འབྲས་སྤུངས་ནས་གོས་སྐུ་བཤམས་ཤིང་ལྷ་སའི་ཞོ་སྟོན་འགོ་ཚུགས་པ།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-21


     ཀྲུང་གོ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་19ཉིན་ནི་བོད་ལྕགས་བྱི་ལོའི་ཟླ་6ཚེས་30ཉིན་ཡིན། བོད་ལྗོངས་ལྷ་སའི་འབྲས་སྤུངས་དགོན་དུ་དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་ཁྲི་ཕྲག་ཁ་ཤས་ཀྱིས་སྟོན་པའི་གོས་སྐུ་ཆེན་མོ་བཤམས་པར་མཇལ་བ་རེད། ལྷ་སའི་ཆེས་གཟབ་རྒྱས་ཀྱི་སྲོལ་རྒྱུན་དུས་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས་དུས་ཡུན་ཉིན་བདུན་གྱི་ཞོ་སྟོན་འགོ་ཚུགས་པ་རེད། 
     བཤད་རྒྱུན་ལྟར་ན། དབྱར་དུས་སུ་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོས་དབྱར་ཁས་བླངས་ནས་རང་སོ་སོའི་གྲྭ་ཤག་ཏུ་སྒྲུབ་སྦྱོང་བྱེད་པ་དང་། བོད་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་དབྱར་གནས་གྲོལ་རྒྱུ་ཡིན། ཉིན་དེར། དགེ་འདུན་པས་གོས་སྐུ་བཤམས་པ་དང་། དད་ལྡན་མང་ཚོགས་ཀྱིས་དགེ་འདུན་པར་ཞོ་འབུལ་བའི་སྲོལ་ཆགས་པས་ཞོ་སྟོན་ཟེར་བ་དེ་ལྟར་ཡོང་བ་རེད།
     ཉིན་དེའི་ཆུ་ཚོད་6པར། འབྲས་སྤུངས་དགོན་པའི་ཚོགས་ཆེན་འདུ་ཁང་དུ་ཆོས་དུང་གི་སྒྲ་གྲགས་ཤིང་བསང་གི་དུ་བ་མཁའ་ལ་འཕྱུར། ཞོགས་པའི་ཉི་གཞོན་གྱི་ཁྲོད་དུ་གྲྭ་པ་ཚོས་ཤིང་སྒམ་ཆེན་མོའི་སྒོ་20ལྷག་ཙམ་ཁ་ཕྱེ་ནས་རིང་ཚད་ལ་སྨི་40ཙམ་དང་ཞེང་ཚད་ལ་སྨི་37ཙམ་ཡོད་པའི་གོས་ཆེན་ལས་གྲུབ་པའི་སྟོན་པའི་ཞལ་ཐང་ཆེན་མོ་ཕྱི་ལ་བཏོན་གནང་བ་རེད། དགེ་འདུན་པའི་སེར་ཕྲེང་དང་དགོན་པའི་བླ་ཆེན་རྣམ་པའི་སྣེ་ཁྲིད་ལ་བརྟེན། ཀྱག་ཀྱོག་གི་སྐོར་ལམ་བརྒྱུད་དེ་དགེ་འཕེལ་དབུ་རྩེ་རི་བོར་གདན་དྲངས་པ་རེད། 
     ཆུ་ཚོད7དང་སྐར་མ30ཙམ་ལ་འཚང་ཁ་ཤིག་ཤིག་གི་མི་ཚོགས་ཀྱིས་ཐལ་མོ་སྙིང་ཁར་སྦྱར་ནས་གོས་སྐུ་ཆེན་མོ་དལ་གྱིས་ཞལ་ཕྱེས་པར་མཇལ་བ་རེད། བསང་གི་དུ་བ་ལྷོག་ལྷོག་ཏུ་འཕྱུར་ལ། དུང་སྒྲ་ཕྱོགས་བཞིར་གྲགས་པ་དང་། སེར་སྐྱ་ཚང་མས་གུས་ཕྱག་ཕུལ་ཞིང་ཁ་འདོན་བཏོན། མཇལ་བ་ཚང་མ་གོས་སྐུ་ཆེན་མོའི་མཆོད་སྟེགས་འོག་ནས་བརྒྱུད་པ་དང་མཇལ་དར་ཕུལ་ལ། དམངས་ཁྲོད་སྒྱུ་རྩལ་པས་དུས་མཚུངས་སུ་སྲོལ་རྒྱུན་གྱི་ལྷ་མོ་འཁྲབ་པ་རེད། 
     སང་ཉིང་ཞ་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་སྒྱུ་རྩལ་ཆེད་ལས་ཀྱི་བོད་རིགས་རོལ་དབྱངས་ཁ་ཕྱོགས་ཀྱི་འབུམ་རམས་པའི་སློབ་མ་ཞིག་རེད། ཁོ་མོས་སྒྲ་ཕབ་སྨྱུ་གུ་དང་། པར་ཆས། བརྙན་ལེན་ཆས་སོགས་ཀྱི་སྒྲིག་ཆས་སྤྱད་ནས་ཟིན་ཐོར་བཀོད་པ་རེད། “དུས་སྟོན་མཛད་སྒོའི་ཁྲོད་ཀྱི་ཆོས་འདོན་པའི་དབྱངས་དང་རོལ་མོའི་དབྱངས་ནི་བོད་བརྒྱུད་ནང་བསྟན་རོལ་དབྱངས་ཀྱི་གཞི་རྩའི་གྲུབ་ཆ་ཡིན་ཞིང་། སྲོལ་རྒྱུན་ལྷ་མོ་དང་མཉམ་དུ་ཞིབ་འཇུག་བྱེད་པའི་རིག་གཞུང་གི་རིན་ཐང་ལྡན་ཡོད”ཅེས་བརྗོད།
     རོལ་དབྱངས་རྩོམ་རིགས་དེ་རིགས་ཀྱི་རྣམ་པ་དང་ནང་དོན་སོགས་ཁོང་དུ་ཆུད་པ་བྱེད་ཆེད། སང་ཉིང་ཞ་ཉིན་གཅིག་གི་སྔོན་ནས་འབྲས་སྤུངས་དགོན་པར་ཡོང་བ་དང་ཁོང་གིས་ཕྱི་ཉིན་གོས་སྐུ་བཤམས་པའི་མཛད་སྒོར་ཞུགས་མཁན་དགེ་འདུན་པར་བཀའ་འདྲི་ཞུས་པ་རེད། “མིག་སྔར་ཁུངས་སྣེ་འགའ་ལེགས་སྒྲིག་བྱས་ཡོད། འབྲེལ་ཡོད་དགེ་འདུན་པ་ཁ་ཤས་ལའང་འབྲེལ་ལམ་བཙུགས་ཟིན་པས། རྗེས་སུ་ངས་ཞིབ་འཇུག་གི་དགོས་མཁོ་ལ་གཞིགས་ནས་ཁོང་རྣམ་པར་ཡང་བསྐྱར་འཚམས་འདྲི་ཞུ་བར་ཡོང་རྒྱུ་ཡིན”ཞེས་བརྗོད། 

     སང་ཉིང་ཞས་བོད་བརྒྱུད་ནང་བསྟན་གྱི་རོལ་དབྱངས་ལ་ཞིབ་འཇུག་བྱས་པ་བརྒྱུད་མོ་རང་གིས་ཞོ་སྟོན་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱང་ཤེས་རྟོགས་བྱུང་ཡོད་ཅེས་བཤད། ཁོ་མོས་བལྟས་ན་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་གི་རྒྱུད་འཛིན་བྱས་པ་བརྒྱུད། ཞོ་སྟོན་ལ་རྣམ་པ་དང་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྣན་ནས་ད་ཆ་ཆོས་ལུགས་བྱེད་སྒོ་དང་། རིག་རྩལ་མཉམ་འཁྲབ། ཚོང་ལས་འོས་སྦྱོར། ཡུལ་སྐོར་སྤྲོ་གསེང་བཅས་གཞི་གཅིག་ཏུ་འབྲེལ་བའི་ཕྱོགས་བསྡུས་རིག་གནས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་ཡོད་པ་རེད། “ས་གནས་རང་བཞིན་གྱི་ཆོས་ལུགས་དུས་ཆེན་ནས་རིམ་བཞིན་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་མི་རིགས་རིག་གནས་ཀྱི་སྤུས་རྟགས་ཤིག་ཏུ་གྱུར་ཡོད”ཅེས་བཤད།







http://tibet.people.com.cn/15821510.html  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1