དཀར་མཛེས་རྫོང་གེ་སར་རིག་གནས་ཐང་ཆེན་དུ་གླུ་གར་གྱི་སྟོན་མོ་བཤམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-21



         སྤྱི་ཟླ8པའི་ཚེས19ཉིན། དཀར་མཛེས་རྫོང་གིས་ལོ་ངོ་བདུན་ཅུའི་རིང་གི་མཛེས་སྡུག་ལྡན་པའི་དཀར་མཛེས་ཀྱི་ཕུགས་འདུན་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ཞིང་། རྫོང་སྐལ་བཟང་མེ་ཏོག་དཀར་མཛེས་སྒྱུ་རྩལ་ཚོགས་པ་དང་དམངས་ཁྲོད་འཁྲབ་སྟོན་རུ་ཁག་གིས་དཀར་མཛེས་རྫོང་གེ་སར་རིག་གནས་ཐང་ཆེན་དུ་ངོ་མཚར་ཆེ་བའི་གླུ་གར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་དང་། རྫོང་དེའི་ལས་བྱེད་མང་ཚོགས་དང་ལས་རིགས་ཁག་གི་མི་སྣ་ཁྲི་ལ་ཉེ་བས་འཁྲབ་སྟོན་ལ་ལྟད་མོར་ཞུགས་པ་རེད།

         ངོ་མཚར་འབུམ་གྱིས་ཕྱུག་པའི་གླུ་གར་འཁྲབ་སྟོན་དང་མཛེས་སྡུག་རྣམ་པར་བཀྲ་བའི་གེ་སར་རྒྱལ་པོའི་མཁར་གྲོང་སོགས་ཀྱིས་ཕྱོགས་བཞི་ནས་ཡོང་བའི་སྐུ་མགྲོན་རྣམས་ཀྱི་ཡིད་དབང་འཕྲོག་པར་བྱས་ཤིང་།“དཀར་མཛེས་རྫོང་དུ་ཡོང་ཐེངས་དང་པོ་ཡིན། དེ་རིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་དང་། ཐུན་མིན་གྱི་བཟོ་སྐྲུན་ལས་གཟི་ཉམས་ལྡན་པའི་གེ་སར་རྒྱལ་པོའི་མཁར་གྲོང་སོགས་ཀྱི་མཇལ་སྐལ་ཐོབ་པས་སེམས་ཁམས་ཀྱང་ལྷོད་ལ་བབ་ཅིང་། སྤྲོ་སྐྱིད་ཀྱི་རྣམ་པ་ཞིག་གིས་ཁེངས་སོང”ཞེས་ཀོང་ཀྲོའུ་ནས་ཡོང་བའི་ཡུལ་སྐོར་བ་ལིའུ་ལགས་ཀྱིས་དེ་ལྟར་བཤད།

         དཀར་མཛེས་གྲོང་རྡལ་གྱི་གྲོང་མི་ཡེ་ཤེས་ལྷ་མོས“དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ༧༠འཁོར་བའི་དུས་ཚོད་སླེབས་ལ་ཉེ་བས། ང་ཚོ་གྲོང་མི་ཚོས་རང་རང་གི་བྱ་སྤྱོད་ཀྱིས་ཕ་ཡུལ་ལ་ལེགས་སྐྱེས་ཤིག་འབུལ་ཕྱིར་དང་། ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། ཕ་ཡུལ་ལ་དགའ་བ་བཅས་ཀྱི་བརྩེ་དུང་མཚོན་པ་ཡིན། དེ་ཡང་ཕ་ཡུལ་སྔར་ལས་དར་ཞིང་རྒྱས་པ་དང་མི་དམངས་ཀྱི་འཚོ་བ་ཇེ་དགའ་ཇེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་ཞེས་བཤད།

         ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་གིས་ཕ་ཡུལ་གྱི་རིག་གནས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱ་ཆེད་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རང་བདག་ངང་རིག་གནས་བྱེད་སྒོར་ཞུགས་པའི་ཧུར་སེམས་སྐུལ་སློང་བྱས་ཏེ། རང་རྩོམ་རང་འཁྲབ་དང་།  གྲོན་དངུལ་རང་གྲབས། ཡུལ་ཤོག་དང་གྲོང་རྡལ་གྱི་གཞོགས་འདེགས། རྫོང་རིམ་པའི་མཛུབ་སྟོན་བཅས་ཀྱི་རྩ་དོན་ལྟར་གྲོང་ཚོ་ཁག་ཏུ་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་རྒྱུར་སྐུལ་མ་བཏང་བ་དང་། མིང་འདོགས་པ་དང་བྱང་བུ་སྤྲོད་པ། རོགས་དངུལ་ངེས་ཅན་ཞིག་སྤྲད་དེ་གྲོང་གསེབ་ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག་ཅིག་ཆར་རྗེས་མྱུ་གུ་བཞིན་ཐོན་པར་བྱས་ཡོད།

         ད་ལྟ། རྫོང་དེས་མི2000ལྷག་ཙམ་ལས་གྲུབ་པའི་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག223བཙུགས་པ་དང་།  གྲོང་ཚོ་རེ་རེར་རིག་གནས་བྱེད་སྒོ་སྤེལ་ས་གཅིག་དང་། རིག་རྩལ་འཁྲབ་སྟོན་རུ་ཁག་གཅིག ཟླ་རེར་བྱེད་སྒོ་གཅིག་བཅས་ཀྱི“གཅིག་ཅན་གསུམ”གྱི་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ཡོད་པས། གྲོང་ཚོ་ཚང་མར་རང་ཉིད་ཀྱི་འཁྲབ་སྟོན་དཔུང་ཁག་རེ་ཡོད་དོ།།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1