ཟུང་ཆུ་རྫོང་གི་གཞུང་ལམ་བཅད་པས་ཐད་འཕུར་གནམ་གྲུས་ཛ་དྲག་ངང་ཚབས་ཆེའི་ནད་པ་པེ་ཁྲོན་སྨན་ཁང་དུ་གནས་སྤོ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-21


སྨན་དོན་མི་སྣ་དང་མི་དམངས་ཉེན་རྟོག་པས་མཉམ་དུ་ནད་པ་སྒོ་ཁྲིར་བཞག་ནས་དབོར་བ།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བ་མན་དབྱང་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་ཆུ་ཚོད་13དང་སྐར་མ་55ཡི་ཡས་མས་སུ། ནད་གཞི་ལྕི་པོ་ཕོག་པའི་ནད་པ་ཞིག་བླུགས་པའི་ཐད་འཕུར་གནམ་གྲུ་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་ཟུང་ཆུ་རྫོང་ནས་འཕུར་བ་དང་འབྲེལ་སི་ཁྲོན་ཞིང་ཆེན་མན་དབྱང་གྲོང་ཁྱེར་པེ་ཁྲོན་ཀུན་སྤྱོད་གནམ་ཐང་དུ་བདེ་བླག་ངང་བབས་པ་རེད། སྔ་པོ་ནས་འདིར་སྒུག་བཞིན་ཡོད་པའི་སྨན་དོན་མི་སྣ་དང་འགྲིམ་འགྲུལ་ཉེན་རྟོག་པས་ནད་པ་མྱུར་སྐྱོབ་རླངས་འཁོར་ནང་བླུགས་ནས་མགྱོགས་མྱུར་སྨན་ཁང་ཕྱོགས་སུ་བསྐྱོད་པ་རེད། ཟུང་ཆུ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་རུ་དཔོན་གྱིས་ནད་གཞི་ལྕི་པོ་ཕོག་པའི་ནད་པ་ཕུད་ཐད་འཕུར་གནམ་གྲུའི་ཐོག་ད་དུང་ནད་པ་གཉིས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8ཚེས་19ཉིན་གྱི་སྔ་དྲོར། རྔ་པ་ཁུལ་ཟུང་ཆུ་རྫོང་སྲིད་གཞུང་གིས་མན་དབྱང་གྲོང་ཁྱེར་པེ་ཁྲོན་རྫོང་སྲིད་གཞུང་ལ་གཞུང་ཡིག་ཅིག་བསྐུར་ནས“ང་ཚོའི་རྫོང་གི་ནད་གཞི་ལྕི་པོ་ཕོག་པའི་ནད་པ་ཞིག་དེ་ཉིན་སྔ་དྲོ་ཐད་འཕུར་གནམ་གྲུར་བསྡད་དེ་ཁྱེད་ཚོའི་རྫོང་གི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱེལ་རྒྱུ་ཡིན་པས། ཁྱེད་ཚོའི་རྫོང་གིས་ཐད་འཕུར་གནམ་གྲུ་འབབ་ས་དང་འབབ་སྐབས་ཀྱི་བདེ་སྲུང་ལས་དོན་མཐུན་སྦྱོར་ཐག་གཅོད་བྱེད་རོགས”ཞེས་བརྗོད་ཡོད།
     ཟུང་ཆུ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་རུ་དཔོན་གྱིས། ཉིན་ཤས་བསྟུད་མར་དྲག་ཆར་བབས་པས། ཟུང་ཆུ་རྫོང་པེ་དབྱང་ཤང་ལ་གནོད་འཚེ་ཚབས་ཆེན་ཕོག་ནས་རྫོང་གྲོང་དུ་སྐྱོད་སའི་གཞུང་ལམ་དེ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱིས་བཅད་ཡོད་པ་མ་ཟད། ཟམ་པ་མང་པོ་ཞིག་ཆུས་ཁྱེར་བ་དང་ཤང་ཡོངས་ཀྱིས་སྲུང་སྐར་ཁ་པར་ལ་བརྟེན་ནས་ཕྱི་རོལ་དང་འབྲེལ་བ་བྱེད་དགོས་ཀྱི་ཡོད་ཅེས་བརྗོད།
     རུ་དཔོན་དེས་“དེ་རིང་སྔ་དྲོ། པེ་དབྱང་ཤང་གི་ནད་པ་ཞིག་གི་ནད་གཞི་ལྕི་པོ་ཡོད་པས་གོང་རིམ་སྨན་ཁང་དུ་བསྒྱུར་ནས་སྨན་བཅོས་བྱེད་པར་བསྐྱོད་དགོས་ཀྱི་ཡོད། པེ་དབྱང་ཤང་ནས་ཕྱི་ཕྱོགས་སུ་སྐྱོད་སའི་འགྲོ་ལམ་ཆད་པའི་དབང་གིས་ང་ཚོས་ཐད་འཕུར་གནམ་གྲུར་བརྟེན་ནས་ནད་པ་ཐག་ཉེ་སའི་པེ་ཁྲོན་རྫོང་མི་དམངས་སྨན་ཁང་དུ་སྐྱེལ་རྩིས་བྱེད་ཀྱི་ཡོད་”ཅེས་དང་། ཐད་འཕུར་གནམ་གྲུ་ཧུང་ཡོན་ནས་ཟུང་ཆུ་བར་བསྐྱོད་དེ། ཟུང་ཆུ་རྫོང་ནས་སྟབས་བདེའི་ཐུག་པ་དང་། བག་ལེབ་སོགས་རོགས་སྐྱོབ་དངོས་རྫས་བླུགས་རྗེས་པེ་དབྱང་ཤང་དུ་འཕུར་རྒྱུ་དང་། དེ་རྗེས་ཐད་འཕུར་གནམ་གྲུས་ནད་པ་བླུགས་ཏེ་པེ་ཁྲོན་རྫོང་དུ་བསྐྱལ་རྒྱུ་རེད་ཅེས་བཤད།
     པེ་ཁྲོན་རྫོང་སྲིད་གཞུང་གིས་ཟུང་ཆུ་རྫོང་སྲིད་གཞུང་གི་གཞུང་ཡིག་འབྱོར་རྗེས། སྨན་བཅོས་དང་སྤྱི་བདེ་སོགས་སྡེ་ཚན་དང་ཛ་དྲག་ངང་མཐུན་སྦྱོར་བྱས་ནས་འབྲེལ་ཡོད་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་རེད།
     པེ་ཁྲོན་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཞུས་ལི་ཡིས། པེ་ཁྲོན་རྫོང་སྲིད་གཞུང་གི་བརྡ་ཐོ་འབྱོར་མ་ཐག་གཅིན་དུག་ཕོག་ནས་མཁལ་མའི་ནུས་པ་ཉམས་པའི་ནད་པ་ཞིག་ཡིན་པ་དང་མགྱོགས་མྱུར་ཟུངས་ཁྲག་བསིང་བཅོས་བྱེད་དགོས་པ་ཤེས་རྟོགས་བྱུང་ཞེས་ངོ་སྤྲོད་བྱས་པ་དང་། ཞུས་ལི་ཡིས“ང་ཚོས་འཕྲལ་མར་འབྲེལ་ཡོད་ཆེད་ལས་མི་སྣ་10ལྷག་ཙམ་དང་མྱུར་སྐྱོབ་སྒྲིག་ཆས་བཀོད་སྒྲིག་བྱས་པ་དང་འབྲེལ། སྨན་ཁང་གི་ལན་ཆིའུ་སྤོ་ལོའི་ཐང་དེ་གཙང་བཤེར་བྱས་ནས་ཐད་འཕུར་གནམ་གྲུའི་བབས་ཐང་བྱས་པ་ཡིན། དེ་རྗེས་བདེ་འཇགས་ཀྱི་རྒྱུ་རྐྱེན་ལ་བསམ་བློ་བཏང་ནས། སྲིད་གཞུང་གིས་ཐད་འཕུར་གནམ་གྲུའི་འབབ་ཐང་དེ་པེ་ཁྲོན་ཀུན་སྤྱོད་གནམ་ཐང་འདེམས་རྒྱུའི་ཐག་བཅད་པ་རེད་ཅེས་བརྗོད།
     ཉིན་དེའི་ཆུ་ཚོད་13ཙམ་ལ། གསར་འགོད་པ་པེ་ཁྲོན་ཀུན་སྤྱོད་གནམ་ཐང་དུ་འབྱོར་སྐབས་སྨན་དོན་མི་སྣ་དང་འགྲིམ་འགྲུལ་ཉེན་རྟོག་པ་སོགས་དེ་གར་སྒུག་ནས་བསྡད་ཡོད།
     ཡུལ་དངོས་སུ་ཡོད་པའི་པེ་ཁྲོན་རྫོང་ཨུད་ཀྱི་རྒྱུན་ཨུ། པེ་ཁྲོན་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་རེན་ཝུན་ཀྲི་ཡིས་གསར་འགོད་པར། ཟུང་ཆུ་རྫོང་གི་གཞུང་ཡིག་འབྱོར་རྗེས། པེ་ཁྲོན་གྱིས་འཕྲལ་མར་སི་ཁྲོན་ཞིང་ཆེན་གྱི་དམའ་དབྱིངས་གཞུང་དོན་ཁང་དང་འབྲེལ་མཐུད་བྱས་ཏེ་པེ་ཁྲོན་གྱི་ཁྲོན་མཐུན་ཨང་4པའི་མཁའ་ཁོངས་ཀྱི་འཕུར་སྐྱོད་འཕྲུལ་ཆས་ཚང་མ་ལས་མཚམས་བཞག་ནས། མཁའ་ཁོངས་སྟོང་པ་བཟོས་ཏེ་རོགས་སྐྱོབ་ཐད་འཕུར་གནམ་གྲུ་ཡོང་རྒྱུ་སྒུག་ཡོད་ཅེས་བཤད།
     ཆུ་ཚོད་13དང་སྐར་མ་55ཡས་མས་སུ། བར་སྣང་ནས་ཐད་འཕུར་གནམ་གྲུའི་སྒྲ་གྲགས་པ་དང་། ཐད་འཕུར་གནམ་གྲུ་ཞིག་པེ་ཁྲོན་ཀུན་སྤྱོད་གནམ་ཐང་གི་བར་སྣང་དུ་འབྱོར་བ་རེད། དེ་རྗེས་ཐད་འཕུར་གནམ་གྲུ་དལ་གྱིས་བབས་པ་དང་། སྨན་དོན་མི་སྣས་སྒོ་ཁྲི་ཁྱེར་ནས་ཐད་འཕུར་གནམ་གྲུའི་སྒོ་ཁར་ཕྱིན་ཏེ་མཉམ་དུ་ནད་པ་སྒོ་ཁྲིའི་ཐོག་བཞག་ནས་དེར་ཡོད་པའི་མྱུར་སྐྱོབ་རླངས་འཁོར་ཐོག་བསྐྱལ་བ་དང་འབྲེལ། ཉེན་རྟོག་རླངས་འཁོར་གྱིས་ལམ་སྣེ་ཁྲིད་པ་བརྒྱུད་ཛ་དྲག་ངང་སྨན་ཁང་དུ་བསྐྱལ་བ་རེད།
     ཟུང་ཆུ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་རུ་དཔོན་གྱིས“ང་ཚོས་ཟུང་ཆུ་ནས་ཐོན་ཏེ། སྐར་མ་40འཕུར་སྐྱོད་བྱས་རྗེས་པེ་དབྱང་ཤང་དུ་འབྱོར་ནས་ནད་པ་3བསུས་ཏེ། སླར་ཡང་སྐར་མ་10ལྷག་ཙམ་འཕུར་སྐྱོད་བྱས་ནས་པེ་ཁྲོན་ཀུན་སྤྱོད་གནམ་ཐང་དུ་འབྱོར་བྱུང”ཞེས་དང་། ཐད་འཕུར་གནམ་གྲུ་སླར་ཡང་པེ་དབྱང་ཤང་དུ་ཕྱིར་ལོག་བྱས་ནས་སྦྲུམ་མ་ཞིག་པེ་ཁྲོན་སྨན་ཁང་དུ་བསྐྱལ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
སྨན་དོན་མི་སྣ་དང་མི་དམངས་ཉེན་རྟོག་པས་མཉམ་དུ་ནད་པ་སྒོ་ཁྲིར་བཞག་ནས་དབོར་བ།

ཐད་འཕུར་གནམ་གྲུ་པེ་ཁྲོན་ཀུན་སྤྱོད་གནམ་ཐང་དུ་བབས་པ།

http://tibet.people.com.cn/15821509.html 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1