ངོ་མཚར་ཆེ་བའི་ཚན་ཞིབ་རྟོག་ཞིབ་དཔའ་མོ་ཁྱུང་རྫོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-21


    2002ལོའི་ཟླ་4ཚེས་30ཉིན། “བོད་བྱང་ཐང་མཐོ་སྒང་གི་མི་མེད་ལུང་སྟོང་གི་རྟོག་ཞིབ་ཚོགས་པ”བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་པོ་ཏ་ལའི་ཐང་ཆེན་ནས་སླར་ཡང་བོད་བྱང་ཐང་གི་མི་མེད་ལུང་སྟོང་དུ་སྐྱོད་ནས་མུ་མཐུད་2001ལོར་མཇུག་སྒྲིལ་མེད་པའི་ཚན་ཞིབ་ལས་དོན་ལེགས་འགྲུབ་བྱེད་པར་བསྐྱོད་པ་རེད། 
ཚན་ཞིབ་ཚོགས་པ་མཚོ་གཉིས་རྫོང་གི་བྱང་ནས་བསྐྱོད་པའི་ཉིན་6པར་དཔའ་མོ་ཁྱུང་རྫོང་དུ་སླེབས།
    དཔའ་མོ་ཁྱུང་རྫོང་ནི་མཚོ་གཉིས་རྫོང་ནས་སྤྱི་ལེ་400གི་བར་ཐག་ཡོད་ཅིང་། རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་4870ཡོད། དེ་ལ་“རི་སྐྱེས་སྲོག་ཆགས་ཀྱི་ངལ་གསོའི་གནས”ཞེས་འབོད་ཀྱི་ཡོད། རི་སྐྱེས་སྲོག་ཆགས་མང་པོ་སྟེ། ལྷག་པར་དུ་འབྲོང་གིས་རང་ཉིད་རྒས་པ་ཤེས་རྗེས། གནས་འདིར་ཡོང་ནས་འཚོ་གི་ཡོད་པ་རེད།
   དཔའ་མོ་ཁྱུང་རྫོང་ལ་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། དཔའ་མོ་ཁྱུང་རྫོང་གི་ལྷོ་ངོས་ཀྱི་རྡོ་ཚལ་ཡང་ངོ་མཚར་ཆེ་བ་ཞིག་ཡོད། གནས་དེའི་རི་འགོ་དང་རི་འདབས་ཚང་མར་བྲག་རྡོ་ཆེན་པོ་ཡོད་ཅིང་། ས་གཞི་ཕལ་ཆེར་རྡོ་ལེབ་མཐུག་པོས་བཀབ་པ་དང་མཚུངས། ཉེ་འཁོར་གྱི་འབྲོག་པས་དེ་ལ་རྡོའི་མཚོ་ཞེས་འབོད་ཀྱི་ཡོད། རྡོའི་མཚོའི་ནང་ད་དུང་རྡོའི་ཀ་བ་འདྲ་བ་ནག་པོ་མང་པོ་ཡོད། 
   འོ་ན། འདི་འདྲའི་ངོ་མཚར་ནི་ཇི་ལྟར་གྲུབ་པ་རེད་དམ་ཟེར་ན། ས་གཤིས་རིག་པའི་མཁས་དབང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ངོ་ཁྲི་ཉིས་བརྒྱ་སུམ་བརྒྱ་ཡི་སྔོན་དུ། དེར་མེ་རི་བྱ་འགུལ་ཧ་ཅང་འཁྲུག་པོ་ཡོད་པ་རེད། མེ་རི་དང་ས་ཤུན་གས་སྲུབས་ལས་འཕྱུར་བའི་བྲག་ཞུན་འབོར་ཆེན་ས་ངོས་སུ་འཕྱུར་བ་དང་བཞུར་ནས། ས་གཞི་ཁེབས་པ་རེད། ལོ་རབས་མང་པོ་ཕྱིན་རྗེས་ད་ཆའི་རྡོའི་རྒྱ་མཚོ་ཆགས་པ་དང་། རྡོ་མཚོའི་ནང་གི་ཞོན་ཝུའུ་བྲག་ཞུན་ཆེན་པོ་ནི་དུས་ཡུན་རིང་པོའི་འཁྱགས་གས་དང་། རླུང་ཟད་བཅས་བརྒྱུད། རིམ་བཞིན་ཁ་ཐོར་ཡ་བྲལ་དུ་གྱུར་ཏེ་རྗེས་སུ་རྣམ་པ་མི་འདྲ་བའི་རྡོ་ཚལ་གྱི་ངོ་མཚར་ཞིག་ཏུ་གྱུར་ཡོད་པ་རེད།
    སྤྱིར་བཏང་དུ། མེ་རི་ནི་རང་དགར་འཕྱུར་མི་སྲིད། རང་རྒྱལ་ཤར་རྒྱུད་དུ་ཞི་བདེ་རྒྱ་མཚོའི་བྲག་ལེབ་ནུབ་ཕྱོགས་སུ་འབབ་པའི་ནུས་པའི་ཤུགས་རྐྱེན་དང་། ལྷོ་ནུབ་ཕྱོགས་སུ་ཧུན་རྡུ་རྒྱ་མཚོའི་བྲག་ལེབ་བྱང་ཕྱོགས་སུ་འབབ་པའི་ནུས་པའི་ཤུགས་རྐྱེན་ཐེབས་པས། རང་རྒྱལ་གྱི་ཤར་ཕྱོགས་དང་མཚོ་བོད་མཐོ་སྒང་ཉེ་འཁོར་ས་ཁུལ་དུ་མེ་རི་དང་མེ་རིའི་བྲག་རྡོ་མང་པོ་ཡོད་པ་རེད། ཡིན་ནའང་། རང་རྒྱལ་དུ་མེ་རི་གསོན་པོ་ཉུང་ཉུང་ཡིན།  
   དཔའ་མོ་ཁྱུང་རྫོང་གི་མེ་རིའི་གནའ་ཤུལ་གསར་རྙེད་བྱུང་བ་དེས། བོད་བྱང་ཐང་གི་མི་མེད་ལུང་སྟོང་ཚུད་པའི་མཚོ་བོད་མཐོ་སྒང་དུ་དེ་སྔ་དུས་རབས་ཨང་བཞི་པའི་དུས་མགོར་གྲུབ་ཚུལ་བྱ་འགུལ་དྲག་པོ་བྱུང་བའི་དཔང་རྟགས་ཁུངས་བཙན་མཁོ་འདོན་བྱས་ཡོད་པ་རེད།
   གཞན་ཡང་། དཔའ་མོ་ཁྱུང་རྫོང་ནི་མེ་རི་བྲག་རྡོའི་གྲུབ་སྟངས་རང་ཚུགས་སུ་གནས་པའི་རི་ཚོགས་ཆུང་འབྲིང་ལས་གྲུབ་པ་ཞིག་རེད། རྟོག་ཞིབ་མི་སྣས་སྨི་གྲུ་བཞི་མ་1000ཡས་མས་ཀྱི་ས་ཆ་ནས། ཁྱོན་རྡོ་ལེབ་དང་རྡོ་ཆས་ཀྱི་ཁྱད་ཆོས་གཙོ་བོ་བྱེད་པའི་རྡོ་ཆས་100ལྷག་འཚོལ་བསྡུ་བྱས་པས། རྡོ་ཆས་དེ་ཚོ་མང་ཤོས་ནི་སྐྱ་མདོག་དང་མདོག་ནག་པོའི་རྡོ་ལེབ་ལས་བཟོས་པ་ཞིག་རེད། དུས་མཚུངས་སུ། ད་དུང་ས་གནས་དེ་ནས་ས་བཟུང་རྒྱ་ཁྱོན་སྨི་གྲུ་བཞི་མ་400ཡས་མས་ཀྱི་གནའ་བོའི་རྡོ་ཕུང་དུར་ཁྲོད་རྙེད་ཡོད།
    དཔའ་མོ་ཁྱུང་རྫོང་ནི་ཚན་ཞིབ་ཚོགས་པས་བོད་བྱང་ཐང་གི་མི་མེད་ལོང་སྟོང་ནས་གསར་དུ་རྙེད་པའི་རྡོ་ལེབ་དང་རྡོ་ཆས་གྲངས་འབོར་ཆེས་མང་ཞིང་། ཁྱབ་ཚུལ་གྱི་གནས་ཆེས་བྱང་ངོས་ཡིན་པའི་ས་ཆ་ཞིག་རེད།
    གནའ་རྫས་རྟོག་ཞིབ་མཁས་དབང་གིས་འཚོལ་བསྡུ་བྱས་པའི་རྡོ་ཆས་ཀྱི་ཁྱད་ཆོས་ལ་གཞིགས་པ་དང་། དེ་བཞིན་དུ་ད་དུང་དེ་ཚོ་དང་རྫ་ཆས་མཉམ་དུ་ཐོན་པའི་སྐོར་གསར་རྙེད་བྱུང་མེད་པའི་གནས་ཚུལ་འོག་བརྡ་ཤ་བཅད་ན། དེ་ཚོ་ནི་རྡོ་ཆས་དུས་རབས་དབུས་མའམ་རྡོ་ཆས་དུས་རབས་གསར་མའི་དུས་འགོའི་གནའ་བོའི་མིའི་རིགས་ཀྱི་རིག་གནས་རྗེས་ཤུལ་ལ་གཏོགས་པ་ཞིག་རེད། དེ་ནི་ད་ལྟའི་བར་དུ་ལོ་7500ཡི་བར་ཐག་ཡོད།
    གསར་རྙེད་བྱུང་བའི་རྡོ་ཆས་ཕྲ་མོའི་ས་གནས་ལས་བལྟས་ན། དེ་ཚོ་ནི་མཚོ་འགྲམ་དུ་གནས་པ་མ་ཡིན་ན། ཉེ་འཁོར་དུ་ཏན་ཏན་ཆུ་མིག་ཡོད། རྒྱུ་མཚན་ནི་མཚོ་འགྲམ་དུ་སྤྱི་ན་རྩྭ་ཁ་རྒྱས་པས་རི་དྭགས་གཅན་གཟན་འཚོ་གནས་ལ་ཕན་པ་དང་། གནའ་བོའི་མིའི་རིགས་ཀྱིས་ཕྱུགས་འཚོ་བར་སྟབས་བདེ་བསྐྲུན་ཡོད། ད་དུང་ཆུ་མིག་གིས་མི་དང་ཕྱུགས་ཟོག་གི་འཐུང་ཆུའི་གནོད་དོན་ཐག་གཅོད་བྱས་ཡོད། དེར་བརྟེན། འདི་འདྲའི་ཁོར་ཡུག་གིས་གནའ་བོའི་མིའི་རིགས་འཚོ་སྡོད་དང་། རི་དྭགས་རྒྱག་པ། ཕྱུགས་འཚོ་བ་སོགས་ཀྱི་བྱེད་སྒོར་ཕན་པ་ཐོན་ཡོད།  
    བོད་བྱང་ཐང་གི་མི་མེད་ལུང་སྟོང་ས་ཁུལ་ནས་རྡོ་ལེབ་དང་རྡོ་ཆས་གསར་རྙེད་བྱུང་བ་དེས། བོད་བྱང་ཐང་མཐོ་སྒང་གི་གནའ་བོའི་ས་ཁམས་ཁོར་ཡུག་གི་འགྱུར་ལྡོག་གི་ལོ་རྒྱུས་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    ཚོད་རྩིས་བྱས་པར་གཞིགས་ན། ལོ་ངོ་3000ཙམ་གྱི་སྔོན་ནས་བཟུང་། དུས་མཇུག་གི་དུས་རབས་གསར་བའི་འཁྱགས་རོམ་གྱི་དུས་སྐབས་གསར་པ་ཐོན་པ་དང་། དུས་སྐབས་བར་མའི་སྐབས་གསར་བའི་གནམ་གཤིས་ཆེས་འཚམ་པའི་དུས་སྐབས་མཇུག་རྫོགས་པས་དྲོད་ཚད་ཇེ་དམའ་རུ་སོང་ཞིང་། གནམ་གཤིས་སྐམ་ཤས་ཆེ་བས་མཚེའུ་མང་པོ་ཆུང་དུ་ཕྱིན་པ་དང་མཚོ་ཆུ་ཡང་ཉུང་དུ་ཕྱིན་ནས་དེ་སྔའི་ཚྭ་མེད་མཚེའུ་དེ་ཚྭ་ལྡན་མཚེའུ་ལ་གྱུར་བ་རེད། 





http://tibet.people.com.cn/15821566.html   



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1