ས་སྐྱ་པཎ་ཆེན་གྱིས་བརྩམས་པའི་ལེགས་བཤད་འཕྲུལ་གྱི་དྲྭ་བ་ཞེས་པའི་སློབ་ཚན་འདི་ནི་ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི་མཐོ་རིམ་སློབ་འབྲིང་གི་སྐད་ཡིག་སློབ་ཁྲིད་བྱེད་གཞི་དེབ་གཉིས་པའི་སྟེང་བཀོད་ཡོད། བསྟན་བཅོས་འདི་ནི་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་དང་། རྗོད་བྱེད་ཀྱི་ཚིག་ཀྱང་ཇི་བཞིན་རྟོགས་དཀའ་བས་ད་ལྟའི་མཐོ་འབྲིང་གི་དགེ་སློབ་ཕལ་ཆེ་བའི་བློ་ཚོད་ལས་འདས་ཤིང་རྟོགས་དཀའ་བར་སྣང་བས་ན་འདིར་ལྷ་དགའི་གཏམ་བཞིན་རང་ནུས་ཀྱིས་ཚིག་འགྲེལ་བྱས་ཡོད། དེ་ཡང་ཐོས་བསམ་སྒོམ་པའི་བྱ་བས་ཉིན་མཚན་གྱི་དུས་འདའ་ཞིང་། མཁས་བཙུན་བཟང་པོའི་ཡོན་ཏན་གྱི་ཁུར་གྱིས་ལྕི་བའི་དགེ་རྒན་དང་། རང་གི་གཏན་འདུན་ཡལ་བར་མི་འདོར་བའི་གོ་ཆའི་བརྩོན་འགྲུས་ལ་གཞི་བཅོལ་བའི་སློབ་མ་སྟེ་དགེ་སློབ་འགའ་ཞིག་གི་ཆེད་དུ་ནག་འགྲོས་ཀྱིས་ཚིག་འགྲེལ་ས་པཎ་དགོངས་རྒྱན་ཞེས་པ་ཞིག་བྲིས་པ་ལས། འདི་ཉིད་རྣམ་དཔྱོད་ཅན་དག་གིས་གཟིགས་ན་སེང་གེའི་གཡུ་རལ་ལ་སྤྲེའུས་ལག་རྩེད་བྱེད་པ་ལས་མ་འདས་པར་བཞད་མོའི་གནས་སུ་འདུག་ཀྱང་ཀུན་སློང་ཡར་ལྡན་གྱི་ངོས་ནས་སློབ་མའི་རྒྱུད་ཆུད་མི་ཟ་བའི་ཕྱིར་དང་། ལྷག་བསམ་གྱི་སྐུལ་འདེབས་བཏང་སྙོམས་སུ་མ་བཞག་པའི་རྟགས་ཙམ་དུ་བྲིས་པ་ཡིན་པས་དགོངས་འགལ་མེད་པར་ཞུ།
དང་པོ། ཐོག་མར་དགེ་བ་ཀླད་ཀྱི་དོན།
བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
ཞེས་པ་ནི། བཞི་བཅོམ་དྲུག་ལྡན་མཐའ་ལས་འདས་ཤིང་། བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་ཚུལ་མཐའ་དག་ལག་མཐིལ་གྱི་རི་མོ་ལྟར་མངོན་སུམ་དུ་མཁྱེན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བ་ཡིན་ནོ། །ཞེས་པའོ། །
ཐམས་ཅད་མཁྱེན་པས་བདག་རྒྱུད་བྱིན་གྱིས་བརླབ་པ་ཡི།། བློ་གྲོས་བློ་ཆེ་བློ་ལྡན་བློ་ཡི་མཆོག་གྱུར་པ། །ཚད་མེད་བློ་ཡངས་འཕགས་པའི་ཚོགས་ལ་གུས་བཏུད་དེ། །ཞེས་པ་ནི། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་སུ་མཐོང་བའི་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ཐུགས་བརྩེ་བ་ཆེན་པོས་བདག་དཔལ་ལྡན་དོན་གྲུབ་བམ་དཔལ་ཆེན་དོན་གྲུབ་ཀྱི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབས་པ་ཡི་ཐུགས་རྗེ་ཅན་དེ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ཀྱི་བློ་རྒྱ་ཆུ་གཏེར་བཞིན་དུ་ཆེ་རུ་གྱུར་ཅིང་། རིག་པའི་གནས་ལྔ་ལ་མཁས་པའི་བློ་གྲོས་དང་ལྡན་པ། མདོ་རྒྱུད་ཀྱི་དགོངས་དོན་མ་ནོར་བར་རྟོགས་པས་བློ་ཡི་མཆོག་ཏུ་གྱུར་པ། ཚེ་འདི་སྣང་གི་ཞེན་པ་བཅད་དེ་གདུལ་བྱ་ཐར་ལམ་ལ་དཀྲི་བའི་ཚད་མེད་བློ་ཡངས་ས་ཐོབ་འཕགས་པའི་གང་ཟག་གི་ཚོགས་ལའང་སྒོ་གསུམ་གུས་པས་རབ་ཏུ་བཏུད་པ་སྟེ་ཕྱག་འཚལ་བ་ཡིན་ལ། དེ་ཞེས་པ་ལྷག་བཅས་ཀྱི་ཕྲད་ཡིན།
འདི་ཕྱི་རྣམས་སུ་ལྷ་མིའི་བདེ་བ་འབྱུང་བའི་རྒྱུ། །ཀུན་ལ་ཕན་པའི་གཏམ་འདི་ནི། །འཇམ་དབྱངས་བཙུན་པས་འགྲོ་ལ་བཤད། །ཅེས་པ་སྟེ། ཚེ་འདི་དང་སྐྱེ་བ་ཕྱི་མ་རྣམས་སུ་ཡང་མངོན་མཐོ་ལྷ་དང་མིའི་གོ་འཕང་ངམ་བདེ་བ་འབྱུང་བའི་རྒྱུར་གྱུར་པ། རང་ཕྱོགས་ཀྱི་ཡུལ་སྲོལ་དང་མཐུན་པ། བསྟོད་དགོས་དང་སྨད་དགོས་མ་ནོར་བ། དགོས་དོན་གྱི་ས་བཅད་མ་ཤོར་པ། སྔ་ཚིག་དང་ཕྱི་ཚིག་མི་འགལ་བར་རང་གཞན་སེམས་ཅན་ཀུན་ལ་འཕྲལ་ཕུགས་གཉིས་སུ་ཕན་པའི་གཏམ་འདི་ནི། གངས་ལྗོངས་འཇམ་དབྱངས་རྣམ་གསུམ་དུ་གྲགས་པ་དང་། ས་སྐྱ་དམར་པོ་རྣམ་གཉིས་སུ་གྲགས་པའི་ཡ་གྱལ། རྗེ་བཙུན་འཇམ་པའི་དབྱངས་ངུར་སྨྲིག་དགེ་སློང་གི་གར་གྱི་རྣམ་པར་རོལ་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་འགྲོ་བ་བོད་མིའི་སྐྱེ་བ་ཅན་ལ་བཤད་རྩིས་ཡིན་ཅེས་རྩོམ་པར་དམ་བཅས་པ་ཡིན་ནོ། །
གཉིས་པ། བར་དུ་དགེ་བ་གཞུང་གི་དོན།
ཀྱེ་མ། ས་སྐྱ་པཎ་ཆེན་སྐུ་འཚོ་བཞུགས་ཀྱི་དུས་སུ་བོད་ཀྱི་སྤྱི་ཚོགས་སུ་ཡི་མུག་པའི་སྲོལ་ངན་རབ་དང་རིམ་པ་མང་པོ་ཞིག་དར་བཞིན་པའི་ཚུལ་ལ་ཐུགས་སྐྱོ་བའི་ངང་ནས་འདིར་ཀྱེ་མ་ཞེས་སྨྲེ་སྔགས་སམ་མྱ་ངན་གྱི་ཚིག་སྨྲས་པ་ཡིན། གནའ་དུས་བཟང་པོ་ནུབ། གནའ་དུས་བཟང་པོ་ཞེས་པས་སྤྱིར་འཛམ་གླིང་དང་སྒོས་བོད་ཡུལ་གང་ཡིན་ཀྱང་དགེ་བ་བཅུའམ་ཕུན་ཚོགས་སྡེ་བཞི་ངང་ངམ་ཤུགས་ཀྱིས་ཚང་བའི་བསྐལ་བ་རྫོགས་ལྡན་གྱི་དུས་བཟང་པོ་སྟེ་དེ་ནི་ད་ལྟ་ནུབ་པའམ་ཡལ། ད་དུས་ངན་པ་ཤར། ད་དུས་ངན་པ་ནི་སྙིགས་མ་ལྔ་བདོ་བའི་དུས་སམ་བསྐལ་བ་རྩོད་ལྡན་གྱི་དུས་ནི་མི་མཁོ་བཞིན་དུ་ཤར་བ་སྟེ་སླེབས། གནའ་མི་མཁས་པ་འདས། གནའ་མི་མཁས་པ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་། གྲུབ་ཆེན་བརྒྱད་ཅུ་སོགས་དང་། བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། མཁན་སློབ་ཆོས་གསུམ། ཇོ་འབྲོམ་ཡབ་སྲས། མར་མི་དྭགས་གསུམ། ས་སྐྱ་གངོ་མ་སྔནོ་མ་རྣམས་སོགས་ད་ལྟའི་དུས་ན་གདུལ་བྱའི་མགོན་དུ་མི་བཞུགས་པར་སྐུ་མྱ་ངན་ལས་འདས། ད་ནི་བླུན་པོ་སྐྱེས། ད་ལྟའི་དུས་འདིར་གདུགས་ཞབས་ཀྱི་བླ་མ་དང་། ཆོས་གོས་གསུམ་གྱིས་བརྒྱན་པའི་རབ་བྱུང་བ། སྲིད་ཁྲིམས་སྐྱོང་བའི་ཁྲི་བཞུགས་ཀྱི་དཔོན་པོ། ཆོས་སྲིད་ངེས་མེད་ཀྱི་སྐྱེ་པོ་སྟེ་མདོར་ན་བླ་དཔོན་འབངས་གསུམ་སུ་དང་གང་ཡིན་ཀྱང་ལས་དང་བྱ་བ་གང་བྱས་མཐའ་དག་ཆོས་མ་ཡིན་པ་དང་། ལས་འབྲས་དང་འགལ་བ། བཅས་ཁྲིམས་དང་འགལ་བ། རྒྱུ་ནོར་ལ་ཧབ་ཤ་དང་སྲེད་པ་ཇེ་ཆེ། རང་རྒྱལ་འདོད་དང་གཞན་ཕམ་འདོད་ཀྱི་བློ་ཅན། བླང་དོར་དང་ལེགས་ཉེས་ཀྱི་རྣམ་བཞག་ལ་མགོ་འཐོམས་པའི་བླུན་པོ་མ་རུངས་པ་མང་པོས་ད་ལྟ་ས་སྟེང་ཐམས་ཅད་བཀང་ནས་ཡོད། ལྷ་ཆོས་དར་གྱི་མདུད་པ་གྲོལ། ལྷ་ཆོས་ཀྱི་ལོ་རྒྱུས་ཞིབ་པས་ཆོས་དང་ཆོས་མིན་གྱི་དབྱེ་འབྱེད་ལ་མཁས། ཞེས་པ་ལྟར་ཡུལ་ཁམས་བདེ་སྐྱིད་འབྱུང་བའི་གཞི་རྩ་ལྷ་ཆོས་དགེ་བ་བཅུ་ནི་འཇམ་ལ་དམ་པའི་དར་གྱི་མདུད་པའི་གཟུགས་སུ་བྱས་ནས་དེ་ཉིད་གྲོལ་བ་སྟེ་ངང་ངམ་ཤུགས་ཀྱིས་ཉམས། མི་ཆོས་སོག་མའི་ཕོན་ཐག་ཆད། འཇིག་རྟེན་མི་ཆོས་ཀྱི་ལུགས་ཀ་ཤེས་པས་གཞན་ཟེར་གཡམ་རྒྱུག་གི་ལམ་ལ་མི་འགྲོ་ཞེས་པ་ལྟར་འཇིག་རྟེན་མིའི་བསྲུང་བྱ་རུ་གྱུར་པའི་ཆོས་ལུགས་ཏེ་མི་ཆོས་གཙང་མ་བཅུ་དྲུག་ནི་སོག་མའི་ཕོན་ཐག་གི་གཟུགས་སུ་བྱས་ནས་དེ་ཉིད་ཆད་པ་སྟེ་དེའི་སྲོལ་བཟང་པོ་དགུང་ཁའི་གྲིབ་སོ་བཞིན་དུ་ནུབ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག ལྕི་ལ་དམ་པའི་རྒྱལ་ཁྲིམས་ནི་སྦོམ་ལ་ལྕི་བའི་གསེར་གྱི་གཉའ་ཤིང་ལྟ་བུ་ཡིན་པས་ལུགས་གཉིས་ཁྲིམས་ཀྱི་སྲོལ་བཏོད་པ་ཆག་པ་སྟེ་ཉམས་པ་དང་ནུབ་པ་ཡིན། གཙོ་བོ་གྲོས་ཀྱི་རྒྱ་མཚོ་བསྐམས། ལུགས་གཉིས་ཀྱི་བྱ་བཞག་ཆེ་ཆུང་གང་ཡིན་ཀྱང་གཙོ་བོ་སྟེ་རྒྱལ་བློན་ཐམས་ཅད་འཛོམས་ནས་གྲོས་བྱེད་པའི་སྲོལ་བཟང་གི་རྒྱ་མཚོ་ཆེན་པོ་བསྐམས་པ་སྟེ་མཛངས་པའི་ལས་ཚར་སོང་བ་ཡིན། དཔའ་བོ་སྟག་གི་རི་མོ་ཡལ། སྔོན་བོད་ཆེན་པོའི་སྐབས་ཀྱི་བཙན་པོ་རྒྱལ་བློན་ལྟ་བུ་ཕ་རོལ་དགྲ་དཔུང་འཇོམས་པ་ལ་དཔའ་བའི་དཔའ་བོ་རྣམས་སུས་ཀྱང་ཡན་གར་རེག་མི་ནུས་པའི་སྟག་གི་རི་མོའམ་ཐིག་ལེའི་གཟུགས་སུ་བྱས་ནས་དེ་དག་ཀྱང་ཡལ་བ་སྟེ་དཔའ་བའི་ལས་ཀྱང་མིང་ཙམ་ལས་མེད། མོ་བཙུན་ངོ་ཚའི་གཡང་ལུག་བུད། སྐྱོན་བརྒྱད་སྤངས་ཤིང་ཡོན་ཏན་ལྔ་དང་ལྡན་པའི་མོ་བཙུན་བུད་མེད་རྣམས་ཀྱིས་ཀྱང་ངོ་ཚའི་གཡང་ལུག(ལྭ་བ་གཡང་ཤམ་བྱས་པའི་དོན)བུད་པ་སྟེ་ཕུད་པའམ་དོར། ཡ་རབས་ཀྱི་སྲོལ་མི་བསྲུང་། སྐྱེས་བུ་དམ་པའི་མཛད་སྤྱོད་དང་མཐུན་པའི་ཡ་རབས་ཀྱི་ལུགས་སྲོལ་བཟང་པོ་ལྷ་ཆོས་དགེ་བ་བཅུ་སོགས་ནམ་ཡང་མི་བསྲུང་ཞིང་བསྲུང་བ་ལ་མི་གོམས། མ་རབས་ཀྱི་སྤྱོད་པ་བསྐྱངས། མ་རབས་ངན་སྤྱོད་ཀྱི་བྱ་བ་སྟེ་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ། མི་དགེ་བ་བཅུ་སོགས་ཀྱི་སྲོལ་ངན་པ་མི་ནུས་བཞིན་དུ་བསྐྱངས་དང་སྐྱོང་དང་བསྐྱང་རྒྱུའི་བསམ་བློ་ཡོད། ཕུགས་ཀྱི་ཁེ་མི་བརྩི། ཕུགས་སུ་ཕན་པའི་ཁེ་ཕན་མི་བརྩི་བ་སྟེ་བསམ་བློ་མི་གཏོང་བར་གང་བྱུང་དུ་བསྒྲུབས་པས་མཐར་རང་ཉིད་ཕུང་ཞིང་གཞན་ལ་གནོད་ཚབས་ཆེ་བ་ཡིན། འཕྲལ་གྱི་རྩིས་གཏང་། འཕྲལ་ལམ་གནས་སྐབས་ཙམ་ལ་ཅུང་ཕན་པའི་དོན་ཁོ་ན་ལ་ཐུགས་རྩིས་གཏང་བ་སྟེ་འཕྲལ་ཙམ་ལས་ཕུགས་ཀྱི་གནོད་ཚབས་འབྱུང་ཉེན་ལ་བསམ་བློ་གཏོང་མི་ཤེས། ལེགས་པའི་སྲོལ་མི་འཛིན། རང་གི་ཕ་མེས་གོང་མ་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་ཀྱིས་མཚོན་པའི་ལུགས་སྲོལ་བཟང་པོ་རྒྱུད་འཛིན་མི་བྱེད། ཉེས་པའི་དཔེ་འདྲེན། རང་གི་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་རིག་གནས་ལ་མི་འཚམ་པའི་ཉེས་པའི་དཔེ་སྟེ་དཔེ་ངན་པ་དང་ལུགས་སྲོལ་དང་གོམས་གཤིས་ངན་པ་རྣམས་ལེགས་པར་བརྩིས་ནས་བཀག་ཀྱང་མི་ཁོག་པར་ནང་འདྲེན་བྱེད། མཁས་པའི་གཞུང་མི་བསྲུང་། མི་ཆོས་ཀུན་སྤྱོད་སྟོན་པའི་མཁས་པ་རྣམས་ཀྱིས་མཛད་པའི་གཞུང་སྟེ་ལམ་རིམ་བློ་སྦྱོང་གི་ཆོས་སོགས་མི་བསྲུང་བའམ་མི་བརྩི། རྨོངས་པའི་རྗེས་སུ་འཇུག རྨོངས་པ་ནི་མི་ཤེས་པ་སྟེ་བླང་དོར་གྱི་གནས་ལ་མགོ་འཐོམས་པའི་བླུན་པོ་སྟེ་དེའི་རྗེས་སུ་བླང་དོར་ནོར་ནས་འཇུག་པ་སྟེ་དེའི་རྗེས་སུ་འབྲངས། བཟང་པོའི་དོ་མི་བྱེད། སྤྱོད་པ་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་སོགས་ལ་བློ་གོམས་པའི་བཟང་པོ་སྟེ་ཡ་རབས་སྐྱེ་བོའི་འགྲོ་ལུགས་ལ་དོ་སྣང་ངམ་དོ་ཟླ་ཡེ་མི་བྱེད། ངན་པའི་ཡ་བ་བྱེད་པ་མང་དུ་མཐོང་བས། དུས་རབས་ཀྱི་འགྲོས་དང་མི་བསྟུན། སྤྱི་ཚོགས་ཀྱི་ལུགས་དང་མི་མཐུན། འཆམ་མཐུན་གྱི་ལྡོག་ཟླ་རུ་གྱུར་པའི་གཏུམ་སྤྱོད་དང་གདུག་རྩུབ་ཆེ་བའི་ངན་པའི་བྱ་བ་བྱེད་པ་མང་དུ་མཐོང་ཞིང་མང་དུ་སྣང་། མཁས་པའི་རྗེས་སུ་ཞུགས་ནས་ལེགས་པའི་འབྲས་བུ་འཐོབ་པར་བྱ་བའི་ཕྱིར། ལུགས་གཉིས་ཀྱི་རྣམ་བཞག་ལ་མཁས་པའི་མཁས་པ་ཀུན་ཤེས་ཀྱི་རྗེས་སུ་ཞུགས་ནས་ལེགས་པའི་འབྲས་བུ་སྟེ་གནས་སྐབས་ལྷ་མིའི་བདེ་སྐྱིད་དང་། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་བྱ་བའི་ཕྱིར་དུ་ཞེས་དང་། ཁོ་བོ་ལ་དམ་པར་འཛིན་པའི་སྐྱེས་བུ་རྣམས་ཀྱི་དོན་དུ། རང་ཉིད་ལ་བླང་དོར་འཇུག་ལྡོག་ཕྱེད་པའི་བློ་མེད་པར་ཁོ་བོ་སྟེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་རང་ལ་སྐྱབས་ཀྱི་དམ་པར་འཛིན་ཅིང་རེ་བ་ཉག་གཅིག་ཏུ་མཐོང་བའི་སྐྱེས་བུ་ལམ་ལོག་མགོ་རྨོངས་སུ་གྱུར་པ་རྣམས་ཀྱི་དོན་དུ་ཞེས་དང་། ལྷ་ཆོས་མི་ཆོས་ཀུན་ལ་ཕན་པའི་གཏམ་འགའ་ཞིག་བརྗོད་པར་བྱའོ། །དོན་གཉིས་ཀྱི་འབྲས་བུ་ལྷུག་པོར་སྩོལ་བའི་ལྷ་ཆོས་དང་། ཚེ་གཅིག་གི་ཡུན་ལ་ཕན་པའི་མི་ཆོས་ཏེ་ལུགས་གཉིས་ཀྱི་བརྗོད་བྱར་གྱུར་པའི་ཕན་པའི་གཏམ་འགའ་ཞིག་བདག་གིས་བརྗོད་པར་བྱའོ་ཞེས་ཚིག་ལྷུག་གི་ལམ་ནས་རྩོམ་པར་དམ་བཅའ་མཛད་པ་ཡིན་ནོ། །
གྲོས་དང་འདུན་མ་བཤམས་ཚད་ཐོག་ཏུ་ཕེབས་པ་འདི་དཀའ་བ་ཡིན་པས། ད་ལྟ་གྲོས་ཁ་བསྡུར་བ་དང་འདུན་མ་བཤམས་ཚད་དེ་མ་འོངས་པའི་འཆར་གཞི་བཟོས་ཚད་རང་གི་བསམ་ཐོག་དང་འདོད་ཐོག་ཏུ་ཕེབས་པའམ་སླེབས་པ་འདི་ཧ་ཅང་དཀའ་བ་ཡིན་པའི་རྒྱུ་མཚན་གྱིས་ཞེས་དང་། འཕྲལ་ཚོད་ལེན་ཅིང་བྱེད་པ་ཕོ་རྒོད་ཀྱི་མཐར་ཐུག་ཡིན། ཀུན་གྱིས་བསྒྲུབ་མི་ནུས་པའི་དཀའ་བའི་གནད་ལ་ཐུག་ཚེ་འཕྲལ་དང་འཕྲལ་དུ་ཉམས་དང་ཚོད་ལ་བརྟག་པའམ་བལྟ་བ་ནི་ཕོ་རབ་བུ་རྒོད་དེ་མཛངས་པའི་མཐར་ཐུག་པ་ཡིན། འཕྲལ་བཅོས་མ་ཐག་འཛུམ་དམུ་ལེ་བ་བྱེད་པ་འདི་གྲུང་བའི་མཐར་ཐུག་ཡིན། འཕྲལ་ལམ་དུས་ཐོག་དེའམ་སྐབས་ཐོག་དེར་རང་སྐྱོན་ལ་མཛུབ་མོ་བཙུགས་ཏེ་དེར་བཟོ་བཅོས་སམ་བཅོས་བསྒྱུར་བྱས་མ་ཐག་ཏུ་མི་འདོད་པའི་རྣམ་འགྱུར་མེད་པར་འཛུམ་དམུལ་ལེ་བ་བྱེད་པ་སྟེ་དགའ་བ་བསྒོམ་པ་འདི་ནི་གྲུང་བ་སྟེ་རིག་པ་རྣོ་བའི་མཐར་ཐུག་པ་ཡིན། འགྲས་པའི་མི་ལ་སྙིང་མི་ན་བའི་མི་སུ་ཡང་མེད། ཕན་ཚུན་ཞེ་འགྲས་འཁོན་དུ་འཛིན་པའི་མི་ཞིག་ཡིན་ན་དེ་ལ་སྙིང་མི་ན་བའི་མིའམ་ཁོང་ཁྲོ་མི་ལངས་པའི་མི་སུ་ཡང་མེད། ཡིན་མིན་ཐམས་ཅད་འཐད་མི་འཐད་སུ་ལ་ཡང་འོང་སྟེ། གཟུ་ཁོག་ལ་ལེན་པ་འདི་ཟབ་པའི་མཐར་ཐུག་ཡིན། འདི་ཡིན་དང་འདི་མིན་གྱི་དོན་བྱ་ཐམས་ཅད་ལ་གཏན་ཚིགས་སམ་རྒྱུ་མཚན་ཡང་དག་གིས་བརྟགས་ཤིང་དཔྱད་ན་འཐད་དང་མི་འཐད་མི་སུ་དང་གང་ལ་ཡང་འོང་སྟེ། ཡིན་ན་ཡང་གཟུ་སྟེ་ཕྱོགས་ཞེན་མེད་པའི་བསམ་པ་དང་སྤྱོད་པས་དོན་བྱ་དེའི་མགོ་མཇུག་བར་གསུམ་གྱི་གནས་ཚུལ་ལམ་གནས་ལུགས་རང་གི་བློ་ཁོག་ཏུ་ལེན་པ་འདི་ཐུགས་དགོངས་ཟབ་པའི་མཐར་ཐུག་ཡིན། སེམས་ལ་མནོ་མི་མནོ་འཆར་ཏེ། མནོ་ཚད་ཁར་མི་འདོན་པ་འདི་མཁས་པའི་མཐར་ཐུག་ཡིན། རང་ཅག་གི་སེམས་ནི་རྣམ་རྟོག་གི་རང་བཞིན་ཅན་ཡིན་པས་མནོ་བ་ཡིད་ལ་བསམ་པ་དང་འཆར་བ། མི་མནོ་བ་མི་བསམ་པ་དང་མི་འཆར་བ། དོན་ལ་རང་ཅག་རྣམས་ཀྱི་སེམས་ནི་མི་བསམ་དགུ་བསམ། མི་འཆར་དགུ་འཆར། མི་དྲན་དགུ་དྲན་ཡིན་མོད། དེས་ན་མནོ་ཚད་དམ་བསམ་ཚད་དམ་དྲན་ཚད་དམ་འཆར་ཚད་སྨྲ་བྱེད་ཁ་རུ་མི་འདོན་ཞིང་ཁོང་དུ་སྦེད་པ་འདི་མཁས་པའི་མཐར་ཐུག་པ་ཡིན། རང་རྒྱལ་བ་ལ་མི་དགའ་བ་སུ་ཡང་མེད་དེ་ངག་འཇམ་དང་བློ་ཁོག་ནས་བྱེད་པ་འདི་སྤྱང་བའི་མཐར་ཐུག་ཡིན། རང་གཞན་གཉིས་ལས་རང་རྒྱལ་བ་ལ་མི་དགའ་བ་སུ་ཡང་མེད་དེ། ཡིན་ན་ཡང་ཐབས་ལ་མཁས་ཤིང་ངག་འཇམ་པོའི་ངང་རང་གི་བློའམ་ཁོག་ནས་ལས་དོན་བསྒྲུབ་པ་དང་བྱ་བ་བྱེད་པ་འདི་སྤྱང་བ་སྟེ་རིག་པ་གསལ་བའམ་བློ་ཁོག་གྲིམ་པའི་མཐར་ཐུག་ཡིན། ངན་པ་ལ་ཁ་མ་སྔ། ཕྱིས་ཅི་འོང་མི་ཤེས། མི་ངན་པ་ལ་གསང་བར་འོས་པའི་གཏམ་ཅི་ཡོད་པ་ཁ་ལ་འདོན་མི་སྔ་བ་སྟེ་ཕྱི་ལ་མི་སྒྲོག་པ་གལ་ཆེ། རྒྱུ་མཚན་ཅི་ཡིན་ཅེ་ན། ཕྱིས་སམ་གཞུག་ནས་རང་གི་མགོ་ལ་དོན་དག་ཅི་འོང་སུས་ཀྱང་མི་ཤེས་པ་ཡིན་ཅེས་པའམ། ཡང་ན། གནས་སྐབས་སུ་ངན་པར་མཐོང་བའི་མི་ལ་ཁ་གཏོང་བ་མ་སྔ་སྟེ་ཕྱིས་བཟང་པོར་འགྱུར་བའང་ཡོད། བཟང་ལ་ངོ་བསྟོད་མ་ཆེ། ད་གཟོད་ཅིར་འགྱུར་མི་ཤེས། རང་གི་མིག་སྔར་མི་དེ་གནས་སྐབས་སུ་མཛེས་མཛེས་དང་བཟང་དགུ་རུ་སྣང་ན་ཡང་དེ་ལ་བསྟོད་མ་ཆེ་སྟེ་བསྟོད་པ་དང་བསྔགས་བརྗོད་མ་ཆེ། རྒྱུ་མཚན་ཅི་ཡིན་ཅེ་ན། ད་གཟོད་དམ་རྗེས་ནས་མི་དེ་བཟང་ངན་ཅི་ལྟ་བུ་ཞིག་ཏུ་འགྱུར་བ་སུས་ཀྱང་མི་ཤེས་ཏེ་སུས་ཀྱང་ཤེས་དཀའ་བ་ཡིན། མ་བསམས་པའི་ཞལ་ལྕེ་མ་བཏང་། གང་གི་ཐོག་ཏུ་ཅི་འབབ་མི་ཤེས། ཁྲིམས་མཁན་ལྟ་བུ་ལ་མཚོན་ནའང་ཡང་ཡང་རང་གི་ཡིད་ལ་མ་བསམས་པའི་དོན་བྱ་གང་ཡིན་པ་དེ་ཉིད་ལ་ཡུན་ཐུང་ངུའི་ངང་ཞལ་ལྕེ་མ་བཏང་སྟེ་ཐག་གཅོད་མ་བྱེད། རྒྱུ་མཚན་ཅི་ཡིན་ཅེ་ན། གང་ཞེས་སྤྱིའི་ཚུལ་དུ་སྨྲོས་ནས་རང་གི་འདོད་དོན་གང་ཡིན་པ་དེའི་བསམ་ཐོག་ཏུ་འབབ་མི་འབབ་སུས་ཀྱང་མི་ཤེས་པ་ཡིན། མ་གྲུབ་པར་ཁ་པོ་མ་འདོན། ཕྱིས་ཅིར་འགྱུར་མི་ཤེས། ལས་དང་བྱ་བ་གང་བྱེད་ཀྱང་དེ་དག་ལེགས་པོར་མ་འགྲུབ་པར་ཁ་པོ་སྟེ་ཁ་ཕོའམ་ཁ་ཤོམ་ཆེན་པོ་མི་འདོན་པ་བཟང་། རྒྱུ་མཚན་ཅི་ཡིན་ཅེ་ན། ཕྱིས་སམ་རྗེས་ནས་ལས་དོན་དེ་བཟང་ངན་ཅི་ལྟ་བུ་ཞིག་ཏུ་འགྱུར་བ་སུས་ཀྱང་མི་ཤེས་ཤིང་དཔག་མི་ནུས་པ་ཡིན། བྱམས་དྲགས་པ་བུ་ལ་ཡང་མ་བྱེད། སྲོལ་དུ་མི་ཚུད་པ་ཡིན། བྱམས་པ་དང་བརྩེ་བ་ཆེ་དྲགས་པ་རང་གི་ཤ་དང་ཁྲག་ལས་ཆད་པའི་བུ་ལ་ཡང་མ་བྱེད། རྒྱུ་མཚན་ཅི་ཡིན་ཅེ་ན། ཡ་རབས་ཀྱི་ལུགས་སྲོལ་བཟང་པོའི་རྒྱུན་སྐྱོང་བའི་གྲལ་དུ་མི་ཚུད་པའམ་མི་ཆུད་པ་ཡིན། སྡང་དྲགས་པ་དགྲ་ལ་ཡང་མ་བྱེད། ཐུབ་ཀྱང་ལ་ཡོག་འོང་བ་ཡིན། ཧ་ཅང་ཞེ་སྡང་ཆེ་དྲགས་པ་མི་འདོད་པའི་དགྲ་ལ་ཡང་མ་བྱེད། རྒྱུ་མཚན་ཅི་ཡིན་ཅེ་ན། འཕྲལ་དུ་ཐུབ་པ་ལྟར་སྣང་ཡང་ལ་ཡོག་སྟེ་གཞན་ལ་ཚུལ་མིན་གྱི་བྱ་བ་བྱས་ན་ངན་པའི་མཇུག་འབྲས་རང་ཐོག་ཏུ་སྨིན་འོང་བ་ཡིན། རས་ཆོད་ཆེན་པོ་གཉེན་ལ་ཡང་མ་བྱེད། ནམ་ཕུགས་འཁོན་དུ་འགྲོ་བ་ཡིན། རས་ཆོད་དེ་ཁྱད་གསོད་དམ་དམའ་འབེབས་ཆེན་པོ་རང་གི་གཉེན་དང་ཉེ་དུའི་ཚོགས་ལ་ཡང་མ་བྱེད། རྒྱུ་མཚན་ཅི་ཡིན་ཞེ་ན། དུས་ནམ་ཞིག་གམ་ཕུགས་སུ་ཕན་ཚུན་མི་མཐུན་པའི་འཁོན་དུ་འགྲོ་བའི་རྒྱུ་རུ་འགྱུར་བ་ཡིན། འབར་འཐབ་དྲག་པོ་བྲན་ལ་ཡང་མ་བྱེད། འཁོར་མཁན་མི་འོང་བ་ཡིན། འབར་འཐབ་བམ་སྡུག་དམོད་དྲག་པོ་རང་གི་བྲན་དང་གཡོག་ཡིན་ཀྱང་མ་བྱེད། རྒྱུ་མཚན་ཅི་ཡིན་ཞེ་ན། ནམ་ཞིག་རང་གི་འབངས་སུ་འཁོར་མཁན་ཡང་ལག་ཏུ་མི་འོང་བ་ཡིན། ཐོག་རྫིས་དྲག་པོ་འབངས་ལ་ཡང་མ་བྱེད། ཞེ་ལ་བཞག་པ་ཡིན། ཐོག་རྫིས་སམ་བརྙས་བཅོས་དྲག་པོ་རང་གི་མངའ་འབངས་ཡིན་ཀྱང་དེ་ལ་མ་བྱེད། རྒྱུ་མཚན་ཅི་ཡིན་ཞེ་ན། མི་དེ་དག་གི་ཞེའམ་སེམས་ལ་སྡུག་སྣང་ཆེན་པོ་འཇོག་ངེས་པ་ཡིན། ངན་བཅད་དྲག་པོ་གྲོགས་ལ་ཡང་མ་བྱེད། སེམས་སྣད་འགྲོ་བ་ཡིན། བསམ་ངན་ཁོག་ཏུ་བཅངས་ནས་ངན་བཅད་དྲག་པོ་སྟེ་གནོད་འཚེ་ཆེན་པོ་ནི་མཐུན་པའི་གྲོགས་ལའང་མ་བྱེད། རྒྱུ་མཚན་ཅི་ཡིན་ཞེ་ན། གཞན་གྱི་སེམས་སྣད་པ་སྟེ་དེ་ལ་ཕོག་ཐུག་གཏོང་ངེས་སུ་འགྲོ་བ་ཡིན། དཔེ་ཁྲིམས་ངན་པ་གཞན་ལ་ཡང་མ་བསླབ། རང་ལ་ཡང་གནོད་པ་ཡིན། དཔེ་ངན་པ་དང་ཁྲིམས་ངན་པ་དང་སྲོལ་ངན་པ་རང་ལས་ལོགས་སུ་གྱུར་པའི་གཞན་སུ་ལ་ཡང་མ་བསླབ། རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ཡིས་ནམ་ཞིག་རང་ལའང་གནོད་འཚེ་ཐེབས་ངེས་པ་ཡིན་ཅེས་པའོ། །
ཁ་འཐབ་རྒྱལ་ཡང་དགྲ་མི་ཐུབ་པས། བརྣག་པ་དེ་ཞེ་ལ་འཆང་། འཐབ་མོ་ལ་ཁ་འཐབ་དང་ལག་འཐབ་གཉིས་ཡོད་པ་ལས་ཁ་འཐབ་བམ་ཁ་འཛིང་བྱས་པ་ཙམ་གྱིས་ཕ་རོལ་གྱི་དགྲ་དེ་འདུལ་མི་ཐུབ་པ་དང་ཚར་གཅོད་མི་ནུས་པས། ཁ་འཐབ་བྱེད་པ་ལས་བརྣག་པ་སྟེ་ཡིད་ལ་བསམ་པའི་དོན་དེ་ཞེའམ་སེམས་ལ་འཆང་ན་འོས་པ་ཡིན། ངོ་བསྟོད་ཀྱིས་གཉེན་མི་བསྐྱང་བས། བྱམས་པ་དེ་སེམས་ལ་ཞོགས། བཅོས་མའི་འཛུམ་དང་ངོ་བསྟོད་ཙམ་གྱིས་རང་གི་གཉེན་དང་ཉེ་དུའི་ཚོགས་རྣམས་བསྐྱང་མི་ཐུབ་པས་ནམ་རྒྱུན་བདེ་བ་ཐོབ་འདོད་ཀྱི་བྱམས་པ་དེ་སེམས་ལ་ཞོགས། སྡང་སྡུག་དྲག་ཀྱང་དགྲ་མི་ལྡོག འདུན་མ་སྟབས་ཀྱིས་ཆོད། ཞེ་སྡང་ངམ་སྡང་སེམས་ཀྱི་རྒྱུ་ལ་བརྟེན་ནས་འབྲས་བུ་ཀུན་གྱིས་མི་འདོད་པའི་སྡུག་བསྔལ་དྲག་པོ་སྐྱེ་བ་ཡིན་ཡང་དེ་ཙམ་གྱིས་ཕ་རོལ་གྱི་རྒོལ་བ་ངན་པའི་དགྲ་མི་ལྡོག་པ་ཡིན་ལ། མ་འོངས་པའི་འདུན་མ་བསུས་ན་ཡང་དོན་ཐོག་ཏུ་འཁྱོལ་དཀའ་བས་སྟབས་ལེགས་ཤིང་སྟེས་འགྲིག་པའི་སྒོ་ནས་མཚམས་ཆོད་པའམ་མཚམས་འཇོག་བྱས་ན་ལེགས་པ་ཡིན། སེར་སྣ་ཆེ་ཡང་ནོར་མི་སོགས། ཕྱི་རླབས་དང་བློ་རྒྱ་བསྐྱེད་ལ་ཚོལ། སེར་སྣ་དང་འཇུར་གེགས་ཅི་ཙམ་ཆེ་ཡང་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་དབུལ་ཕོངས་ལ་སྦྱིན་པ་སོགས་ཚོགས་བསགས་ཀྱི་དགེ་རྩ་མེད་ན་ཇི་ལྟར་བསགས་ཀྱང་སྒྱུ་མའི་ནོར་རྫས་མི་སོགས་པ་སྟེ་གསོག་མི་ཐུབ་པས་ན་ཕྱི་བླ་མ་དཀོན་མཆོག་གི་བྱིན་རླབས་དང་ནང་རང་གི་བློ་གྲོས་ཀྱི་རྒྱ་བསྐྱེད་དེ་ད་གཟོད་ཚོལ་དགོས་པ་ཡིན། གཏམ་མགོ་འཛུམ་གྱིས་སུས། གཏམ་གཞུག་འཛུམ་ལ་ཞོགས། ཡས་གཏམ་དམ་པ་ལྷ་ཆོས་དང་མས་གཏམ་འཇིག་རྟེན་མི་ཆོས་ཀྱི་གཏམ་གང་གི་མགོ་བཙུགས་ནས་གླེང་མོལ་བྱེད་ཀྱང་སྐབས་དེར་དགའ་བའི་འཛུམ་གྱིས་བསུ་དགོས་པ་དང་། གང་གླེང་བའི་གཏམ་གྱི་གཞུག་གམ་མཇུག་རྫོགས་རྗེས་སུ་དགའ་བའི་ཉམས་དང་དགོད་པའི་འཛུམ་གྱིས་ཞོགས་ཤིག་སྟེ་མཇུག་བསྡུས་ཤིག དགོས་དོན་ཕོག་པར་སྨྲོས། རན་ལ་མཛེས་པ་ཤོད་ཨང་། དགོས་དོན་གང་ཡིན་ཀྱང་རྣག་ཐོག་གཙག་འཁེལ་ལྟ་བུའི་གནད་ལ་ཕོག་པར་སྨྲོས་དགོས་པ་ཡིན་ལ། དེ་ཡང་ཚད་དང་རན་པར་དེ་ལ་དེ་བསྟུན་གྱིས་མཛེས་པའི་གཏམ་ཡང་དེ་ཙམ་ཤོད་ཅིག སྙིང་དུ་བུ་ཚ་སྡུག་ཀྱང་ཉེས་འདུག་ན་རྒོལ་དང་། ཕུགས་སུ་བྱམས་པ་ཡིན། ཕ་མའི་སྙིང་དུ་རང་གི་ཤ་དང་ཁྲག་ལས་ཆད་པའི་བུ་དང་ཚ་བོ་ལས་ལྷག་པའི་སྡུག་པ་མེད་ཀྱང་ཉེས་སམ་སྐྱོན་ཅན་དུ་འདུག་ན་མཚང་ཐོག་ཏུ་རྒོལ་བ་གདམས་ངག་གི་མཆོག་ཡིན་ཏེ་ཅིའི་ཕྱིར་ཞེ་ན་ཕུགས་སུ་བྱམས་པ་སྟེ་ཕན་པ་ཡིན། བདག་ལ་ཡོན་ཏན་ཡོད་ཀྱང་རང་འདོད་སྤོངས་དང་། ནམ་ཕུགས་རིང་བ་ཡིན། བདག་ལ་ཤེས་བྱ་རིག་པའི་གནས་ཀྱི་ཡོན་ཏན་ཚད་མེད་པ་དང་། བརྗོད་ལས་འདས་པ། དཔག་པར་དཀའ་བ་ཡོད་ཀྱང་རང་གཅེས་པར་འཛིན་པ་དང་རང་དོན་ཡིད་བྱེད་དང་རང་ལྟ་མཆོག་འཛིན་གྱི་འདོད་བློ་ཅི་ནུས་ཀྱིས་སྤོངས་པར་གྱིས་དང་ནམ་ནམ་ཞར་ཞར་ཕུགས་སམ་མདུན་ལམ་ཤིན་ཏུ་རིང་བ་སྟེ་འོད་སྟོང་ལྡན་པ་ཞིག་ཡིན། ཡིད་ལ་རང་འདོད་ཡོད་ཀྱང་སྤྱིའི་ཆིས་གྱིས་དང་། ཕྱི་ཕུགས་བཙུན་པ་ཡིན། སྤྱིར་སོ་སྐྱེའི་གང་ཟག་དག་གི་ཡིད་ལ་བདག་གཅེས་འཛིན་གྱི་དབང་གིས་རང་དོན་ཡིད་བྱེད་ཀྱི་འདོད་པ་གང་དང་ཇི་འདྲ་ཡོད་ཀྱང་གཙོ་བོ་སྤྱི་ལ་ཕན་པའི་ཐབས་བཀོད་བསམ་པ་གཙོ་བོར་གྱིས་དང་ཕྱིའམ་རྗེས་ཕྱོགས་སམ་ཕུགས་ཤིན་ཏུ་བཙུན་པ་སྟེ་ཞི་བ་དང་འཇམ་པར་འགྱུར་བ་ཡིན་ཅེས་པའོ། །
བཟང་པོ་ལ་བཀུར་ཆ་མ་ཆེ། བཟང་སྐད་ཐོན་པ་འདི་དཀའ། ཕར་བལྟས་ཚོད་ཀྱིས་སྲོག་ལ་བབས་ཀྱང་རང་བཞིན་བཟང་པོ་མི་འདོར་བའི་བཟང་པོའམ་ཡ་རབས་ཡིན་ཀྱང་དེ་ལ་བསྙེན་བཀུར་གྱི་ཆ་ཆེན་པོ་མི་བྱེད་པ་སྟེ་མ་ཆེ་ན་ལེགས། རྒྱུ་མཚན་ཅི་ཡིན་ཅེ་ན། མི་ཚེ་ཡི་མཐའ་འཁྱོལ་དཀའ་བས་ན་བཟང་སྐད་ཐོན་པ་འདི་ཧ་ཅང་དཀའ་མོ་ཡིན། ངན་པ་ལ་ཁྱད་གསོད་མ་བྱེད། ཡིད་ལ་བཞག་པ་ཡིན། རྟག་ཏུ་གཞན་དོན་མི་སེམས་པའི་སྐྱེ་བོ་ངན་པ་སྟེ་བླུན་པོ་རྣམས་ལ་ཡང་ཁྱད་གསོད་དང་བརྙས་བཅོས་ཆེན་པོ་མ་བྱེད། ཅིའི་ཕྱིར་ཞེ་ན། དུག་སྦྲུལ་ལྟ་བུའི་སྐྱེ་བོ་ངན་པ་ཡིན་ཀྱང་དེའི་སེམས་ལ་བཞག་པ་ཡིན། གོ་ཆོད་པོ་ལ་བསྟོད་ར་མ་སྔ། རེ་བ་སྐྱེ་བ་ཡིན། ཞེས་པས་གོ་ཆོད་པོ་སྟེ་རང་ནུས་ལ་བརྟེན་ནས་གཞན་ལ་རོགས་འདེགས་ཐུབ་པའི་མི་ལ་བསྟོད་ར་བྱེད་པ་མ་སྔ། ཅིའི་ཕྱིར་ཞེ་ན། ང་ནི་འདི་དང་འདི་ལྟ་བུ་ཡིན་ནོ་སྙམ་པའི་ང་རྒྱལ་གྱི་དབང་གིས་རེ་བ་ཆེན་པོ་སྐྱེ་ངེས་པ་ཡིན། གོ་མི་ཆོད་པ་ལ་སྨད་ར་མ་ཆེ། ཡིད་མུག་སྐྱེ་བ་ཡིན། གོ་ཆོད་མིན་པའམ་ཕན་འདོགས་མི་ནུས་པ་ཞིག་ཡིན་ན་མི་དེ་ལ་སྨད་ར་བྱེད་པ་མ་ཆེ། ཅིའི་ཕྱིར་ཞེ་ན། དེའི་ཡིད་སྐྱོ་བའམ་སེམས་ལ་སྡུག་བསྔལ་སྐྱེ་ངེས་པ་ཡིན། ངན་པ་ལ་དབང་མ་བསྐུར། ངན་པ་སྟེ་རང་གཤིས་བཙོག་ཅིང་ཐ་ཆད་ཀྱི་སྐྱེ་བོ་ལ་དབང་ཆའམ་ཐོབ་ཐང་ངམ་གོ་ས་མ་སྟེར། བླུན་པོ་གྲོས་སར་མ་བཞག ལུགས་གཉིས་ཀྱི་རྣམ་བཞག་མི་ཤེས་པའི་བླུན་པོ་རྣམས་དོན་བྱ་གང་ཡིན་ཐག་གཅོད་པ་ལ་བློ་ཁ་བསྡུར་བའི་ཚེ་གྲོས་བསྡུར་བྱེད་སར་མ་བསུ། ཡ་རབས་དམན་སར་མ་བཞག རང་གཤིས་བཟང་ཞིང་ཡོན་ཏན་ཡོད་པའི་ཡ་རབས་དྲ་མ་ཞིག་ཡིན་ན་དམན་སར་མ་བཞག་པར་ཀུན་གྱི་གཙུག་གི་རྒྱན་ནམ་གོང་དུ་བཀུར། སྔ་རྗེ་མ་སྤངས། སྔ་མ་སྟེ་སྔོན་མའི་རྗེ་བོའམ་རྒྱལ་པོ་དང་དཔོན་པོ་ཐོབ་ཐང་ཅན་རྣམས་མི་འདོར་བ་ནི་ཁྲེལ་ཡོད་པའི་རྟགས་ཡིན། ཕྱི་རྗེ་མ་བཙལ། ཕྱི་རྗེ་སྟེ་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་པོའམ་དཔོན་པོ་ཐོབ་ཐང་ཅན་ཡིན་ན་དེ་མ་ཐག་མྱུར་བར་མི་བཙལ་བ་ནི་ཨ་གསར་མི་ཆེ་བའི་རྟགས་ཡིན། མཁས་པ་རས་སུ་མ་བོར། རིག་པའི་གནས་མཐའ་དག་ལ་མཁྱེན་དཔྱོད་ཀྱི་རྩལ་ཡངས་པའི་མཁས་པ་རྣམས་ལ་བརྩི་མཐོང་བྱེད་པ་ལས་ཡལ་བར་བོར་བའམ་རྩིས་མེད་དུ་གཡུགས་པ་ནི་མ་གོ་བ་ཆེན་པོའོ། །སྤྱི་མི་དགྲ་རུ་མ་ལེན། སྤྱི་མི་སྟེ་ཚོགས་པ་ཞིག་གམ་མི་མང་པོ་འདུས་པ་གང་ཡིན་ཀྱང་རུང་དགྲ་རུ་མི་ལེན་པར་བསྟུན་ཤེས་དང་འཚོ་ཤེས་དང་མཐུན་པ་བྱེད་དགོས་པ་ཡིན། འདོད་པ་ཅན་ལ་ནོར་མ་བསྟན། གལ་ཏེ་སྲེད་པ་ཅན་ལ་ནོར་བསྟན་ན་སློང་ཉེན་དང་གོད་ཉེན་དང་བརླག་ཉེན་ཆེ་བ་ཡིན་པས་མ་བསྟན་པ་གལ་ཆེ་བ་ཡིན། ངན་སེམས་ཅན་ལ་བློ་མ་གཏད། གཡོ་སྒྱུའི་སྦྱོར་བ་ཅན་དང་བསམ་པ་ངན་སེམས་ཅན་གྱི་མི་ལ་སྙིང་ནས་བློ་གཏོད་མི་ཉན་པ་ཡིན། ཚོད་མེད་པོ་ལ་གྲོས་མ་དྲི། རང་ཚོད་མི་ཟིན་པ་དང་རང་ཚུགས་མི་ཐུབ་པའི་མི་ལ་གཏན་གྱི་འདུན་མ་ཕར་ཞོག་འཇིག་རྟེན་པའི་དོན་ཆུང་ཙམ་ལའང་གྲོས་ཁ་མི་བསྡུར་བ་ཡིན། ཁ་མང་པོ་ལ་སྙིང་གཏམ་མ་བྱེད། གཏམ་མང་ཅན་གྱི་མི་སྟེ་ཁ་ལ་སྒོ་དང་མིད་པ་ལ་འཕྲང་མེད་པའི་མི་ལ་སྙིང་གཏམ་ཅི་ཡོད་མི་བཤད་པར་གསང་དགོས་པ་ཡིན། རྣོ་ཐུང་བ་ལ་ཀུ་རེ་མ་བྱེད། བློ་རྒྱ་དང་བློ་ཁོག་ཆུང་བའི་མི་ཡིན་ན་དེ་ལ་མི་ཚོགས་ཡོད་མེད་ལ་མ་ལྟོས་པར་ཀུ་རེ་དང་རྩེད་མཚར་མི་བྱེད་པ་བཟང་བ་ཡིན། མི་ཐུབ་པ་ལ་དོ་མ་བསྡོ། རང་གིས་འགྲན་མི་ཚུགས་པའི་མི་ལ་ནམ་ཡང་འགྲན་མི་འཛུགས་པར་གཉོམ་ཆུང་དང་ཚུལ་མཐུན་དུ་གནས་པས་དགའ་བ་ཡིན། མི་བདེན་པ་ལ་ཤགས་མ་འདེབས། རྫུན་གྱི་རང་བཞིན་ཅན་གྱི་གཏམ་ཡིན་པ་ཤེས་བཞིན་དུ་དེ་ལ་ཕན་མེད་གནོད་ཚབས་ཆེ་བའི་ཁ་ཤགས་མི་འདེབས་པར་གནས་དགོས་པ་ཡིན། མི་འགྲུབ་པ་ལ་ཁས་མ་ལེན། རང་གིས་སྒྲུབ་མི་ནུས་པ་དང་བསྒྲུབས་ཀྱང་མི་འགྲུབ་པའི་ལས་ཡིན་ན་དང་དུ་མི་ལེན་པ་བཟང་བ་ཡིན། མི་ལྕོགས་པའི་ལས་མ་འཇུག རང་སྟོབས་ཀྱིས་མི་ནུས་པའི་ལས་ཡིན་ན་རང་མི་ཞུགས་པ་དང་གཞན་མི་འཇུག་པ་བཟང་། མི་ཉན་པ་ལ་གྲོས་མ་འདེབས། དུས་རྒྱུན་རང་གི་ཁ་མི་འགྲོ་བ་ཡིན་ན་དེ་འདྲའི་རིགས་ལ་ནམ་ཡང་གཏན་གྱི་འདུན་གྲོས་མི་འདེབས་པ་ཟབ་པ་ཡིན། མི་འོང་བ་ལ་ལས་མ་བཅོལ། བསྒྲུབ་བྱ་དེ་མི་འོང་བ་དང་། མི་འགྲུབ་པ་དང་། མི་ཕན་པའི་ལས་ཡིན་ན་དེ་ལ་ལས་དོན་གཏན་ནས་མི་བཅོལ་བ་བཟང་། མེད་པའི་ནོར་ལ་ནན་མ་ཆེ། ཟས་གོས་དང་ནོར་ལོངས་སྤྱོད་ཀྱིས་དབུལ་ཞིང་ཕོངས་པ་ཞིག་གམ་བཙལ་ཐབས་མེད་པའི་རྒྱུ་ནོར་ལ་རེ་བ་ནན་མོ་མ་འཛིན། མི་ཤེས་པ་ལ་ཀོ་ལོང་མ་བསྡམ། ཆོས་དང་འཇིག་རྟེན་གྱི་འགྲོ་ལུགས་མི་ཤེས་པའི་བླུན་པོ་དག་ལ་ཕན་མེད་གནོད་ཚབས་ཆེ་བའི་ཁོང་ཁྲོ་མ་བྱེད། དྲིན་དགྲ་ལ་ཡང་མ་བཞག རང་ལ་དངོས་དང་བརྒྱུད་ནས་དྲིན་ཆེ་བ་ཡིན་ན་དགྲ་ཡིན་ཀྱང་རང་སར་མ་བཞག་སྟེ་བཏང་སྙོམས་སུ་མ་བཞག་པར་དེ་ལ་དྲིན་གཟོ་བྱེད་དགོས་པ་ཡིན། གུས་པ་ཆེན་པོ་གཉེན་ལ་ཡང་མ་བྱེད། ཞེན་པ་དང་ཆགས་པའི་དབང་གིས་ལུས་ངག་གི་གུས་པ་ཆེན་པོ་རང་གི་གཉེན་དང་ཉེ་དུ་ཡིན་ཡང་མི་བྱེད་པ་བཟང་བ་ཡིན། སྙིང་གཏམ་ཟབ་མོ་གྲོགས་ལ་ཡང་མ་བྱེད། སྙིང་གཏམ་ཟབ་མོ་ཡོད་ན་རང་གི་མཛའ་ཞིང་གཅུགས་པའི་གྲོགས་ལ་ཡང་མི་བཤད་པར་གསང་དགོས་པ་ཡིན། ནོར་མཚང་ཅན་བུ་ལ་ཡང་མ་བྱེད། རྩིས་ཆེ་བ་དང་རིན་ཐང་ཆེ་བའི་རྒྱུ་ནོར་ལོངས་སྤྱོད་ཡོད་ཚེ་མཚང་ཅན་བུའམ་སྐྱོན་ཅན་གྱི་བུ་སྟེ་ཇག་རྐུན་དང་འཕྲོག་བཅོམ་གྱི་ལས་ལ་གོམས་པའི་རང་གི་ཤ་དང་ཁྲག་ལས་ཆད་པའི་བུ་ཡིན་ཡང་གསང་དགོས་པ་ཡིན། གཞན་སྡུག་པ་ལ་སྙིང་ཚིམས་མ་བྱེད། སྡུག་པ་རང་ལ་ཡང་འོང་། གཞན་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཉམ་ཐག་པ་རྣམས་ལ་དགའ་བ་སྐྱེ་བ་དང་ཡིད་ཚིམ་པ་འབྱུང་བ་དང་འདོད་པ་བསྐངས་སོང་ལྟ་བུའི་བསམ་བློ་གཏན་ནས་མ་བྱེད། ཅི་ཡིན་ཅེ་ན། མི་འདོད་པའི་སྡུག་བསྔལ་རང་གི་སྟེང་དུ་ཡང་ལས་ཀྱི་དབང་གིས་ནམ་ཞིག་འཁརོ་ནས་འངོ་ངེས་པ་མེད། རང་སྐྱིད་པ་གཞན་ལ་མ་ངོམ། སྐྱིད་པ་གཞན་ལ་ཡང་འོང་། རང་ཉིད་ཟས་གོས་དང་ནོར་ལོངས་སྤྱོད་ཀྱི་ཆ་ནས་སྐྱིད་པའི་དཔལ་ལ་རོལ་བཞིན་ཡོད་ཀྱང་དེ་གཞན་ལ་ངོམ་པ་དང་བཤད་དོན་ཅི་ཡང་མེད། ཅི་ཡིན་ཅེ་ན། བདེ་བ་དང་སྐྱིད་པ་ནམ་ཞིག་ལས་ཀྱི་དབང་གིས་གཞན་ལ་ཡང་འཁོར་ནས་འོང་ངེས་པ་ཆོས་ཉིད་ཡིན། གྲོས་ཉེས་པ་ལ་འགྱོད་པ་མ་བཟླ། འཁྲུལ་བ་རང་ལ་ཡང་འོང་། མི་མང་ལྷན་ཏུ་འཛོམས་ནས་ཐག་བཅད་པའི་གྲོས་ཁ་གཏན་ཉེས་སུ་སོང་བ་ཡིན་ན་ཡང་དེ་ལ་འགྱོད་པའི་གཏམ་བཟླས་པ་དང་ལས་འདེད་བྱས་ཀྱང་མི་ཕན་པས་མི་བཟླ་བ་བཟང་། ཅི་ཡིན་ཅེ་ན། མི་ཤེས་པའི་དབང་གིས་དེ་ལྟ་བུའི་འཁྲུལ་བ་རང་ལ་ཡང་མི་འོང་བའི་ངེས་པ་ཅི་ཡང་མེད། ཕན་བཏགས་པ་ལ་དྲིན་མ་འདྲེན། བྱས་པ་ཡལ་ནས་འགྲོ་བ་ཡིན། རང་གིས་གཞན་ལ་ཆོས་སྲིད་གཉིས་ཀྱི་ཆ་ནས་ཕན་ཆེན་པོ་བཏགས་ཡོད་པ་ལ་ངས་ཁྱོད་ལ་འདི་དང་འདི་ལྟ་བུ་བྱས་སོ་ཞེས་ཁ་རིན་མི་བརྩི་བ་བཟང་། ཅི་ཡིན་ཅེ་ན། སྔར་ཕན་བཏགས་ཟིན་པའི་བྱས་པ་ཡང་རང་གིས་ཁ་རིན་བརྩིས་པ་དེས་སྐབས་དེར་ཡལ་ནས་རྩིས་མེད་དུ་འགྲོ་ངེས་པ་ཡིན་ཅེས་པའོ། །
མི་ཁ་བྱམས་སྡང་སྤྱོད་པ་ལ་རག་ལས་པ་ཡིན། སྤྱོད་པ་གཟོབ། མི་གཞན་གྱི་ཁ་ན་བྱམས་པ་དང་སྡང་བ་ཆེ་མི་ཆེ་རང་གི་སྤྱོད་པ་བཟང་མི་བཟང་ལ་རག་ལས་པ་ཡིན་པས་ངེས་པར་དུ་སྤྱོད་པ་བཟང་ངན་ལ་གཟབ་དགོས་པ་ཡིན། ཟབ་མི་ཟབ་ཁ་མང་ཉུང་ལ་བྱེད་པ་ཡིན། དོན་མེད་མ་སྨྲ། ཁོག་རྒྱའམ་བློ་ཁོག་ཟབ་མི་ཟབ་མི་དེའི་གཏམ་མང་ཉུང་ལ་བྱེད་པ་ཡིན་པས་དོན་མེད་བྱུང་རྒྱལ་དུ་ངག་འཁྱལ་མང་པོ་མི་སྨྲ་བ་མཆོག་ཡིན། སྤྱང་གླེན་ཕ་རོལ་གྱི་དགོངས་པ་ལོན་མ་ལོན་ལ་བྱེད་པ་ཡིན། ཡུན་རིང་དུ་སོམས། སྤྱང་གྲུང་དང་ལྡན་མིན་དང་གླེན་པ་གཏི་ཐུག་ཅན་ཡིན་མིན་གང་ཟག་གཞན་ཕ་རོལ་པོ་དེའི་དགོངས་པ་ལོན་མ་ལོན་ལ་བྱེད་པ་ཡིན་པས་མི་དེའི་སེམས་རྒྱུས་ལོན་པར་ཡུན་རིང་དུ་བསམ་དགོས་པ་ཡིན། སེམས་གྲུང་རང་མགོ་ཐོན་མི་ཐོན་ལ་བྱེད་པ་ཡིན། རང་མགོ་ཐོན་པར་གྱིས། སེམས་སྤྱང་གྲུང་འཛོམས་པོ་ཞིག་ཡིན་མིན་དོན་བྱ་དེའི་རང་མགོ་ཐོན་མི་ཐོན་ལ་བྱེད་པ་ཡིན་པས་ངེས་པར་དུ་རང་མགོ་ཐོན་པ་ཞིག་གྱིས་ཤིག་ཅེས་སྐུལ་བ་ཡིན། མི་ཆེ་དུས་སུ་ཁེངས་བསྐྱུང་དགོས་པ་ཡིན། ཨར་ལྡིང་མ་ཆེ། མི་དེ་རིགས་དང་ཐོས་པ་དང་ལང་ཚོ་དང་གཏོང་ལ་གོམས་པ་ལ་སོགས་པའི་ཆ་གང་ཐད་ནས་མཚན་དང་སྙན་གྲགས་ཁ་རྗེ་རླུང་རྟ་དར་བའི་དུས་སུ་དེའི་ངོས་སྐལ་གྱི་བློ་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ་བསྐྱུང་དགོས་པ་ལས་འུད་ཤོབ་ཆེ་བས་ཅི་ཡང་མི་ཕན་པ་ཡིན། ཡོན་ཏན་འགྲན་དུས་སུ་དྲེགས་པ་བསྐྱུང་དགོས་པ་ཡིན། དྲེགས་པ་དང་ང་རྒྱལ་མ་ཆེ། རང་དང་གཞན་གྱིས་གཞུང་ལུགས་ཀྱི་ཡོན་ཏན་དང་སྒྱུ་རྩལ་གྱི་ཡོན་ཏན་ཏེ་མདོར་ན་ཡོན་ཏན་གང་གི་ཆ་ལ་ཕན་ཚུན་འགྲན་རྩོད་བྱེད་པའི་དུས་སུ་ཁེངས་ཤིང་དྲེགས་པའི་སྤོབས་པ་དེ་འབུར་འཇོམས་བྱེད་པའམ་ཡང་ན་གཏན་མེད་དུ་གཏོང་དགོས་པ་ལས་དྲེགས་པ་དང་ང་རྒྱལ་མ་ཆེ་སྟེ་དེ་སྐྱེས་པས་རང་གཞན་སུ་ལ་ཡང་མི་ཕན་པ་ཡིན། བཀུར་མི་མང་དུས་འོག་ཏུ་འཛུལ་དགོས་པ་ཡིན། སྤྱོད་པ་གཟོབ། ཀུན་གྱིས་སྤྱི་བོའི་གཙུག་ཏུ་བཀུར་བ་དང་བཀུར་སྟི་བྱེད་མཁན་གྱི་མི་ཇེ་མང་དུ་འགྲོ་དུས་དམན་ས་འཛིན་དགོས་པ་དང་། རང་ཉིད་ཀྱི་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ལ་ལྷག་ཏུ་དོ་སྣང་དང་ཧ་ཅང་གཟབ་དགོས་པ་ཡིན། འཁོར་མང་དུས་སུ་མི་རྩིས་ཆེ་དགོས་པ་ཡིན། གང་ལ་ཡང་སྲེལ། རང་གི་ནང་འཁོར་རམ་འཁོར་ཞབས་ཞུ་ཇེ་མང་དུ་འགྲོ་དུས་སུ་རང་ལས་ལྷག་པ་གཞན་སུ་ཡོད་སྙམ་པའི་ང་རྒྱལ་མི་བྱེད་པར་མི་མཐོང་ཚད་ཐམས་ཅད་ལ་མཐོང་ཆེན་བྱེད་དགོས་པ་དང་། མི་སུ་དང་གང་ལ་ཡང་གཅེས་ཤིང་བྱམས་པའི་ངང་བདག་སྐྱོང་བྱ་དགོས་པ་ཡིན། གྲོས་ལེགས་དུས་སུ་ཚོད་ཟིན་དགོས་པ་ཡིན། གྲུབ་ཚད་མ་བྱེད། དོན་བྱ་གང་ཡིན་ལ་གྲོས་སམ་གླེང་མོལ་གང་བྱས་ལེགས་ལམ་དུ་འགྲོ་བའི་དུས་སུ་རང་ཚུགས་དང་རང་ཚོད་ཟིན་དགོས་པ་ཡིན། གྲུབ་ཚད་དམ་ལེགས་ཚད་ཐམས་ཅད་ཚད་ལས་བརྒལ་བ་མ་བྱེད། དཔོན་བཅོལ་དུས་སུ་རང་འདོད་བསྐྱུང་དགོས་པ་ཡིན། སྤྱིའི་ཆིས་གྱིས། རང་ཉིད་དཔོན་སར་བཞག་པའམ་ཐོབ་དང་གོ་ས་སྤྲད་པའི་དུས་སུ་བརྣབ་སེམས་དང་ཧམ་སེམས་ཀྱི་རང་འདོད་བསྐྱུང་བའམ་དོར་དགོས་པ་སྟེ་འདོད་ཆུང་ཆོག་ཤེས་ཡོད་དགོས་པ་ཡིན། འགྲོ་བ་སྤྱི་ལ་ཕན་པའི་ཆིས་ཏེ་སྤྱི་སེམས་དང་གཞན་ཕན་གྱི་བྱ་བ་གྱིས་ཤིག་ཅེས་སྐུལ་བ་དང་། དབང་བསྐུར་དུས་སུ་ཕམ་ལེན་དགོས་པ་ཡིན། སེམས་ཚོད་ཟུངས། རང་ལ་དབང་ཐང་ངམ་ཐོབ་གོ་ས་སྤྲད་པ་ཡིན་ན་དེའི་དུས་སུ་གྱོང་དང་ཕམ་ཁ་རང་གིས་ལེན་དགོས་པ་དང་སེམས་ཀྱི་ཚོད་རང་གིས་བཟུང་སྟེ་ང་རྒྱལ་གྱི་མགོ་འཕང་བཅོམ་དགོས་པ་ཡིན། སྐྱིད་པའི་དུས་སུ་མི་དང་བསྟུན་ཤེས་དགོས་པ་ཡིན། ཀུན་གྱི་སེམས་ཟུངས། རང་ལ་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྡན་པའི་དུས་སུ་དྲག་ཞན་བར་མའི་མི་ཀུན་ལ་འགྲོ་འདུག་དང་སྤྱོད་ལམ་ཐམས་ཅད་བསྟུན་ཤེས་དགོས་པ་ཡིན་པས་ཀུན་གྱི་བློ་ཁ་དང་མཐུན་པ་ཞིག་ཟུངས་ཞེས་སྐུལ་མ་གནང་བ་དང་། མང་པོ་མ་སྨྲ། སྨྲ་ཚོད་སོམས་ལ་སྨྲོས། མི་མང་ཚོགས་པའམ་ཁྲོམ་པ་ཆེ་བའི་དབུས་སུ་གཏམ་དང་ཀུ་རེ་མང་པོ་མ་སྨྲ་བ་སྟེ་མི་བཤད་པ་མཆོག་ཡིན་ལ། གལ་ཏེ་སྨྲ་རྒྱུ་ཡིན་ན་སྨྲ་བ་གཏམ་དང་བཞད་གད་ཀྱི་ཚོད་ཟིན་པའི་ཐད་ལ་ཡང་ཡང་བསམ་བློ་བཏང་སྟེ་སྨྲོས་ཤིག དྲན་ཚད་ལག་ཏུ་མ་ལེན། ལེན་ཚད་མགོ་ཐོན་པར་གྱིས། ཡིད་ནི་མི་དྲན་དགུ་དྲན་གྱི་གཏེ་བོ་ཡིན་པས་ཡིད་ལ་དྲན་ཚད་ཐམས་ཅད་མ་དཔྱད་པར་ལག་ལེན་ལ་མ་འདེབས། གལ་ཏེ་དང་ལེན་བྱས་ཟིན་པ་ཡིན་ན་མགོ་ཐོན་པ་སྟེ་མཐར་ཕྱིན་པ་བསྒྲུབ་པར་གྱིས་ཤིག་ཅེས་སྐུལ་བ་དང་། དྲིས་ཚད་ཁས་མ་ལེན། བླང་ཚད་དོན་ཐོག་ཏུ་ཁོལ། གཞན་གྱིས་ལས་འདི་ཞེས་དྲིས་ཚད་དམ་གང་བཅོལ་ཐམས་ཅད་མ་བརྟག་མ་དཔྱད་པར་ཁས་ལེན་མ་སྔ། གལ་ཏེ་ཁས་བླངས་པ་ཡིན་ན་བླང་ཚད་ལག་ལེན་ལ་ཅི་ཐེབས་བྱེད་དགོས་པ་ཡིན། ལག་མི་གཙང་ན་མི་ཁྱུར་མི་ཚུད་པ་ཡིན། མི་བཟང་དུ་གྱིས། མ་བྱིན་ལེན་ནམ་རྐུ་བ་སྟེ་དབང་གིས་ལེན་པ་དང་། འཇབ་བུས་ལེན་པ། བཙན་གྱིས་འཕྲོག་པ་གསུམ་ལ་གོམས་པ་ཤུགས་ཆེ་ན་སྨྲ་ཤེས་ཤིང་། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པའི་མི་ཁྱུ་སྟེ་མི་གྲལ་དུ་མི་ཚུད་པ་ཡིན་པས་མི་གཞི་བཟང་པོ་དང་ཡ་རབས་ཀྱི་ཕྱོགས་ལ་ཡིད་གོམས་པར་གྱིས་ཤིག ཁ་མང་ན་གྲོས་ཁྱུར་མི་ཚུད་པ་ཡིན། ཁ་མ་མང་། ཁ་ལ་སྒོ་དང་མིད་པ་ལ་འཕྲང་མེད་པར་དྲན་ཚད་བྱུང་རྒྱལ་དུ་སྨྲ་བ་མང་ན་ལུགས་གཉིས་ཀྱི་རྣམ་བཞག་ལ་མཁས་པའི་དྲན་དབང་མང་པོའི་གྲོས་གྲལ་དུ་མི་ཚུད་པ་ཡིན་པས་ཁ་ལ་སྒོ་ལྕགས་དམ་པོ་རྒྱོབ་ཅིག མི་གཞི་མི་ལེགས་ན་ཁྲལ་ཁྱུར་མི་ཚུད་པ་ཡིན། མི་གཤིས་སམ་ཀུན་སྤྱོད་མི་ལེགས་ན་མི་དེའི་རྒྱུད་ན་ལམ་རིམ་བློ་སྦྱོང་གི་ཆོས་མེད་པས་ཁྲལ་ཁྱུ་སྟེ་མཁས་པའི་བཞུགས་གྲལ་དུ་ནམ་ཡང་མི་ཚུད་པ་ཡིན། སྡེ་སྣོད་མི་ཤེས་ན་སྟོན་པའི་ཁྱུར་མི་ཚུད་པ་ཡིན། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་མི་ཤེས་ན་སྟོན་པ་སྟེ་མཚན་ཉིད་བཅུ་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱི་ཁྱུའམ་བཞུགས་གྲལ་དུ་མི་ཚུད་པ་ཡིན། སྡིག་ལ་མི་འཛེམ་ན་ཆོས་པའི་ཁྱུར་མི་ཚུད་པ་ཡིན། མི་དགེ་བ་བཅུ་སོགས་ལ་འཛེམ་དོགས་ཅུང་ཟད་ཀྱང་མེད་པར་བག་མེད་བྱུང་རྒྱལ་དུ་སྤྱོད་པ་ཡིན་ན་རང་རྒྱུད་ཀྱི་ཉོན་མོངས་པ་འཆོས་པའི་ཆོས་པ་སྟེ་ནང་བ་སངས་རྒྱས་པའི་གྲས་སུ་མི་ཚུད་པ་ཡིན་ཅེས་སོ། །
ཟབ་པ་འཐོམ་པར་མ་ཤོར་བ། ཟབ་པ་ནི་བློ་ཁོག་ཡངས་པ་སྟེ་ཐུགས་དགོངས་ཟབ་པའི་དོན་དང་། འཐོམ་པར་མ་ཤོར་བ་ནི་མགོ་མི་འཐོམ་པ་སྟེ་གཞན་གྱི་གཡོ་འོག་ཏུ་མི་ཚུད་པའི་དོན་ཡིན། སྨྲ་བ་ཉུང་བ་ལྐུགས་མ་ཤོར་བ། མཁས་པ་རྣམས་ཀྱི་ཡིད་དུ་འོང་བའི་སྨྲ་བ་ཉུང་བ་ནི་གཏམ་གང་ཡོད་གང་བྱུང་དུ་མི་སྨྲ་བའི་མི་དེ་གང་དུ་གནས་ཀྱང་ཕོག་ཐུག་དང་གཡེང་བ་མེད་པ་ཞིག་ཡིན་པ་དང་། ལྐུགས་མ་ཤོར་བ་ནི་ངག་མ་ལྐུགས་པས་ཚིག་གི་གོ་བརྡ་འཕྲོད་པ་དང་། ཡིད་མ་ལྐུགས་པས་དགེ་སྡིག་བླང་དོར་གྱི་རྣམ་བཞག་ཤེས་པ་ཞིག་ཡིན། རྫུན་འཆལ་བོར་མ་ཤོར་བ། རྫུན་ལ་རྫུན་ཕལ་བ་དང་། རྫུན་ཆེན་པོ། མི་ཆོས་བླ་མའི་རྫུན་གསུམ་ཡོད་པ་གང་གི་དབང་དུའང་མ་སོང་བའི་དོན་དང་། འཆལ་བོར་མ་ཤོར་བ་ནི་ལེགས་པའི་ཚུལ་དུ་གནས་པ་ལས་གཞན་གྱི་ཆུང་མ་འཕྲོག་པ་དང་འདོད་པས་ལོག་པར་གཡེམ་པ་དང་བྱི་བྱེད་པ་སོགས་ཀྱི་སྐྱོན་མེད་པ་ཞིག་ཡིན། ཕོ་བཟང་དབྱིག་པོར་མ་ཤོར་བ། ཕོ་བཟང་ནི་ཕ་བཟང་གི་བུ་སྟེ་ཕོ་རབ་མཁས་པའི་ཁྱད་ཆོས་ཚང་བ་ཞིག་ཡིན། དེ་ནི་མཐེབ་ཀྱིས་ཤ་ནོན་པ། རྐྱལ་གྱིས་ཆུ་གཅོད་པ། ཡང་རྩལ་བྱ་ལ་འགྲན་པ་སྟེ་ལུས་ཀྱི་རྩལ་གསུམ། ལོ་རྒྱུས་ཀྱི་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། ཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་གི་རྩལ་གསུམ། མཛངས་ལ་བློ་འགྱུ་བ། དཔའ་ལ་སྲན་ཚུགས་པ། ཁ་གསལ་ལ་གཏིང་མི་དཔོག་པ་སྟེ་ཡིད་ཀྱི་རྩལ་གསུམ་བཅས་ཕོ་རྩལ་སྣ་དགུ་དང་ལྡན་པ་ཞིག་དང་། དབྱིག་པོར་མ་ཤོར་བ་ནི་ངན་ལང་ལ་མ་ཤོར་བ་དང་ངན་གོམས་སུ་མ་སོང་བ་ཞིག་ལ་ཟེར། དྲང་པོ་གྲའི་ཟུར་མི་འདོན་པ། དྲང་པོ་ནི་ངན་གཡོ་དང་གྱ་གྱུ་མེད་པའི་མི་གཞུང་དྲང་གི་དོན་དང་། གྲའི་ཟུར་མི་འདོན་པ་ནི་ངན་སྨྲས་ཀྱིས་གཞན་སྐྱོན་མི་གླེང་བ་དང་། རྐྱེན་ཕྲན་བུ་ཙམ་ལ་བརྟེན་ནས་དོན་རྐྱེན་མི་བཟོ་བ་དང་། ཡོད་སྣང་གིས་གཞན་ལ་ཁྱད་གསོད་དང་བརྙས་དམོད་མི་བྱེད་པའི་དོན་ཡིན། བཟང་པོ་གཞན་ལ་མི་གཤེ་བ་གཅིག་དགོས་སོ། །བཟང་པོ་ནི་གཞན་ལ་གནོད་པའི་སེམས་སྤངས་ཤིང་ཀུན་ལ་བྱམས་པའི་སེམས་དང་ལྡན་པ་ཟོ་བཟང་བ་སྟེ་རང་བཞིན་བཟང་པོའམ་ཀུན་སྤྱོད་གཙང་མ་ཅན་དང་། བཟང་པོའི་ཡོན་ཏན་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སུ་ལ་ཡོད་ཀྱང་ཕྲག་དོག་མེད་པར་ཀུན་གྱིས་བསྟོད་བསྔགས་བྱེད་པ་ཞིག་དང་། གཞན་ལ་མི་གཤེ་བ་ནི་དོན་མེད་པར་རྩུབ་མོའི་ཚིག་གིས་མི་གཞན་ལ་མི་གཤེ་བ་སྟེ། མདོར་ན་འཇིག་རྟེན་གྱི་མི་ཚད་ལྡན་ནམ་ཚུལ་ལྡན་ཞིག་ཡིན་ན་དེ་འདྲའི་མཚན་ཉིད་ཚང་བ་ཞིག་ཡིན་དགོས་ཞེས་པའོ། །
མི་སྤྱང་པོ་དང་མགོ་སྟོང་ལ་ནོར་ས་ཡོད། མི་སྤྱང་པོ་སྟེ་བློ་གྲོས་རྣོན་པོ་ཅན་དང་སེམས་ན་དམིགས་ཡུལ་ཅི་ཡང་མེད་པའི་མགོ་སྟོང་གཉིས་ལ་ནོར་ས་ཆེན་པོ་ཡོད། དྲང་བོ་དང་གླེན་པ་ལ་ནོར་ས་ཡོད། རྫུན་དང་གཡོ་སྒྱུ་མེད་པའི་དྲང་བོ་དང་ཤེས་རིག་ཡོན་ཏན་གྱིས་དབུལ་བའི་གླེན་པ་གཉིས་ལ་ནོར་ས་ཆེན་པོ་ཡོད། ཚོད་ཅན་དང་ནོག་པོ་ནོར་ས་ཡོད། མང་ཉུང་དང་བཟང་ངན་དང་ཆེ་ཆུང་སོགས་ཀྱི་ཚོད་ཟིན་པའི་ཚོད་ཅན་དང་ནོག་པོ་སྟེ་འཇུར་གེགས་སམ་སེར་སྣ་ཆེ་བ་གཉིས་ལ་ནོར་ས་ཡོད། བརྫུ་བག་དང་མ་ཤེས་པ་ནོར་ས་ཡོད། བརྫུ་བག་གམ་རྫུ་བ་སྟེ་མི་གཡོ་ཅན་དང་རྨོངས་པའི་རང་བཞིན་ཅན་གྱི་མི་ཤེས་པ་གཉིས་ལ་ནོར་ས་ཡོད། ཕོ་རབ་ཁོང་ཡངས་དང་བརྫུ་ཁོང་ནས་ཟབ་ཚོལ་བ་ནོར་ས་ཡོད། སྐྱེས་པ་ཕོ་ལ་རབ་འབྲིང་ཐ་གསུམ་ཡོད་པའི་ནང་གི་ཕོ་རབ་ཅིག་ཡིན་ན་ཁོང་ཡངས་ཞེས་ཁོག་རྒྱ་ཆེན་པོ་ཅན་ཡིན་ལ། དེ་དང་བརྫུ་ཁོང་ནས་ཟབ་ཚོལ་བ་སྟེ་ཁ་འཇམ་པོའི་ངང་ཁོག་ནས་གཡོ་སྒྱུ་བྱེད་མཁན་གཉིས་ལ་ནོར་ས་ཡོད། ཕོ་འབྲིང་གླེན་པ་དང་འཇམ་ཁོང་ནས་ཟབ་ཚོལ་བ་ནོར་ས་ཡོད། སྐྱེས་པ་ཕོ་ལ་རབ་འབྲིང་ཐ་གསུམ་ཡོད་པའི་ནང་གི་ཕོ་འབྲིང་ཞིག་ཡིན་ན་བླང་དོར་གྱི་རྣམ་བཞག་མི་ཤེས་པའི་གླེན་པ་ཡིན་ལ། དེ་དང་འཇམ་ཁོང་ནས་ཟབ་ཚོལ་བ་སྟེ་ཁ་འཇམ་ཁོག་རྩུབ་བྱེད་མཁན་གཉིས་ལའང་ནོར་ས་ཡོད། ཕོ་མཐའ་མགོ་སྟོང་དང་ཁོང་ནས་ཟབ་ཚོལ་བ་ནོར་བ་ཡང་མཐོང་ངོ་། །སྐྱེས་པ་ཕོ་ལ་རབ་འབྲིང་ཐ་གསུམ་ཡོད་པའི་ནང་གི་ཕོ་མཐའ་མ་ཞིག་ཡིན་ན་སེམས་ན་དམིགས་ཡུལ་ཅི་ཡང་མེད་པའི་མགོ་སྟོང་ཡིན་ལ། དེ་དང་ཁོང་ནས་ཟབ་ཚོལ་བ་སྟེ་ཁོག་ལ་མི་དྲན་དགུ་དྲན་བྱས་ཏེ་ཁ་ལག་གཉིས་ཀྱིས་ལས་བྱ་དང་དོན་བྱ་མི་འགྲུབ་པ་གཉིས་ལའང་ནོར་ས་ཡོད་པ་མང་དུ་མཐོང་རྒྱུ་སྣང་ངོ་། །
འཕྲལ་མ་ཐག་ཏུ་ངོ་ཤེས་མ་བྱེད། ཆ་རྒྱུས་ཅི་ཡང་མེད་པ་དང་རྒྱུས་ལོན་བྱས་མ་མྱོང་བའི་མི་ལ་འཕྲལ་མ་ཐག་ཏུ་ངོ་ཤེས་མ་བྱེད། འདྲིས་མ་ཐག་ཏུ་བློ་མ་གཏོད། འདྲིས་པ་སྟེ་ཆ་རྒྱུས་ཅུང་ཟད་ཡོད་པ་ཙམ་གྱིས་ནང་རྒྱུས་ཞིབ་ཏུ་ལོན་མེད་པས་མི་དེ་ལ་བློ་དང་སེམས་མ་གཏོད། དགའ་མ་ཐག་ཏུ་འཛུམ་མ་བསྟན། རྐྱེན་ཅུང་ཟད་ཙམ་ལ་བརྟེན་ནས་དགའ་བ་སྐྱེས་མ་ཐག་ཏུ་བཞིན་ལ་འཛུམ་པའི་མདངས་མ་སྟོན། ཁྲོ་མ་ཐག་ཏུ་བཞིན་མ་བསྡུ། རྐྱེན་ཅུང་ཟད་ཙམ་ལ་བརྟེན་ནས་ཁྲོ་བའམ་ཞེ་སྡང་སྐྱེས་མ་ཐག་ཏུ་བཞིན་མ་བསྡུ་སྟེ་མི་འདོད་པའི་རྣམ་འགྱུར་མ་སྟོན། མ་མགུ་བ་ལ་མིག་ལོག་དང་མཆུ་འབུག་མ་བྱེད། མ་མགུ་བའམ་ཡིད་མ་ཚིམ་པ་ཙམ་ལ་བརྟེན་ནས་གཞན་ལ་མིག་ལོག་གམ་སྡང་མིག་གིས་བལྟ་བ་དང་མཆུ་འབུག་གམ་ཁ་མྱིང་སྣ་མྱིང་མ་འདོགས། དགའ་བ་ལ་ཨ་ནུས་གཅེས་གཅེས་མ་བྱེད། དགའ་བ་དང་སྤྲོ་སེམས་སྐྱེས་མ་ཐག་ཏུ་ངག་འཇམ་པོས་ཨ་ནུ་དང་ཨ་བུ་ཞེས་གཅེས་དྲགས་པ་དང་བྱམས་དྲགས་པ་མ་བྱེད། མི་ཞིམ་པའི་ཟས་ལ་སྣ་མ་བསྙེར། སྤྲོ་སྣང་མེད་པ་དང་ཞིམ་སྣང་མེད་པའི་ཁ་ཟས་ཡིན་ཡང་ཕ་མའི་ཁྲག་དང་རྔུལ་ཆུ་ལས་བྱུང་བས་དེ་ལ་ཁ་བསྙེར་དང་སྣ་བསྙེར་མ་བྱེད། ཞིམ་པ་ལ་ཧུབ་མ་ཆེ། སྤྲོ་སྣང་དང་ཞིམ་སྣང་ཆེ་ཞིང་ཟ་འདོད་ཡོད་པའི་ཁ་ཟས་ལ་ཧུབ་མ་ཆེ་སྟེ་གཞན་གྱི་མིག་སྔར་མི་མཛེས་པའི་རྔམ་འཐུང་དང་བླུན་འཐུང་དང་རྔུབ་ཐེངས་གཅིག་གིས་ཧུབ་མང་པོ་མ་བྱེད། ཕྱུག་པོ་སྤྱོད་ཤེས་པ་གྱིས། རྣམ་ཐོས་སྲས་ཀྱི་བང་མཛོད་ལ་འགྲན་པའི་དཔལ་དང་འབྱོར་བ་རྒྱུ་ནོར་གྱིས་ཇི་འདྲ་ཕྱུག་ཀྱང་དེ་ཡང་བེད་སྤྱོད་དང་བཀོལ་སྤྱོད་བྱེད་མ་ཤེས་ན་གོད་ཚབས་དང་བརླག་ཉེན་ཆེ་བས་ལོངས་སུ་སྤྱོད་ཤེས་པར་གྱིས་ཤིག མི་ལྟོགས་པ་ཙམ་དུ་བསྲི་ཤེས་པར་གྱིས། རང་ལ་ཟས་ནོར་ལོངས་སྤྱོད་ཀྱི་མཐུན་རྐྱེན་འཛོམས་མ་འཛོམས་གང་བྱས་ཀྱང་མི་ལྟོགས་པ་ཙམ་དུ་ཟས་ནོར་ལ་བསྲི་ཤེས་པ་སྟེ་གྲོན་ཆུང་བྱེད་ཤེས་པར་གྱིས་ཞེས་སྐུལ་བ་ཡིན། འཇིག་རྟེན་ནས་འཛོམ་ན་སྐྱིད་ཁྱགས་པ་གྱིས། འཇིག་རྟེན་ནས་རང་ལ་ཕ་མ་བུ་སྲིང་དང་། མཁར་ས་ཁང་ཁྱིམ། ཞིང་ས་ཕྱུགས་ལས། རྒྱུ་ནོར་ལོངས་སྤྱོད་ལ་སོགས་པ་འཛོམས་ནས་ཀུན་གྱི་ཡིད་སྨོན་འཆོར་ས་ཞིག་ཡིན་དུས་སྡུག་གི་སྣ་མི་འདྲེན་པར་སྐྱིད་ཁྱགས་པ་གྱིས་ཞེས་སྐུལ་བ་ཡིན། ཕོངས་ན་སྡུག་ཁྱགས་པ་གྱིས། འཇིག་རྟེན་འདིར་འཚོ་ཞིང་གནས་པའི་སྐབས་ཕ་མ་དང་བླ་མ། བུ་སྲིང་དང་གཉེན་ཉེ། ཞིང་ས་དང་སྒོ་ཕྱུགས། དཔལ་དང་འབྱོར་བ། ཁ་རྗེ་དང་རླུང་རྟ་གང་གིས་ཕོངས་ཤིང་ཉམས་པར་གྱུར་ཅིང་སྐྱིད་ཀྱི་ཕྱོགས་ལ་སྣ་འདྲེན་མ་ནུས་ཀྱང་ཅི་ནུས་ཀྱིས་སྡུག་བསྔལ་གྱི་སྣ་ཁྱགས་པར་གྱིས་ཞེས་སྐུལ་བ་ཡིན། བཟང་བོ་ཁ་ཆེ་མ་འདོན། ཀུན་ལ་རྒྱུས་ཡོད། མི་གཤིས་དང་རིགས་རྒྱུད། ཁ་རྗེ་དང་ཐོབ་ཐང་། ཤེས་རིག་སོགས་གང་གི་ཆ་ནས་བཟང་བོར་གྱུར་བའི་སྐབས་སུ་ཁ་ཕོ་ཆེན་པོ་མ་འདོན། ཅིའི་ཕྱིར་ཞེ་ན། མི་བུ་ཀུན་ལ་ཆ་རྒྱུས་དང་གསལ་ཆ་ཡོད་པས་འཕྱ་སྨོད་ཀྱི་གཞི་རུ་འགྱུར་ངེས་ཡིན། ངན་པ་ཆེ་སྐད་མ་ཆེ། གཞན་གྱིས་ཁྲེལ་འོང་བ་ཡིན། མི་དགེ་བ་བཅུ་ལ་གོམས་པ་ཤུགས་ཆེ་བའི་ངན་པ་གཉའ་རེངས་ཅན་ཞིག་ཡིན་ཕྱིན་ཆེ་སྐད་ཅེས་སྐད་ཆ་ཆེན་པོ་དང་ཁ་ཤོམ་ཆེན་པོ་མ་ཆེ་སྟེ་མ་འདོན་ནམ་མ་བཤད། ཅིའི་ཕྱིར་ཞེ་ན། མི་གཞན་དང་གཞན་གྱིས་ཁྲེལ་བ་སྟེ་ཞེན་པ་ལོག་པ་དང་རེ་ཐག་ཆད་པའི་གཞི་རུ་འགྱུར་ངེས་པ་ཡིན། ཡོད་པ་མི་ལ་མ་ངོམ། གཞན་སེམས་ངན་པ་སྐྱེ་བ་ཡིན། རང་ལ་བདོག་པའི་ལོངས་སྤྱོད་བཟང་ངན་བར་མ་གང་ཡིན་ཡང་མི་གཞན་ལ་མ་ངོམ། ཅིའི་ཕྱིར་ཞེ་ན། མི་གཞན་དང་གཞན་གྱི་སེམས་ལ་ངན་སེམས་སམ་རྐུ་སེམས་སྐྱེ་ངེས་པ་ཡིན་པས་སོ། །མེད་པ་གཞན་ལ་མ་འཁང་། སྙིང་ཚིམ་བསྒྲུབ་ཏུ་འོང་། ལས་ཀྱི་དབང་གིས་རང་ལ་རྒྱུ་ནོར་ཟས་གསུམ་གྱི་མཐུན་རྐྱེན་མེད་པ་སྟེ་འཛོམས་པོ་མ་བྱུང་ན་ཡང་མི་གཞན་དང་གཞན་ལ་མ་འཁང་བའམ་འཁང་ར་མ་བྱེད། ཅིའི་ཕྱིར་ཞེ་ན། ནམ་ཞིག་གཞན་དང་གཞན་གྱི་སྙིང་ཚིམ་སྒྲུབ་པ་སྟེ་འདོད་བློ་བསྐང་བའམ་འདོད་པ་ཚིམ་དུ་འཇུག་ངེས་པ་ཡིན།
དྲག་པོ་དྲག་ཁྱེར་མ་མཁས་ན་ཞན་པར་འགྲོ་བ་ཡིན། དྲག་པོ་སྟེ་དཔའ་བོ་རྣམས་ཀྱིས་དགྲ་འཐབ་དྲག་པོ་སོགས་ཀྱི་བྱ་བ་ཐབས་མཁས་ཀྱི་ལམ་དུ་འཁྱེར་མ་མཁས་ན་ནམ་ཞིག་རང་ཉིད་ཅི་ཡང་མི་ནུས་པའི་ཞན་པ་སྟེ་དཔའ་བོ་ལག་རྡུམ་དུ་མི་འགྲོ་བའི་ངེས་པའང་ཅི་ཡང་མེད། གྲུང་པོ་གྲུང་ཁྱེར་མ་མཁས་ན་གླེན་པར་འགྲོ་བ་ཡིན། གྲུང་པོ་སྟེ་རིག་པ་རྣོན་པོ་དག་གིས་བྱ་བ་གང་དང་ཅི་བྱེད་ཀྱང་རིགས་པས་དཔྱད་དེ་གྲུང་པོའི་ལམ་དུ་འཁྱེར་མ་མཁས་ན་ནམ་ཞིག་རང་ཉིད་ཅི་ཡང་མི་ཤེས་པའི་གླེན་པར་མི་འགྲོ་བའི་ངེས་པའང་ཅི་ཡང་མེད། ཡོད་པ་ཡོད་ཁྱེར་མ་མཁས་ན་ཕོངས་པར་འགྲོ་བ་ཡིན། ཟས་ནོར་གོས་གསུམ་ཅི་ཙམ་ཡོད་ཀྱང་དེ་ཡང་ཡོད་པ་དག་ལོངས་སུ་སྤྱོད་མ་མཁས་པའམ་ཐབས་མཁས་ཀྱི་ལམ་དུ་འཁྱེར་མ་མཁས་ན་ནམ་ཞིག་དབུལ་ཞིང་ཕོངས་པར་མི་འགྲོ་བའི་ངེས་པ་ཡང་ཅི་ཡང་མེད། མཛའ་བ་མཛའ་ཁྱེར་མ་མཁས་ན་འཁོན་དུ་འགྲོ་བ་ཡིན། མཛའ་བ་སྟེ་མི་མཐུན་པ་མེད་ཅིང་སྙིང་ཉེ་བ་དག་གིས་རང་གཞན་གཉིས་ཀ་མཛའ་མཐུན་གྱི་ལམ་དུ་ཐབས་མཁས་ཀྱིས་འཁྱེར་མ་མཁས་ན་ནམ་ཞིག་ཕན་ཚུན་འཁོན་པའམ་སྡང་སེམས་མི་སྐྱེ་བའི་ངེས་པའང་ཅི་ཡང་མེད། ཆེན་པོ་ཆེ་ཁྱེར་མ་མཁས་ན་དམའ་བར་འགྲོ་བ་ཡིན། རང་ཉིད་ཆེན་པོ་ཡིན་པར་རློམ་པའི་བླ་སྐྱ་དཔོན་གསུམ་སུ་ཡིན་ཀྱང་ཆེ་ཁྱེར་མ་མཁས་པ་སྟེ་ཆེན་པོའི་གནས་སམ་དེའི་གོ་ས་རུ་འདུག་རྒྱུའི་ཐབས་མཁས་ཀྱི་ཀུན་སློང་མེད་ཚེ་ནམ་ཞིག་དམའ་བ་སྟེ་ཞབས་འདྲེན་ནམ་ལྟུང་བར་མི་འགྲོ་བའི་ངེས་པའང་ཅི་ཡང་མེད། མཁས་པ་མཁས་ཁྱེར་མ་མཁས་ན་བླུན་པོར་འགྲོ་བ་ཡིན། མདོ་རྒྱུད་རིག་གནས་དང་བཅས་པ་ལ་ཐོགས་རྡུགས་མེད་པར་མཁས་པའི་མཁས་པ་རྣམས་ཀྱང་མཁས་ཁྱེར་མ་མཁས་པ་སྟེ་མཁས་པའི་ཚུལ་དགུ་ལ་གནས་མ་མཁས་ན་ནམ་ཞིག་རྨོངས་པའི་གཞན་དབང་དུ་གྱུར་བའི་བླུན་པོ་རུ་མི་འགྱུར་བའི་ངེས་པའང་ཅི་ཡང་མེད། བཙུན་པ་བཙུན་ཁྱེར་མ་མཁས་ན་འཆལ་བར་འགྲོ་བ་ཡིན། བཙུན་པ་སྟེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རྣམས་ཀྱིས་བཙུན་ཁྱེར་མ་མཁས་པ་སྟེ་ཚངས་སྤྱོད་བརྟུལ་ཞུགས་སམ་དགེ་ཚུལ་སློང་གི་བཅས་ཁྲིམས་ཐབས་མཁས་ཀྱིས་ཚུལ་བཞིན་བསྲུང་མ་ནུས་པར་གྱུར་ཚེ་རང་རྒྱུད་ཀྱི་བསྲུང་བྱའི་སྡོམ་ཁྲིམས་འཆལ་བ་སྟེ་ཉམས་ངེས་པ་ཡིན་ཅེས་པའོ། །
ལར་གསར་འགྲོགས་ཆེ་བའི་གཉེན་བས་ཕྱི་ཐག་རིང་བའི་དགྲས་དགའ་བ་ཡིན། སྤྱིར་ཨ་གསར་དང་གསར་འགྲོགས་ཆེ་བའི་གཉེན་ཉེ་དུ་ཞིག་ལ་ལྟོས་ན་ཕྱི་ཐག་རིང་བའི་དགྲ་ཞིག་ཡིན་ཡང་དེས་དགའ་བའམ་དེ་བཟང་བ་ཡིན། ངན་པའི་དཔོན་བས་བཟང་བོའི་གཡོག་གིས་དགའ་བ་ཡིན། རང་བཞིན་དང་བྱ་སྤྱོད་ངན་པའི་དཔོན་པོ་ཞིག་ལ་ལྟོས་ན་མི་གཤིས་དང་ཀུན་སྤྱོད་ལེགས་པའི་གཡོག་པོ་ཞིག་གིས་དགའ་བའམ་དེ་མཛེས་པའམ་མཛེས་པ་ཡིན། ཡོན་ཏན་མེད་པའི་གྲལ་མགོ་བས་བཟང་བོའི་གྲལ་མཇུག་དགའ་བ་ཡིན། ཡོན་ཏན་ཏིལ་འབྲུ་ཙམ་ཡང་མེད་པར་མང་པོ་འཚོགས་སའི་གྲལ་གྱི་མགོ་ན་བསྡད་ཡོད་པ་ཞིག་ལ་ལྟོས་ན་མི་གཞི་བཟང་ཞིང་ཡོན་ཏན་ལྡན་པ་ཞིག་མང་པོ་འཚོགས་སའི་གྲལ་གྱི་མཇུག་ན་ཡོད་པ་དེ་དགའ་བའམ་དེ་མཛེས་པ་ཡིན། ཁས་ལེན་མང་ན་མི་ངན་དུ་འགྲོ་བ་ཡིན་པས་ཁས་ལེན་མ་མང་། དོན་བྱ་ཆེ་ཆུང་གང་ཡིན་ཡང་ངས་བསྒྲུབ་དང་ངས་བྱེད་ཀྱི་ཁས་ལེན་དམ་བཅའ་ཇེ་མང་དུ་བཏང་ན་ནམ་ཞིག་མ་གྲུབ་པའི་ཚེ་ན་མི་ངན་གྱི་གྲས་སུ་འགྲོ་བ་སྟེ་བགྲང་རྒྱུ་ཡིན་པས་ལས་དོན་གང་ལའང་ཁས་ལེན་མ་མང་། མ་བཤད་ན་ཕས་ཀྱང་མི་གོ་བས་ལྷུག་པོར་ཤོད། གོ་བརྡ་འཕྲོད་པ་ཞིག་དང་གསལ་པོར་མ་བཤད་ན་སྐྱེད་བྱེད་རང་གི་ཕ་ཡིན་ཀྱང་དོན་མི་གོ་བ་སྟེ་མི་རྟོགས་པས་ལྷུག་པོ་སྟེ་བར་མཚམས་མེད་པར་གོ་བརྡ་འཕྲོད་རག་གི་བར་དུ་སྐྱོ་ངལ་མེད་པར་ཡང་ཡང་ཤོད། མ་བསྐུལ་ན་བུས་ཀྱང་མི་ཉན་པས་སྐུལ། རྔ་ལ་དབྱུ་གུ་ཇི་བཞིན་ཡང་ཡང་མ་བསྐུལ་ན་རང་གི་ཤ་དང་ཁྲག་ལས་ཆད་པའི་བུས་ཀྱང་ཉན་མི་འདོད་པས་ཡང་ཡང་སློབ་གསོ་དང་སྐུལ་མ་ནན་མོ་གཏོང་དགོས་པ་ཡིན། མ་བསླབ་ན་སུས་ཀྱང་མི་ཤེས་པས་མཁས་པ་སློབས། རིག་གནས་ཆེ་ཆུང་བཅུ་ལ་བརྩོན་པས་མ་བསླབས་ན་བླ་དཔོན་ཡིན་ཡང་ཤེས་མི་ཐུབ་པས་མཁས་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་ཡང་ཡང་སློབས་ཤིག་ཅེས་སྐུལ་བ་ཡིན། མ་བྱིན་ན་བུ་ཡང་འཁོར་དུ་མི་འདོད་པས་བག་ཙམ་རེ་བྱིན། སྟེར་བའི་སར་གཏན་དུ་མ་འགྲོ སྒྱུ་མའི་ནོར་རྫས་མ་བྱིན་ན་རང་གི་ཤ་ཁྲག་ལས་ཆད་པའི་བུ་དང་ཚ་བོ་དག་ཀྱང་ནང་གི་འཁོར་དུ་འདུ་མི་འདོད་པ་ཡིན་ན་མི་ཐམས་ཅད་ཀྱི་འདོད་བློ་གཅིག་མཚུངས་ཡིན་པས་བག་ཙམ་མམ་ཉུང་ཙམ་རེ་ཅིས་ཀྱང་སྟེར་དགོས་པ་ཡིན། ཡིན་ན་ཡང་ཕར་སྟེར་སའི་སའམ་ཕར་ཕྱོགས་སུ་སྟེར་གྱིན་མ་འགྲོ། བྱམས་པའི་མི་སུན་དུ་མ་འཇུག འབྲེལ་ཆད་པ་ཡིན། ཧ་ཅང་བྱམས་པ་དང་བརྩེ་བའི་མི་ཡིན་ན་དེ་དག་སྡང་སེམས་དང་སྡུག་སྣང་ལ་སྦྱར་དྲགས་ན་ནམ་ཞིག་མི་འདོད་པ་འབྱུང་བས་སུན་སྣང་སྐྱེ་རུ་མ་འཇུག ཅིའི་ཕྱིར་ཞེ་ན། ཕན་ཚུན་བར་གྱི་འབྲེལ་བའི་བར་མཚམས་ཆད་འགྲོ་བ་ཡིན། སྡང་བའི་དགྲ་ཉེ་སར་མ་བཞག རང་གི་གོང་དུ་ཤོར་བ་ཡིན། ཞེ་ནས་སྡང་སེམས་ཆེ་བའི་དགྲ་ཞིག་ཡིན་ན་རང་དང་བར་ཐག་ཆེས་ཉེ་བའི་སའམ་ཧ་ཅང་ཉེ་བའི་ཕྱོགས་སུ་མ་བཞག་གམ་མ་འཇོག ཅིའི་ཕྱིར་ཞེ་ན། རང་གི་གོང་ངམ་རང་གི་མགོར་ཤོར་ངེས་པ་ཡིན། མི་གང་ལ་ཡང་ངན་བཅད་མ་བྱེད། ཕན་སུས་ཐོགས་མི་ཤེས། མི་སུ་དང་གང་ཞིག་ཡིན་ཡང་དེ་ལ་ངན་བཅད་དེ་གནོད་པ་དང་བསམ་ངན་མ་བྱེད། ཅིའི་ཕྱིར་ཞེ་ན། རང་ལ་དངོས་དང་བརྒྱུད་ནས་ཕན་སུས་ཐོགས་སུས་ཀྱང་མི་ཤེས་པ་ཡིན། བཅོལ་བའི་ལས་གོ་ཆོད་པ་གྱིས། རང་མགོ་ཐོན་འོང་བ་ཡིན། རང་ལ་བཅོལ་བའི་ལས་དང་བྱ་བ་ཡིན་ན་གོ་ཆོད་པ་དང་ཕན་ཐོགས་པའི་སྒོ་ནས་བསྒྲུབ་པར་གྱིས། ཅིའི་ཕྱིར་ཞེ་ན། རང་མགོ་རང་གིས་ཐོན་འོང་བ་སྟེ་རང་ནུས་ལ་བརྟེན་པ་དང་ཕན་སེམས་ཆེ་ན་ད་གཟོད་ནུས་པ་ཐོན་འོང་བ་ཡིན། རྫུན་དང་གཡོ་སྒྱུ་སྤོངས་དང་གར་ཡང་འགྲིམས་པ་ཡིན། རང་གཞན་གཉིས་ཀ་བསླུ་བར་བྱེད་པའི་རྫུན་དང་། རང་གི་ཉེས་པ་གཞན་ལ་མི་མངོན་པར་སྦ་བར་འདོད་པའི་གཡོ་དང་། རང་ལ་ཡོན་ཏན་མེད་ཀྱང་ཡོད་པ་ལྟར་སྟོན་པའི་སྒྱུ་སོགས་སྤོངས་པར་གྱིས་དང་གར་ཏེ་ས་གནས་གང་དུ་འགྲིམས་པ་སྟེ་ཕྱིན་ཆོག་ཆོག་དང་རིན་དུ་ཕབ་དཀའ་བ་དང་བྲིན་ངེས་པ་ཡིན། ཁ་ཉུང་ལ་ལག་གཙང་བར་གྱིས་དང་ཐམས་ཅད་རང་ལ་བྱམས་པ་ཡིན། ཁ་ཉུང་བ་སྟེ་སྨྲ་བ་གཏམ་གྱི་སྒོ་མི་འབྱེད་པ་དང་། ལག་གཙང་བ་སྟེ་རྐུ་འཕྲོག་བཅོམ་པ་མེད་པར་གྱིས་དང་གཞན་ཐམས་ཅད་རང་ཉིད་ལ་བྱམས་ཤིང་སྙིང་ཇེ་ཉེ་རུ་འགྲོ་བ་ཡིན། མི་གཞི་ཡག་ལ་རང་འདོད་ཉུང་ངུ་གྱིས་དང་ཀུན་དང་མཐུན་པར་འོང་ངོ་། །མི་གཞི་ནི་མི་གཤིས་སམ་རང་བཞིན་ཟོ་ཡག་ཅིང་འདོད་ཆུང་ཆོག་ཤེས་དང་རང་འདོད་དམ་རང་ཁོ་ནའི་ཁེ་ཕན་གྱི་ཀུན་སློང་ཉུང་ངུ་གྱིས་དང་སེམས་ཅན་ཀུན་དང་ནམ་ཡང་མཐུན་པ་སྟེ་མི་འགྱུར་བའི་མཛའ་བོ་རུ་འགྱུར་ངེས་པ་ཞིག་འོང་བ་ཡིན་ནོ། །
བློ་ཁོག་ཆུང་ལ་སྣ་ཐུང་བའི་མི་ལ་ཀུ་རེ་མ་བྱེད། བློ་རྒྱ་དང་ཁོག་རྒྱ་ཆུང་ཞིང་སྣ་ཐུང་བ་སྟེ་ངང་ཐུང་ངམ་ཁོང་ཁྲོ་སྐྱེ་སླ་བའི་མི་ལ་ཀུ་རེ་མ་བྱེད། ཁ་འཇམ་ལ་གཏིང་དྲགས་པའི་མི་ལ་འབྲེལ་བ་མ་བྱེད། ཁའམ་ངག་ཚིག་འཇམ་པོའམ་ཁ་ཡག་ངོ་དགའ་ཅན་ཡིན་པ་ལ་གཏིང་དྲགས་པ་སྟེ་ཁོག་གཙོག་པའི་མི་ལ་འབྲེལ་བ་མ་བྱེད། ལྐུགས་པ་ང་རྒྱལ་ཅན་ལ་ཤ་ཚ་སྤངས། མཚང་ནས་འདྲུ་མ་བསླབས། དགེ་སྡིག་བླང་དོར་གྱི་རྣམ་བཞག་མི་ཤེས་པའི་ཡིད་ལྐུགས་པ་ང་རྒྱལ་ཅན་གྱི་མི་ལ་ཤ་ཚ་བ་དང་སྙིང་ཉེ་བའི་བསམ་བློ་སྤངས་པ་དང་། མི་དེའི་སྐྱོན་དང་ཉེས་པའམ་མཚང་ནས་འདྲུ་བ་ལ་མ་བསླབས་ཞེས་མཚང་ནས་མི་འདྲུ་བ་དང་མཚང་ལ་མི་རྒོལ་བ་ཡིན། ཕྱི་ཐག་ཐུང་བའི་མི་དང་འཕྲལ་ཉམས་དགའ་ཡང་མ་འགྲོགས། ཕྱི་ཐག་ཐུང་བའི་མིའམ་འགྲོགས་ཡུན་ཐུང་བའི་མི་དེ་འཕྲལ་ལམ་གནས་སྐབས་སུ་ཉམས་དགའ་བ་ལྟར་སྣང་ཡང་མཐའ་སྐྱོང་དཀའ་བས་མ་འགྲོགས་པ་བཟང་། ཞེ་ནག་པའི་མི་འཕྲལ་ཁ་འཇམ་ཡང་བློ་མ་གཏོད། ཞེ་ནག་པའམ་སེམས་ནག་བསམ་ངན་ཅན་གྱི་མི་དེ་འཕྲལ་ལམ་གནས་སྐབས་སུ་ཁ་འཇམ་ཡང་དེ་ལ་ནམ་ཡང་བློ་མ་གཏོད། བློ་འདྲིས་ཆུང་བའི་མི་ལ་བློ་མ་འགེལ། བློ་འདྲིས་ཆུང་བ་སྟེ་འབྲེལ་འདྲིས་བྱས་མ་མྱོང་བ་དང་ཆ་མེད་རྒྱུས་མེད་ཀྱི་མི་ལ་བློ་མ་འགེལ་བ་སྟེ་སེམས་མ་གཏོད། གལ་ཆུང་བའི་མི་དང་གཏམ་ཁ་སྐྱར་མ་བཤད། གལ་ཆུང་བའི་མི་དང་འགངས་མི་ཆེ་བའི་མི་དང་དོ་སྣང་བྱེད་རིན་མེད་པའི་མི་ལ་གཏམ་ཁ་སྐྱར་ཏེ་ལན་གྲངས་མང་པོའི་བར་རམ་བསྐྱར་ཟློས་ཀྱིས་གཏམ་མམ་ཁ་བརྡ་མང་དུ་མ་འཇུག དོན་མེད་པའི་ལས་ལ་བརྩོན་འགྲུས་མ་ཆེ། དོན་མེད་པའི་ལས་དང་རིན་ཐང་ཆུང་བའི་བྱ་བ་དང་སྙིང་པོ་མེད་པའི་ལས་ལ་བརྩོན་འགྲུས་མ་ཆེ་སྟེ་བརྩོན་འགྲུས་ཆེན་པོ་མ་བྱེད། སོད་རྟིང་དགྲ་ལ་སྙིང་ཁམས་མ་ཆུང་། སོད་ཅེས་པ་ནི་སྲོག་གི་དབང་པོ་དགག་པ་དང་སྲོག་འཚོ་བའི་རྒྱུན་བཅད་པ་ཡི་སྐུལ་ཚིག་ཡིན་ལ། དོན་ལ་ཕ་རོལ་བའི་དགྲ་དེ་བསད་པའི་རྟིང་ངམ་རྗེས་སུ་སྐྲག་ཀྱང་མི་ཕན་པས་སྙིང་ཁམས་མ་ཆུང་ཞེས་མ་སྐྲག་མ་འཇིགས་པར་སྙིང་སྟོབས་ཆེར་བསྐྱེད་བྱེད་དགོས་པ་ཡིན། འབབ་ངེས་པའི་ཁྲལ་བཞིན་དུ་གྱིས། རང་ཉིད་ལ་འབབ་ངེས་པ་དང་རང་ཉིད་ཀྱིས་ཁུར་འོས་པའི་ཁྲལ་ཡིན་ན་དེ་བཞིན་དུ་དང་ལེན་གྱིས། དགོས་ངེས་པའི་གྲོགས་པོ་མདངས་དང་འཛུམ་གྱིས་སུས། དགོས་ངེས་པ་སྟེ་མངོན་ལྐོག་གཉིས་ཆར་ནས་མེད་ཐབས་མེད་པའི་གྲོགས་པོ་ཡིན་ན་རྒྱུན་ཏུ་དགའ་བའི་མདངས་དང་དགོད་པའི་འཛུམ་གྱིས་སུས་ནི་སྐུལ་ཚིག་ཡིན་པས་ལན་དང་གྲངས་ལ་མ་ལྟོས་པར་བསུ་དགོས་པ་བསྟན་པ་ཡིན་ནོ། །
གྲོས་ཐམས་ཅད་ལ་ནམ་ཕུགས་འབྲས་བུ་ཆེ་ཆུང་སོམས། འཕྲལ་གྱིས་ཁེ་ཆེ་ཆུང་བརྩི། བསྒྲུབ་ན་འགྲུབ་མི་འགྲུབ་བརྩི་བ་སྟེ་བརྟག་པ་གལ་ཆེའོ། །ལས་དོན་དེའི་གྲོས་བསྡུར་ཆེ་ཆུང་ཐམས་ཅད་ལ་ནམ་ཕུགས་ཀྱི་འབྲས་བུའམ་དགེ་མཚན་ཆེ་ཆུང་ལ་ངེས་པར་དུ་བསམ་བློ་གཏོང་དགོས་པ་དང་། འཕྲལ་ལམ་གནས་སྐབས་ཀྱི་ཕན་ཁེ་གང་ཆེ་གང་ཆུང་བརྩི་བ་སྟེ་བརྟག་རྒྱུ་དང་། དོན་བྱ་དེ་བསྒྲུབ་ན་འགྲུབ་མི་འགྲུབ་དང་འབྲས་བུ་འབྱུང་མི་འབྱུང་བརྩི་བ་སྟེ་ཡང་ཡང་བརྟག་པ་ཤིན་ཏུ་གལ་ཆེ་བ་ཡིན། སྔར་གྱི་གྲོས་ལེགས་ཉེས་ད་ལྟ་སོམས། མ་འོངས་པའི་གྲོས་ཀྱི་འབྲས་བུ་ད་ལྟ་སོམས། སྔར་མང་པོ་འདུས་ནས་བགྲོས་པ་ལས་བྱུང་བའི་གྲོས་ཀྱི་ལེགས་ཉེས་སམ་བཟང་ངན་དེ་དུས་ད་ལྟ་ཐུགས་བསམ་གང་ཟབ་གནང་དགོས་པར་མ་ཟད། མ་འོངས་འབྱུང་འགྱུར་གྱི་བགྲོ་བྱའི་གྲོས་ཀྱི་འབྲས་བུ་ལེགས་ཉེས་སམ་བཟང་ངན་ལ་ཡང་དུས་ད་ལྟ་བསམ་གཞིགས་དང་རྟོག་དཔྱོད་གང་ལེགས་གནང་དགོས་པ་ཡིན། གཞན་གྱི་གྲོས་ལེགས་ཉེས་ཀྱི་དཔེ་རང་ལ་ཞོག གཞན་གྱི་ཚོགས་མི་དང་མི་གཞན་དག་གིས་བགྲོ་བྱའི་གྲོས་ཁ་བསྡུར་བ་ལ་བརྟེན་ནས་བྱུང་བའི་གྲོས་ཀྱི་མཇུག་འབྲས་ལ་ལེགས་ཉེས་དང་བཟང་ངན་ཅི་བྱུང་ཡང་གཞན་དཔེ་རང་གི་སྟེང་དུ་འཇོག་དགོས་པ་ཡིན། གྲོས་ལ་མི་དབང་བའི་མི་གྲོས་སར་མ་འབོད། གྲོས་སྟབས་ལ་མི་ཕེབས་པ་ཡིན། གྲོས་ལ་མི་དབང་བ་སྟེ་གྲོས་ཁ་བསྡུར་བ་ལ་བློ་གྲོས་ཀྱི་རྩལ་མི་མངའ་བའི་མི་གྲོས་བསྡུར་བྱེད་སར་མ་འབོད། གལ་ཏེ་བོས་པ་ཡིན་ན་གྲོས་སྟབས་ལ་མི་ཕེབས་པ་སྟེ་གྲོས་ཐོག་ཏུ་མི་ཕྱོགས་པའམ་གྲོས་བསྡུར་གྱི་འགྲོ་སྟངས་ལེགས་ལམ་དུ་མི་འགྲོ་བ་ཡིན། གྲོས་ལ་མི་དབང་བའི་མི་ནུས་མེད་དང་གྲོས་ལ་མི་དགའ་བའི་མི་མ་བཀུག གྲོས་ཀྱི་དཀྲིགས་ཤིང་བྱེད་པ་ཡིན། གྲོས་ལ་མི་དབང་བའི་མི་ནུས་མེད་དང་གྲོས་ལ་མི་དགའ་བའི་མི་དང་གྲོས་ལ་མི་ཕན་པའི་མི་ཡིན་ན་གྲོས་བསྡུར་གྱི་ཚོགས་རར་མ་བཀུག་པ་སྟེ་མ་འབོད། གལ་ཏེ་བོས་པ་ཡིན་ན་གྲོས་ཀྱི་བྱ་བ་བཟང་ལམ་དུ་མི་འཇོག་པའི་དཀྲིགས་ཤིང་བྱེད་པ་ཡིན། མང་པོའི་ནང་དུ་གྲོས་མ་གླེངས། ཀུན་གྱིས་ཚོར་བ་ཡིན། མི་མང་པོ་འདུ་སའམ་ཚོགས་པའི་སར་བགྲོ་བྱའི་གྲོས་ཁ་མི་གླེང་བ་དགའ་བ་ཡིན། གལ་ཏེ་དེ་འདྲ་གླེང་ཚེ་མི་ཀུན་གྱིས་ཚོར་བའམ་གསང་བ་ཕྱི་ལ་འཆོར་ངེས་པ་ཡིན། གྲོས་མ་གྲུབ་པ་མ་བཤད། ཡལ་ནས་འགྲོ་བ་ཡིན། ཡང་ཡང་གྲོས་ཁ་བསྡུར་ནས་མ་གྲུབ་པ་སྟེ་ཐག་གཅིག་ཐོག་ཏུ་མ་བཅད་ཀྱི་བར་དུ་གསང་བྱ་གཞན་ལ་མ་བཤད། གལ་ཏེ་ཕྱི་ལ་བསྒྲགས་ན་ཡལ་ནས་འགྲོ་ངེས་པ་ཡིན། གྲོས་མང་སར་བགྲོས་ན་བློ་སྐྱེ་བ་ཡིན། གྲོས་ཁ་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་མང་པོ་འཛོམས་པའི་སར་བགྲོས་པ་སྟེ་གྲོས་བྱས་ན་མང་པོའི་རིག་པ་གསེར་ཞེས་པའི་དཔེ་ལྟར་བློ་གྲོས་སྐྱེ་བ་དང་བློ་ཁ་འཕེལ་བ་ཡིན། རྒན་རིམ་ལ་གྲོས་དྲིས་ན་མི་འགྱོད་པ་ཡིན། འཇིག་རྟེན་གྱི་བྱ་བཞག་ལ་གོ་མྱོང་རྟོགས་གསུམ་ཡོད་པའི་རྒན་རིམ་དག་ལ་གྲོས་འདྲི་བ་དང་བློ་ཁ་བསྡུར་ན་རང་ཉིད་ལ་ནམ་ཡང་མི་འགྱོད་པའི་གདེང་ཐོབ་པ་ཡིན། ཤ་ཚ་བ་ལ་གྲོས་བསྡུར་དུ་བཏུབ་པ་ཡིན། སྙིང་ཉེ་ཞིང་ཤ་ཚ་བའི་རིགས་ཅན་ཡིན་ན་དོན་བྱ་གང་ལ་གྲོས་ཁ་བསྡུར་ཡང་བཏུབ་པ་སྟེ་ཐུབ་པའི་དཔའ་གདེང་དང་འགྲུབ་པའི་གདེང་ཚོད་ཡོད་པ་ཡིན། ཉམས་ཅན་ལ་གྲོས་དྲི་ན་མཐའ་ཆོད་པ་ཡིན། ཉམས་ཅན་ཏེ་མི་ཉམས་མྱོང་ཅན་ལ་བློ་འདྲི་གྲོས་ཁ་བསྡུར་ན་མཐའ་ཆོད་པ་སྟེ་དོན་བྱ་དེའི་མཐའ་འབྲས་ལེགས་པོ་འབྱུང་བ་ཡིན། གྲོས་མ་བཤད་ན་གང་དུ་ཡང་བསྒྱུར་དུ་བཏུབ་པ་ཡིན། གྲོས་རིམ་ཇི་ལྟར་ཐག་བཅད་པ་གསང་ཚུགས་ནས་གཞན་ལ་མ་བཤད་ན་གང་གི་སྟེང་དུ་བཞག་ཀྱང་བསྒྱུར་དུ་བཏུབ་པ་སྟེ་བསྒྱུར་ཆོག་ཆོག་ཡིན། གྲོས་ལ་བསམ་གཞིག་བཏང་ན་འཕར་འབུབ་ཆུང་བ་ཡིན། གྲོས་ལ་བསམ་གཞིགས་དང་བརྟག་དཔྱད་མང་དུ་བྱས་ན་འཕར་འབུབ་སྟེ་ཉེན་ཁ་དང་དགའ་ན་དགའ་སླ་བ་དང་ཁྲོ་ན་ཁྲོ་སླ་བ་ཆུང་བ་སྟེ་མང་དུ་མི་འབྱུང་བ་ཡིན། གྲོས་ཐག་མ་བཅད་ན་བསྲིང་དུ་བཏུབ་པ་ཡིན། མང་པོས་བསྡུར་ཏེ་གྲོས་གང་བྱས་ཐག་གཅིག་ཐོག་ཏུ་མ་བཅད་པ་ཡིན་ན་དོན་བྱ་གང་ཡིན་ཡུན་རིང་པོའི་བར་དུ་བསྲིང་དགོས་པ་བྱུང་ན་ཡང་བསྲིང་དུ་བཏུབ་པ་སྟེ་བསྲིང་ཐུབ་པ་དང་བསྲིང་ཆོག་ཆོག་ཡིན། གྲོས་མ་ཐལ་ན་བཅོས་སུ་བཏུབ་པ་ཡིན། གྲོས་ཐག་བཅད་པ་མ་ཐལ་བ་སྟེ་ཐལ་མ་དྲགས་ན་དེ་ལ་བཅའ་བཅོས་དང་བཟོ་བཅོས་རེ་བྱས་ཀྱང་བཏུབ་པ་སྟེ་ཐུབ་པ་ཡིན། གྲོས་ཡུན་རིང་དུ་བྱས་ན་གཟབ་ཏུ་བཏུབ་པ་ཡིན། གྲོས་ཁ་ཡུན་རིང་པོའི་བར་དུ་དཔྱོད་ལྡན་མང་པོས་བསྡུར་ཏེ་ཐག་གཅོད་བྱས་ན་གཟབ་ནན་དང་བག་ཟོན་བྱེད་ཐུབ་པ་ཡིན། གྲོས་སྣ་མང་དུ་བྱས་ན་འདོམ་དུ་བཏུབ་པ་ཡིན། ལས་གང་ལ་གྲོས་ཁ་བསྡུར་བའི་ཚེ་དོན་བྱ་སྣ་མང་པོའི་སྒོ་ནས་བསྡུར་ཏེ་ཐག་གཅོད་བྱས་ན་གཞན་དང་གཞན་ལ་འདོམ(འདིར་འདོམ་གྱི་ས་ཆད་པ་འདྲ)དུ་བཏུབ་པ་སྟེ་གདམས་ཐུབ་པ་ཡིན། གྲོས་མགོ་ལ་ལོང་། གྲོས་ཚོགས་བསྡུས་མ་ཐག་ཏུ་ཀུ་རེ་དང་དགོད་སྒྲའི་དབང་དུ་མ་སོང་བར་བགྲོ་བྱའི་གྲོས་ཁ་མགོ་ལ་ལོང་ཞེས་དུས་ལྟར་གྲོས་མགོ་བསྡུ་དགོས་པ་བསྟན་པ་ཡིན། གྲོས་རྒྱུ་འགབ་ལ་ཚོལ། དེ་རིང་གི་དོན་བྱ་འདི་ལ་གྲོས་ཁ་བསྡུར་བའི་ཚེ་ན་རྒྱུ་མཚན་འགའ་རེ་མེད་མི་སྲིད་པས་འགབ་ལ་ཚོལ་ཞེས་མཇུག་ཏུ་གྲོས་རྒྱུ་འོས་ཤིང་འཚམ་པ་རེ་འཚོལ་དགོས་པ་ཡིན། དགོས་དོན་བསྡུས་ལ་ཕོག་པར་སྨྲོས། འཆད་དགོས་ངེས་ཀྱི་ནང་དོན་ཉོག་བཤད་ཀྱི་དབང་དུ་མ་སོང་བར་དོན་བསྡུས་ཏེ་གནད་ལ་ཕོག་པ་སྨྲོས་ཞེས་འཆད་དགོས་པ་ཡིན། གྲོས་གཞུག་ནན་ལ་སྡུས་ཨང་། གྲོས་གཞུག་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སྡུས་པ་སྟེ་སྡོམ་ཚིག་འགོད་པ་དང་གྲོས་ཚོགས་ཀྱི་ཆོད་ཡིག་འགོད་དགོས་པ་ཡིན། གྲོས་ལ་བརྒྱའམ་སྟོང་བཤད་ཀྱང་ལྷུན་གྲུབ་བསོད་ནམས་ལས་བྱུང་བ་དང་། བརྟག་དཔྱད་ཕོ་ཚོད་ལས་བྱུང་བ་དང་གཉིས་ལས་མེད་དོ། །གྲོས་ལ་བརྒྱ་བཤད་སྟོང་བཤད་གང་བཤད་ཀྱང་ལྷུན་གྲུབ་བསོད་ནམས་ལས་བྱུང་བ་སྟེ་དགེ་བ་དང་བསོད་ནམས་ཀྱིས་ལྷུན་གྲུབ་ཏུ་འགྱུར་བ་སོགས་མང་བཀུར་རྒྱལ་པོའི་རྣམ་ཐར་ལས་བྱུང་བ་ལྟར་དང་། རིགས་པ་ཡང་དག་གིས་ཡང་ཡང་བརྟག་ཅིང་དཔྱད་པ་ལས་བྱུང་བའི་གྲོས་གཉིས་ལས་ལོགས་སུ་ཡན་གར་བ་ཞིག་མེད་དོ། །
ཁ་ཉུང་བ་དང་གཅིག ཁོག་ཡངས་པ་དང་གཉིས། གཏམ་དྲང་བ་དང་གསུམ། བསམ་མནོ་གཏོང་བ་དང་བཞི། ཉེ་རིང་མ་བྱེད་པ་དང་ལྔ། རང་འདོད་ཆུང་བ་དང་དྲུག་པོ་དེ་གཙོ་བོ་ལ་གལ་ཆེ་བ་ཡིན་ནོ། །སྨྲ་བ་ཉུང་བ་དང་གཅིག ཁོག་རྒྱ་ཆེ་བ་དང་གཉིས། རྫུན་མ་འདྲེས་པ་དང་གསུམ། སྔ་འདང་ཕྱི་འདང་ཕོག་པ་དང་བཞི། ཉི་ཟླ་དབྱིངས་ནས་འཆར་བ་ལྟར་ཆགས་སྡང་མེད་པ་དང་ལྔ། འདོད་ཆུང་ཆོག་ཤེས་ཅན་དང་དྲུག་པོ་དེ་གཙོ་བོ་བླ་དཔོན་རྒན་གསུམ་ལ་གལ་དང་འགངས་ཆེ་བ་ཡིན་ནོ། །
གཏོང་ཕོད་ཆེ་བ་དང་གཅིག གདོང་དྲག་པ་དང་གཉིས། བློ་བརྟན་པ་དང་གསུམ། འགྲན་ཐུབ་པ་དང་བཞི། སྟོབས་ཆེ་བ་དང་ལྔ། ཚོད་ཟིན་པ་དང་དྲུག་པོ་དེ་སྟག་ཤར་ལ་གལ་ཆེ་བ་ཡིན་ནོ། །སེར་སྣས་མ་གོས་པ་དང་གཅིག ཞུམ་མེད་སྙིང་སྟོབས་ལྡན་པ་དང་གཉིས། རང་གཤིས་ལ་འགྱུར་བ་མེད་པ་དང་གསུམ། ཕོ་རྩལ་སྣ་དགུ་ལ་བྱང་ཆ་ཐོན་པ་དང་བཞི། རྩལ་བོ་ཆེའི་ཁྱད་ཆོས་ཚང་བ་དང་ལྔ། རང་ཚུགས་ཐུབ་པ་དང་དྲུག་པོ་དེ་གཞོན་ནུ་སྟག་ཤར་ལ་གལ་འགངས་ཆེ་བ་ཡིན་ནོ། །
ཆོ་རིགས་བཙུན་པ་དང་གཅིག ཁྲེལ་འཛེམ་ཆེ་བ་དང་གཉིས། ནོར་བསོགས་ཤེས་པ་དང་གསུམ། འཁོར་བསྐྱང་ཤེས་པ་དང་བཞི། ལུས་ཐུབ་པ་དང་ལྔ། གྲོགས་ལྷར་མཐོང་བ་དང་དྲུག་པོ་དེ་མོ་བཙུན་ལ་གལ་ཆེ་བ་ཡིན་ནོ། །རིགས་རུས་མཐོན་པོའི་མི་རྒྱུད་ཅན་དང་གཅིག ངོ་ཚ་བག་ཡོད་ཀྱི་སྤྱོད་པ་དང་གཉིས། ཁྱིམ་ནོར་མང་དུ་གསོག་ཤེས་པ་དང་གསུམ། འཁོར་འབངས་བྱམས་པས་སྐྱོང་མཁས་པ་དང་བཞི། སྨད་འཚོང་མའི་ལས་མི་བྱེད་པ་དང་ལྔ། རང་གི་སྐྱེས་པ་ལ་བརྩི་མཐོང་ཆེ་བ་དང་དྲུག་པོ་དེ་མོ་བཙུན་བུད་མེད་མཛངས་མ་ལ་གལ་འགངས་ཆེ་བ་ཡིན་ནོ། །
གསུམ་པ། ཐ་མར་དགེ་བ་མཇུག་གི་དོན།
ཀྱེ་ཀྱེ། ཞེས་པས་ཀུན་ལ་ཕན་པའི་བསྟན་བཅོས་ལེགས་བཤད་འཕྲུལ་གྱི་དྲྭ་བ་ཞེས་པ་འདི་ཉིད་བརྩམས་པ་ལ་ངོ་མཚར་བའི་ཚིག་བརྗོད་པ་ཡིན་ལ། ཀྱེ་མ་ཀྱེ་མ། ཞེས་པས་སྐབས་དེའི་སྤྱི་ཚོགས་སུ་ཡི་མུག་པའི་སྲོལ་ངན་རབ་དང་རིམ་པ་མང་པོ་ཞིག་དར་བཞིན་པའི་ཚུལ་ལ་ཐུགས་ཤིན་ཏུ་སྐྱོ་བའི་ངང་སྨྲེ་སྔགས་ཀྱི་ཚིག་ཏུ་བརྗོད་པ་ཡིན།
རྒྱལ་ཁམས་བསྐོར་བས་ཆོས་ལུགས་མང་པོ་མཐོང་། །བློ་གྲོས་རྣོ་བས་ཕྱི་ནང་སྐྱོན་ཡོན་རིག །རྣམ་འབྱེད་གཟེ་བས་བསྟན་བཅོས་འདི་བརྩམས་སོ། །ཞེས་པ་སྟེ། ཕྱོགས་མེད་ཀྱི་རྒྱལ་ཁམས་མང་དུ་འགྲིམས་ཤིང་བསྐོར་བ་ལས་ཕྱི་ནང་གི་ཆོས་ལུགས་མང་པོའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མཐོང་བ་སྟེ་རྟོགས་ཡོད་པ་དང་། བློ་གྲོས་རྣོ་བ་སྟེ་ཤེས་རབ་ཀྱི་སྒོ་འཕར་ཡངས་པོར་ཕྱེས་པས་ཕྱི་མི་རིགས་མི་གཅིག་པ་དང་ནང་རང་གི་མི་རིགས་ཏེ་དེ་དག་གི་འགྲོ་འདུག་ཟས་སྤྱོད་བརྡ་སྤྲོད་སོགས་ཀྱི་སྐྱོན་དང་ཡོན་ཏན་མང་དུ་རིག་ཡོད་པ་དང་། རྣམ་འབྱེད་གཟེ་བའམ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཁྱེན་དཔྱོད་ཀྱི་རྩལ་རྒྱས་པ་སྟེ་རྒྱུ་རྐྱེན་འདི་དག་ལ་བརྟེན་ནས་ད་གཟོད་ཀུན་ལ་ཕན་པའི་བསྟན་བཅོས་ལེགས་བཤད་འཕྲུལ་གྱི་དྲྭ་བ་ཞེས་བྱ་བ་འདི་བརྩམས་པ་ཡིན་ནོ། །ཞེས་པའོ། །
འདི་བཀོད་དགེ་བས་བདག་བློ་གླང་ཆེན་རབ་བརྟན་པར། །ཕན་བདེའི་ལུས་རྒྱས་ལེགས་བཤད་དྲྭ་བས་རབ་བརྒྱན་ནས། །ཐོས་མང་རལ་གྲིའི་ཤེས་རབ་བློ་གྲོས་སྣར་བཟུང་སྟེ། །གཏི་མུག་བླུན་རྨོངས་གཡུལ་ལས་རབ་རྒྱལ་གྱུར། །ཅེས་པ་སྟེ། ཀུན་ལ་ཕན་པའི་བསྟན་བཅོས་ལེགས་བཤད་འཕྲུལ་གྱི་དྲྭ་བ་ཞེས་བྱ་བ་འདི་བཀོད་པ་སྟེ་བརྩམས་པའི་དགེ་བའི་མཐུས་བདག་ཉིད་ཆེན་པོ་ས་སྐྱ་པཎྚི་ཏའི་བློ་གྲོས་ལྷའི་དབང་བོ་བརྒྱ་བྱིན་གྱི་བཞོན་པ་གླང་ཆེན་ས་ལ་ རབ་བརྟན་གྱི་གཟུགས་སུ་བྱས་ནས་དེའི་གནས་སྐབས་ཀྱི་ཕན་པ་དང་མཐར་ཐུག་གི་བདེ་བའི་ལུས་སྟོབས་རབ་ཏུ་རྒྱས་ཤིང་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་ལེགས་བཤད་འཕྲུལ་གྱི་དྲྭ་བས་རབ་ཏུ་བརྒྱན་པར་བྱས་པ་སྟེ་བརྩམས་ཟིན་ནས། ད་ནི་གཞུང་ལུགས་རབ་འབྱམས་ལ་ཐོས་པ་མང་དུ་བྱས་པའི་རལ་གྲི་དང་གཉིས་སུ་མ་མཆིས་པའི་ཤེས་རབ་དང་བློ་གྲོས་གླང་ཆེན་གྱི་སྣ་ཞགས་ཀྱི་རྩེར་བཟུང་བར་བྱས་ཏེ། དེས་བླུན་ཞིང་རྨོངས་པའི་དབང་དུ་འཕྱན་པའི་སྐྱེ་པོ་རྣམས་མ་རིག་གཏི་མུག་གི་དགྲ་འཐབ་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བར་གྱུར་ཅིག །ཅེས་པའོ། །
ཀུན་ལ་ཕན་པའི་བསྟན་བཅོས་ལེགས་བཤད་འཕྲུལ་གྱི་དྲྭ་བ་ཞེས་བྱ་བ་དཔལ་ལྡན་ས་སྐྱ་པཎྜི་ཏས་སྦྱར་པའོ། །ཞེས་པ་ནི་གོ་སླའོ།།