པུས་ཧྭ་ཝེ་ལ་སྔར་བས་ཚོད་འཛིན་བྱེད་ཐབས་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་18ཉིན་ཨ་རི་ཕྱོགས་ཀྱིས་བསམ་ངན་ཁོག་བཅུག་ངང་དམའ་འབེབས་བཏང་བ་དང་ཧྭ་ཝེ་སོགས་ཀྲུང་གོའི་ཁེ་ལས་ལ་གནོན་ཤུགས་སྤྲད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཨ་རི་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་ཀྱིས་ཨ་རིས་ཐོག་མཐའ་བར་གསུམ་དུ་འུད་བསྟོད་བྱེད་པའི་ཁྲོམ་རའི་དཔལ་འབྱོར་དང་འགྲན་རྩོད་དྲང་གཞག་གི་རྩ་དོན་གྱི་“ངོ་ཚ་འགེབས་རས་”ཀྱི་མཐིལ་བརྟོལ་ཞིང་། དེ་ནི་དམར་དམར་རྗེན་རྗེན་གྱི་བཙན་དབང་བྱ་སྤྱོད་ཅིག་རེད་ཅེས་བཤད།
   ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། ཨ་རིའི་ཚོང་དོན་པུས་ཧྭ་ཝེར་སྔར་བས་ཚོད་འཛིན་བྱེད་པའི་བྱེད་ཐབས་ཁྱབ་བསྒྲགས་བྱས་ཏེ། ཧྭ་ཝེས་ཚོང་ལས་ཀྱི་ཐབས་ལམ་བརྒྱུད་དེ་སྙིང་ལྷེབ་ལེན་པའི་ནུས་པ་མེད་པ་བཟོ་བརྩིས་བྱས་ནས། ཟླ་5པར་ཧྭ་ཝེ་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་ཀྱི་རྨང་གཞིའི་ཐོག་ཧྭ་ཝེ་ཡི་རྒྱལ་ཁབ་21ལ་ཡོད་པའི་ཁོངས་གཏོགས་ཀུང་སི་38དངོས་གཞིའི་རྩིས་ཐོའི་ནང་བཅུག་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་འདེབས་རྩིས་ཡོད་དམ་ཞེས་དྲིས།
   ཀྲའོ་ལི་ཅན་གྱིས“ཨ་རི་ཕྱོགས་ཀྱིས་རྐང་བཙུགས་ནས་ཧྭ་ཝེ་སོགས་ཀྲུང་གོའི་ཁེ་ལས་ལ་དམའ་འབེབས་དང་གནོན་ཤུགས་སྤྲད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། སྐབས་ཤིག་རིང་། ཨ་རི་ཕྱོགས་ཀྱིས་དཔང་རྟགས་ཁུངས་བཙན་གང་ཡང་མེད་པའི་གནས་ཚུལ་འོག རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་ཁྱབ་ཆེར་བཏང་བ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་བྱུང་དུ་སྤྱད་ནས། ཧྭ་ཝེ་སོགས་ཀྲུང་གོའི་ཁེ་ལས་ལ་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་སྤྱད་པས་དེ་ནི་དམར་དམར་རྗེན་རྗེན་གྱི་བཙན་དབང་བྱ་སྤྱོད་ཅིག་རེད་ཅེས་བཤད།
   ཁོང་གིས། “ཨ་རི་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་ཀྱིས་ཨ་རིས་ཐོག་མཐའ་བར་གསུམ་དུ་འུད་བསྟོད་བྱེད་པའི་ཁྲོམ་རའི་དཔལ་འབྱོར་དང་འགྲན་རྩོད་དྲང་གཞག་གི་རྩ་དོན་གྱི་‘ངོ་ཚ་འགེབས་རས་’ཀྱི་མཐིལ་བརྟོལ་བ་དང་། རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་ལས་འགལ་ཞིང་། གོ་ལ་ཧྲིལ་པོའི་ཐོན་ལས་འབྲེལ་ཐག་དང་། མཁོ་སྤྲོད་འབྲེལ་ཐག རིན་ཐང་འབྲེལ་ཐག་བཅས་ལ་གཏོར་བཤིག་བཏང་བ་དེས་ཀྱང་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་རང་ངོས་ཀྱི་གཟུགས་བརྙན་ལ་གནོད་འཚེ་བཟོ་ངེས་རེད་ཅེས་བཤད།”
   ཀྲའོ་ལི་ཅན་གྱིས། ཨ་རི་ཕྱོགས་ཀྱིས་ཧྭ་ཝེ་སོགས་ཀྲུང་གོའི་ཁེ་ལས་ལ་གནོན་ཤུགས་ཇི་ཙམ་སྤྲད་ན། ཁེ་ལས་དེ་དག་གི་གྲུབ་འབྲས་ར་སྤྲོད་བྱེད་ཐུབ་ལ། དེ་ཙམ་གྱིས་ཨ་རི་ཕྱོགས་ཀྱི་གཡོ་ཟོལ་དང་བཙན་དབང་ར་སྤྲོད་བྱེད་ཀྱི་ཡོད། ལོ་རྒྱུས་ཐོག རྒྱལ་ཁབ་གཞན་མང་པོའི་གྲུབ་འབྲས་ཐོབ་པའི་ཁེ་ལས་ལའང་དེ་དང་འདྲ་བའི་གནས་ཚུལ་བྱུང་མྱོང་ཡོད། ཨ་རི་ཕྱོགས་ཀྱི་བྱེད་སྟངས་དེ་རིགས་ལ་རྒྱལ་ཁབ་གཞན་གྱིས་ངོ་རྒོལ་དང་བཀག་འགོག་བྱེད་པ་དང་མུ་མཐུད་བྱེད་ངེས་རེད་ཅེས་བཤད། 
   ཁོང་གིས། ཨ་རི་ཕྱོགས་ཀྱིས་ཧྭ་ཝེ་ཡིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བཟོ་གི་ཡོད་ཅེས་པར་ཁུངས་ལུང་སྤུ་ཙམ་ཡང་མེད། འདས་ཟིན་པའི་ལོ་ངོ་30ཡི་ནང་། ཧྭ་ཝེ་་ཡིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་170ལྷག་ཙམ་ལ་དྲ་རྒྱ་1500ལྷག་ཙམ་བསྐྲུན་ནས་གོ་ལ་ཧྲིལ་པོའི་ཁེ་ལས་རྩེ་གྲ་500ཡི་ནང་གི་228ལ་ཞབས་འདེགས་ཞུས་པ་དང་། འཛམ་གླིང་ཡོངས་ཀྱི་མི་འབོར་དུང་ཕྱུར་30ལྷག་ཙམ་ལ་ཞབས་འདེགས་ཞུས་པས། “སི་ནུའོ་ཏེང་གི་དོན་རྐྱེན་”དང་“ཝེ་ཅི་ཡི་གསང་འགྲོལ་”ལྟ་བུའི་དྲ་རྒྱའི་བདེ་འཇགས་དོན་རྐྱེན་གཅིག་ཀྱང་ཐོན་མྱོང་མེད་པ་དང་། “མེ་ལོང་ཟུར་གསུམ་མ་”དང་“མཉམ་བྱའི་རྣམ་པའི་རྩ་འཛུགས”“སྐས་རིམ་རུ་ཁག”མ་ལག་དང་འདྲ་བའི་དྲ་རྒྱའི་ལྐོག་ཉན་ལྟ་ཞིབ་བྱ་སྤྱོད་གཅིག་ཀྱང་ཐོན་མྱོང་མེད། རྒྱལ་ཁབ་གང་ཞིག་གིས་ཀྱང་ཧྭ་ཝེའི་ཐོན་རྫས་ལ“ལྟག་སྒོའི”དཔང་རྟགས་འདོན་ཐུབ་ཀྱི་མེད་ཅེས་བཤད།
    ཀྲའོ་ལི་ཅན་གྱིས། ཨ་རི་ནི་ས་གོ་ལའི་ཐོག་གི་ཆེ་ཤོས་དང་མིང་དོན་མཚུངས་པའི་ཧེག་པའི་བཙན་རྒྱལ་ཞིག་རེད། སི་ཁོ་དང་ཀུ་ཤུ་སོགས་ཨ་རིའི་ཀུང་སིས་ལོ་ཤས་གོང་ནས་དེའི་སྒྲིག་ཆས་ལ་བདེ་འཇགས་ཀྱི་ཞན་ཆ་དང“ལྟག་སྒོ”ཡོད་པ་ཁས་བླངས་ཡོད། ཨ་རིའི་གསང་འཕྲིན་སྡེ་ཚན་གྱིས་དུས་ཡུན་རིང་པོའི་ནང་མནའ་གྲོགས་ཚུད་པའི་ཕྱི་རྒྱལ་གྱི་སྲིད་གཞུང་དང་། ཁེ་ལས། མི་སྒེར་བཅས་ལ་ཁྱད་པར་མེད་པའི་ཁྲིམས་འགལ་གྱི་ལྐོག་ཉན་བྱེད་སྒོ་སྤེལ་བས་ཨ་རིའི་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཞི་རྩའི་ཐོག་གསང་བ་ཞེས་པ་གང་ཡང་མེད། འདི་ནི་ཚང་མས་ཤེས་པའི་དོན་དངོས་ཤིག་རེད་ཅེས་བཤད།

     ཁོང་གིས་“ང་ཚོས་ཨ་རི་ཕྱོགས་ཀྱིས་འཕྲལ་མར་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་ཀྲུང་གོར་དམའ་འབེབས་དང་།  ཀྲུང་གོའི་ཁེ་ལས་ལ་གནོན་ཤུགས་སྤྲོད་མཚམས་འཇོག་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན། ཀྲུང་གོ་སྲིད་གཞུང་གིས་མུ་མཐུད་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་བཤད།

http://tibet.people.com.cn/15821409.html 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1