ནག་ཆུ་སེ་ཆེན་ཤང་མཉམ་ལས་ཁང་ནང་གི་རྩྭ་ཐང་གི“མཛེས་སྡུག་ལྡན་པའི”འགྱུར་ལྡོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-20



          སྤྲིན་དཀར་ནམ་མཁའི་མཐའ་རུ་རྒྱུ་ཞིང་། མིག་རྒྱང་རིང་པོར་བལྟས་ཚེ་ག་ས་གང་དུ་ལྗང་མདོག་གིས་ཁེངས་ཡོད། ཟླ་8པར། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་རྒྱལ་ལམ་349བརྒྱུད་ནས་སྙན་རོང་རྫོང་སེ་ཆེན་ཤང་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་དུ་བསྐྱོད་ཚེ།  མིག་ནང་དུ་ཤར་ཡོང་བ་ནི་ལྗང་རྩྭ་ཐང་སྟེང་གི་མཛེས་སྡུག་ཡིན།

          ནོར་གནག་རྣམས་ནམ་མཁའི་སྐར་མ་བཞིན་རྩྭ་ཐང་དུ་ཐར་ཐོར་ངང་རྒྱུ་སྐབས། སེ་ཆེན་ཤང་སྤྱང་ཚང་གྲོང་ཚོའི་གྲོང་མི་ཤེས་རབ་རྒྱ་མཚོས་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་གི་ལས་སྣོན་བཟོ་གྲྭའི་ནང་དུ་ལས་ཀར་བྲེལ་བཞིན་ཡོད་ཅིང་། སྐབས་འདིར་རྩྭ་ཐང་ཐོག་གི་“མཛེས་སྡུག”དེ་དག་ནི་ལས་སྣོན་བཟོ་གྲྭའི་ནང་ཐོན་སྐྱེད་བྱས་པའི་མར་རྡོག་རེ་རེ་དང་ཞོ་ཕོར་གང་རེར་གྱུར་ཏེ། ས་གནས་དེ་གའི་མང་ཚོགས་ཀྱི་ཕྱུག་འགྱུར་གྱི་ལས་རོགས་ཡག་པོ་ཞིག་ཏུ་གྱུར་ཡོད།


          འདི་ནི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སེ་ཆེན་ཤང་སྤྱང་ཚང་གྲོང་ཚོའི་གྲོང་མི་ཤེས་རབ་རྒྱ་མཚོས་སེ་ཆེན་ཤང་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་དུ་ལས་ཀར་བྲེལ་བའི་རྣམ་པ་རེད།


          འདི་ནི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སེ་ཆེན་ཤང་རྫ་དམར་གཉེར་སྐྱོང་མཉམ་ལས་ཁང་གི་བཟོ་པས་འོ་མའི་སྤུས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱེད་བཞིན་པའི་རྣམ་པ་རེད།

          2017ལོའི་ཟླ9པར། བསམ་གཞིགས་ཐེངས་མང་བྱས་པ་བརྒྱུད། སེ་ཆེན་ཤང་གིས་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་བཙུགས་ནས་དེང་རབས་ཀྱི་འབྲོག་ལས་འཕེལ་རྒྱས་སུ་བཏང་ཞིང་། “སྐབས་དེར་ཡོད་ཚད་གསར་པ་ནས་འགོ་བརྩམས་པ་ཡིན”ཞེས་སྙན་རོང་རྫོང་སེ་ཆེན་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཨ་བསྟན་གྱིས་བཤད་པ་དང་། མ་དངུལ་སྒོར་ཁྲི300དོན་ཐོག་ཏུ་བྱུང་མེད་པའི་གནས་ཚུལ་འོག་དངུལ་སྒོར་ཁྲི11དང་། འབྲི་གཡག167ལུག117བཅས་ཞལ་འདེབས་བརྒྱབ་ནས་མཉམ་ལས་ཁང་བཙུགས་པ་རེད།

          “མ་དངུལ་དེ་དག་བཀོལ་ནས་ལམ་སེང་འབྲོག་ལས་གཉེར་རྒྱུ་ནི་དོན་དངོས་དང་མི་མཐུན་པས། ང་ཚོས་ཇ་ཁང་ཞིག་ཕྱེས་པ་དང་། ཐོན་ལས་ཀྱི་མ་དངུལ་དམིགས་སར་འབྱོར་རྗེས། ཡང་འབྲི་མོ166ཉོས་ནས་མང་ཚོགས་ཀྱི་ཁྱིམ་དུ་གསོས་པ་ཡིན”

          2018ལོའི་ཟླ10ཚེས17ཉིན། འཁོར་སྐྱོད་ལོ་གཅིག་རིང་བྱས་པའི་མཉམ་ལས་ཁང་གིས་ཁེ་སྤོགས་བགོ་བཤའ་བརྒྱབ་ཅིང་། “དུད་ཚང426གི་དཀའ་ངལ་ཡོད་པའི་མང་ཚོགས1700ལ་མི་རེར་ཆ་སྙོམས་ཀྱི་ཁེ་སྤོགསསྒོར་200ལྷག་ཙམ་བགོ་བཤའ་བརྒྱབ་པ་རེད།”

          གང་ནས་མི་འགྲིག་པ་ཡིན་ནམ།  ས་གནས་དེ་གའི་ལས་བྱེད་པ་ཕྱིར་སློབ་སྦྱོང་བྱེད་པར་བསྐྱོད་དེ། “ཚང་མ་འབྲོག་ཁུལ་ཡིན་མོད། འོན་ཀྱང་གནས་ཚུལ་གཅིག་པ་མིན་ཞིང་། ཉམས་མྱོང་ཇི་བཞིན་དུ་དཔེ་རུ་བླངས་ཆོག་པའི་སྐོར་ཧ་ཅང་ཉུང་བ་ཡིན།”

          འོ་ན་གང་འདྲ་བྱེད་དགོས་སམ་ཟེར་ན། མཉམ་ལས་ཁང་བཙུགས་ཟིན་པས་གནད་དོན་ལ་འཕྲད་ཚེ་ད་དུང་ཐག་གཅོད་བྱེད་དགོས།

          དེང་རབས་ཀྱི་འབྲོག་ལས་འཕེལ་རྒྱས་སུ་གཏོང་འདོད་ན་ངེས་པར་དུ་ལག་ཡོད་ཕྱུགས་རིགས་གྲངས་ཚད་དང་འོ་མ་ཐོན་ཚད་མཐོ་རུ་གཏོང་དགོས་ཤིང་། “ང་ཚོས་སྣང་ཆེན་འབྲོག་ར་ཚོད་ལྟའི་གནས་སུ་བདམས་ནས་གཅིག་སྡུད་ཀྱིས་འབྲི་གཡག་ལ་དོ་དམ་བྱེད་པ་དང། དེ་ནས་ཁ་ཐོར་གྱིས་ཕྱུགས་འཚོ་བ་དང་། གཅིག་གྱུར་གྱིས་འོ་མ་འཇོ་བ། གཅིག་གྱུར་གྱིས་ལས་སྣོན་བྱས་པ་ཡིན།”

          ཟླ་བ་ལྔ་རིང་གི་ཚོད་ལྟ་བྱས་པ་བརྒྱུད། ལག་ཡོད་ཕྱུགས་རིགས་གྲངས་ཚད་དང་འོ་མའི་ཐོན་ཚད་གཉིས་ཀ་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། ཚང་མས་འདི་ཐབས་མཆོག་ཅིག་ཡིན་པར་ངོས་འཛིན་བྱས་ཏེ། “2019ལོའི་ཟླ5པར། ང་ཚོས་བྱེད་སྟངས་འདི་ཁྱབ་གདལ་དུ་བཏང་ནས་སེ་ཆེན་དང་། བྱེ་ནག པུང་རྒྱས། ཤར་ལྷ་རྩེ་བཅས་འབྲོག་ས་བཞི་རུ་འདྲ་བཟོ་བྱ་རྒྱུ་ཡིན”ཞེས་བཤད།

          འོ་མའི་ཐོན་ཚད་མཐོ་རུ་ཕྱིན་རྗེས། ཤང་གི་ལས་བྱེད་པ་ཚོས་སླར་ཡང་ཐོན་རྫས་ལ་ཁྲོམ་ར་འཚོལ་འགོ་ཚུགས་ཤིང་།  ཁོང་ཚོས་སྲོལ་རྒྱུན་གྱི་འབྲོག་ལས་ཐོན་རྫས་ཀྱི་འཛད་སྤྱོད་ཚོགས་པ་ཅུང་གཏན་འཇགས་ཡིན་པ་དང་། ན་གཞོན་གྱི་འཛད་སྤྱོད་ཚོགས་པས་འཁྱེར་བདེ་བ་དང་། ཉར་ཚགས་བྱེད་བདེ་བ། བྲོ་བ་ཕུན་སུམ་ཚོགས་པའི་ཐོན་རྫས་ལ་དེ་བས་དགའ་པོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་སྟེ། “ང་ཚོས་ཚོང་རས་ཐོན་རྫས་ལ་ཐག་གཅོད་པ་དང་། ཐུམ་སྒྲིལ་ཡང་ཁྲོམ་ར་ཅན་དུ་བསྒྱུར་དགོས་པའི་བསམ་ཚུལ་བཏོན་པ་ཡིན།”

          “ཐེངས་ཤིག་ང་ཚོས་ཚོད་ལྟའི་ངང་བྲོ་བ་ཧ་ཅང་ཞིམ་པའི་པུའུ་ཏེང་འབྲི་ཞོ་བསྙལ་ཞིང་། དེ་ནས་ང་ཚོས་དྲ་ཐོག་ནས་ཤིང་ཏོག་བསྣུར་མ་སྣ་ཚོགས་བཙལ་ཏེ་ཐོན་རྫས་གསར་པ་གསར་སྤེལ་བྱས་པ་ཡིན།” མཉམ་ལས་ཁང་གིས་པ་ཧྲི་དུག་སེལ་འཕྲུལ་ཆས་དང་། ཐུམ་རྒྱག་འཕྲུལ་ཆས་སོགས་དེང་རབས་ཅན་གྱི་སྒྲིག་ཆས་ཉོ་སྒྲུབ་བྱས་ཤིང་། འོ་མའི་བྲོ་བ་ངོ་མ་དང་ཐོན་རྫས་ཀྱི་སྤུས་ཀར་ཚོད་འཛིན་ནན་པོ་བྱས་ཏེ། “ལ་ལ”དང་ཞོ་སོགས་ཀྱི་ཐོན་རྫས་ལ་ཚོང་རའི་ཁས་ལེན་ཆེན་པོ་ཐོབ།


          འདི་ནི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སེ་ཆེན་ཤང་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་ཕྱུར་བ་རེད།


          འདི་ནི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སེ་ཆེན་ཤང་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་པུའུ་ཏེང་འབྲི་ཞོ་རེད།

          འཁོར་སྐྱོད་ཀྱི་རྣམ་པ་གསར་པ་མྱངས་རྗེས། 2019ལོའི་ཟླ10པའི་ཚེས17ཉིན་མཉམ་ལས་ཁང་གིས་ཡང་བསྐྱར་ཁེ་སྤོགས་བགོ་བཤའ་བརྒྱབ་སྟེ། མི་རེར་ཆ་སྙོམས་ཀྱིས་སྒོར1400ཡོད། ད་ལྟ་མཉམ་ལས་ཁང་དུ “ཤང་གཅིག་དང་མཉམ་ལས་ཁང་གཅིག+མཉམ་འབྲེལ་གྲོང་ཚོ་གཅིག་དང་མཉམ་ལས་ཁང་གཅིག+འབྲོག་ས+གྲོང་ཚོ་གཅིག་དང་མཉམ་ལས་ཁང་གཅིག+འབྲོག་པའི་དུད་ཁྱིམ”གྱི་གཉེར་སྐྱོང་རྣམ་པ་གྲུབ་ཟིན་ཞིང་། ལག་ཡོད་ཕྱུགས་ཟོག2000ཡོད་པ་དང་། ཕྱུགས་ལས་ཐོན་རྫས་ཀྱི་ཉིན་རེའི་ལས་སྣོན་གྱི་ནུས་པ་རྒྱ་མ2000ཡིན་ཞིང་། དེས་ས་གནས་དེ་གའི་མང་ཚོགས200ལྷག་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།

          མཉམ་ལས་ཁང་གི་མ་འོངས་པའི་ཐད་ནས་ས་གནས་དེ་གའི་ལས་བྱེད་པས་ཕྱོགས་མང་པོར་བསམ་གཞིགས་བཏང་སྟེ། ས་གནས་དེ་གའི་འབྲོག་པའི་དུད་ཁྱིམ་དང་མཉམ་འབྲེལ་དེ་བས་མང་པོ་བྱས་ནས་འོ་མ་བསྡུ་ཉོ་བྱས་པ་དང་། དུས་མཚུངས་སུ་ཚོང་ར་བཙལ་ནས་ཁེ་ལས་དང་འབྲེལ་མཐུད་བྱས་ཏེ་རྩྭ་ཐང་ནས་ཐོན་སྐྱེད་བྱུང་བའི་འོ་བཟོས་ཐོན་རྫས་ལ་ལས་སྣོན་ནན་མོ་བྱས་ཏེ། འབྲོག་པ་མང་ཚོགས་ལ་ཁེ་སྤོགས་དེ་བས་མང་བ་བགོ་བཤའ་རྒྱག་ཐུབ་པ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1