པར་རིས་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་བརྗོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-25



—བོད་ལྗོངས་ཇོ་མོ་གླང་མ་པར་ལེན་འགྲེམས་སྟོན་ཆེ་མོ་སྐབས་བཅུ་གསུམ་པའི་སྐོར་བཀོད་པ།

     ཤིན་ཧྭ་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་གྱི་སྔ་དྲོ་བོད་ལྗོངས་ཇོ་མོ་གླང་མ་པར་ལེན་འགྲེམས་སྟོན་ཆེ་མོ་སྐབས་བཅུ་གསུམ་པ་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་པར་ལེན་འགྲེམས་སྟོན་ཆེ་མོས་བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་དུ་བྱས་ནས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ་མཚོན་པའི་ཕུལ་བྱུང་པར་ལེན་བརྩམས་ཆོས་400ཙམ་ལེགས་འདེམས་བྱས་ཡོད་པ་རེད།   
     ད་ཐེངས་ཀྱི་པར་ལེན་འགྲེམས་སྟོན་ནང“ས་མཐོའི་ཚ་རླབས”དང་། “ཡུལ་གཞན་དུ་སྤོས་པའི་ལེའུ་གསར་པ” “མཛེས་སྡུག་ལྡན་པའི་བོད་ལྗོངས” “སློབ་མའི་གྲུབ་འབྲས་ཆེ་བ” “བདེ་སྐྱིད་ལྡན་པའི་དུས་རབས”བཅས་ཚན་པ་ལྔ་ལས་གྲུབ་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་པར་རྒྱག་མཁས་ཅན་ཀྲང་ཧྲོའུ་གོའི་མི་སྒེར་གྱི་བརྩམས་ཆོས་འགྲེམས་སྟོན་བཅས་ཚུད་ཡོད་པ་རེད། བོད་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། དེ་བཞིན་སློབ་གསོ་དང་སྨན་བཅོས། ངལ་རྩོལ་ལས་ཞུགས་བཅས་ཀྱི་དབུལ་སྐྱོར་སོགས་ཀྱི་རྣམ་པ་མངོན་པར་བྱས་ཡོད།
    བརྗོད་དོན་གཙོ་བོའི་འགྲེམས་སྟོན་ནང་གི་《དཔྱིད་རླུང་ལྡང་བ》ཞེས་པའི་པར་ཚོགས་ཀྱིས་བོད་རིགས་མི་དམངས་ཀྱིས་འདྲུད་འཐེན་འཕྲུལ་འཁོར་སྤྱད་དེ་དཔྱིད་འདེབས་བྱེད་པའི་རྣམ་པ་གསོན་ཉམས་དོད་པོས་མཚོན་པར་བྱས་པ་དང་། 《ཀྭ་རིགས་དང་ཤིང་ཏོག་གི་དྲི་བསུང་འཐུལ་བ》ཞེས་པའི་པར་ཚོགས་ཀྱིས་ལྟད་མོ་བ་ཚོར་ལོ་ལེགས་ཀྱི་རྣམ་པ་སྟོན་པ། 《ལོ་གསར་ལ་རྟེན་འབྲེལ་ཞུ་བ》ཞེས་པའི་པར་ཚོགས་ཀྱིས་མི་རྣམས་ཀྱིས་ལོ་གསར་ལ་དགའ་འཛོམས་བྱེད་པའི་རྣམ་པ་མངོན་པར་བྱས་ཡོད།
    པར་རྒྱག་མཁས་ཅན་ཀྲང་ཧྲོའུ་གོའི་མི་སྒེར་གྱི་བརྩམས་ཆོས་འགྲེམས་སྟོན་ཐོག་གི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་དབུལ་སྒྲོལ་ལས་དོན་སྐོར་བཀོད་པ་དེ་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བསྡུས་རིས་ཤིག་ཏུ་གྱུར་ཡོད།
    ཀྲང་ཧྲོའུ་གོས་གྲོང་ཚོར་བཅའ་སྡོད་བྱེད་སྐབས་ཕྱིར་དྲན་བྱས་ནས“ས་གནས་དེ་གའི་གྲོང་མི་དང་མཉམ་དུ་ངལ་རྩོལ་དང་། མཉམ་དུ་ཟ་མ་བཟས་པས་ང་དང་གྲོང་མི་རྣམས་ཀྱི་འབྲེལ་བ་ཡག་པོ་ཡོད”ཅེས་བཤད། “ངས་དངོས་གནས་གྲོང་དཀར་གྲོང་ཚོའི་འགྱུར་ལྡོག་ཚོར་བྱུང་། ཁྱེད་ཀྱིས་པར་རིས་འདི་དག་ལ་ལྟོས་དང་། དེ་དག་གིས་མགོ་སྐོར་གཏོང་མི་སྲིད”ཅེས་བཤད།
   ཞིང་པའི་འདྲ་པར་ཞིག་གི་མདུན་དུ་ལོ་60ལ་སླེབས་པའི་ལྷག་སྒྲོན་གྱིས་ཡུན་རིང་ལྟས་ནས་བསྡད། ཁོང་གིས་དེ་གར་ཡུན་རིང་བལྟས་ནས་བསྡད་པའི་རྒྱུ་མཚན་ཤོད་སྐབས། “དེ་ལས་ང་ཚོས་དེ་སྔ་ངལ་རྩོལ་བྱེད་པའི་རྣམ་པ་དྲན་བྱུང”ཞེས་བཤད་པ་དང་། “ད་ཆ་ང་ཚོའི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་ཁང་པ་ཚང་མ་གསར་དུ་བསྐྲུན་པ་ཡིན་ཞིང་། ད་དུང་ཁ་གསབ་སྣ་ཚོགས་ཡོད་པས། སྔོན་ཆད་དང་གཏན་ནས་འདྲ་ཡི་མེད”ཅེས་བརྗོད།
    བོད་ལྗོངས་སུ་གཉེན་ཉེ་ཐུག་འཕྲད་དུ་ཡོང་བའི་ལི་ཡུང་ཅེ་ཡིས“འདྲ་པར་འདི་དག་བདེན་པ་རང་ཡིན། ང་འདམ་གཞུང་ལ་ཡུལ་སྐོར་དུ་འགྲོ་སྐབས་དེ་དང་འདྲ་བའི་རྣམ་པ་མང་པོ་མཐོང་བྱུང་། ཕངས་པ་ཞིག་ལ་སྐབས་དེ་དུས་དེ་དག་པར་ལེན་བྱེད་ཐུབ་མ་བྱུང་། པར་ལེན་འགྲེམས་སྟོན་ནང་ད་དུང་ངས་མཐོང་མ་མྱོང་བའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མང་པོ་ཡོད་པས་ངས་བོད་ལ་ངོས་འཛིན་བྱེད་ཚད་ཟབ་ཏུ་ཕྱིན་སོང”ཞེས་བརྗོད།
    བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་དེ་ཡིན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། བོད་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་ནས་ལྗོངས་ཡོངས་སུ་དབུལ་པོ་དབུལ་རྐྱང་སྤྱིར་ན་མེད་པ་བཟོས་པས། ཀྲུང་གོ་དང་ཐ་ན་འཛམ་གླིང་གི་དབུལ་ཕོངས་ཉུང་གཏོང་གི་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་ཞིག་ཏུ་གྱུར་ཡོད།
    བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་རེན་ཅེ་ཡིས་ད་ལོ་ནི་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་55འཁོར་བའི་ལོ་ཡིན། ད་ཐེངས་ཀྱི་པར་ལེན་འགྲེམས་སྟོན་ཐོག་པར་རིས་བརྒྱུད་ནས་གངས་ལྗོངས་ས་མཐོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་མངོན་པར་བྱས་པས་གསོན་ཉམས་དོད་ལ་དོན་དངོས་དང་མཐུན་པ་ཞིག་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་པར་ལེན་འགྲེམས་སྟོན་དེ་ཟླ་8ཚེས་24ཉིན་བར་གཉེར་རྒྱུ་ཡིན་པ་རེད། 


http://tibet.people.com.cn/15821804.html  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1