དཀར་མཛེས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ཟླ་8ཚེས་24ཉིན་གྱི་ཉིན་དགུང་། སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་དུ་བག་ཕེབས་ཀྱི་རྣམ་པས་ཁེངས་མོད། འོན་ཀྱང་གྲོང་རྡལ་སློབ་ཆུང་གི་ལུས་རྩལ་ཐང་གི་རྣམ་པ་གཞན་ཞིག་ཡོད་ཅིང་། རྫོང་གི་ཚབ་ཞུས་ནས་དཀར་མཛེས་ཁུལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་རིག་རྩལ་འཁྲབ་སྟོན་ཆེ་གྲས་ནང་ཞུགས་མཁན་འཁྲབ་སྟོན་པ་ཚོས་རྔུལ་ཆུ་བཞུར་བཞིན་སླེབས་ལ་ཉེ་བའི་ཟླ་9པའི་ཟླ་དཀྱིལ་གྱི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ནང་སྦྱོང་བྱེད་བཞིན་ཡོད་པ་རེད།
ཀྲུའུ་ཞི་སྡིངས་ཆའི་ཐོག་ནས་མར་བལྟས་པས་ན། ལུས་རྩལ་ར་བའི་ནང་ཤང་གྲོང་ཁག་གི་ཞིང་འབྲོག་མང་ཚོགས་དང་ལས་ཁུངས་ཁག་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱི་ལས་བྱེད་ལས་བཟོ་400ལས་གྲུབ་པའི་རུ་སྟར་གྲུ་བཞིས་སྙན་འཇེབས་ལྡན་པའི་གླུ་གཞས་དང་བསྟུན་ནས་ལག་པ་གཡུག་གཡུག་བྱས་པས་ལོ་ལེགས་བྱུང་བའི་གྲོ་སྙེའི་རྦ་རླབས་ལྷབ་ལྷུབ་ཏུ་གཡོ་བ་དང་གཉིས་སུ་མ་མཆིས།
ཚོགས་རྭར་ཞུགས་པའི་རྣམ་པའི་སྦྱོང་བརྡར་བྱས་ཚར་མ་ཐག འཁྲབ་སྟོན་པ་ཚོས་ངལ་གསོའི་ཁོམ་པ་ཡང་མེད་པར་མུ་མཐུད་ནས《གོམ་པ་དགུའི་སྐོར་བྲོ》ནང་སྦྱོང་བྱས། སྐྱེས་པའི་འཁྲབ་སྟོན་པ་200དང་བུད་མེད་ཀྱི་འཁྲབ་སྟོན་པ་200ཡིས་འབད་བརྩོན་ཆེན་པོས་སྐད་གྲགས་ཡོད་པའི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། ཆུ་གཡར་སྒང་ཤང་གི་ཁྱད་ལྡན་གླུ་གར་ཆ་ཚང་མངོན་པར་བྱས་པ་དང་འབྲེལ་ཁུལ་བཙུགས་པར་རྟེན་འབྲེལ་ཞུ་པའི་གར་སྟེགས་ཐོག་སླར་ཡང་སྤོས་པ་རེད།
གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྡེ་རོང་རྫོང་གི་འཁྲབ་སྟོན་རུ་ཁག་གིས་སྐར་མ་3དང་སྐར་ཆ་20ཡི《གོམ་པ་དགུའི་སྐོར་བྲོ》ཡི་འཁྲབ་སྟོན་ལས་འགན་འཁུར་བ་ཕུད། ད་དུང་ཁུལ་ལས་རིགས་སློབ་གྲྭའི་སློབ་མ་200དང་མཉམ་དུ་ལེའུ་དང་པོའི《དུས་རབས་ཀྱི་རྒྱལ་ཁའི་གླུ་དབྱངས་》ཞེས་པ་མཉམ་དུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད། མི་སྣ་འདེམས་མངགས་དང་། ར་བ་གདམ་གསེས། བཟའ་སྡོད་བཀོད་སྒྲིག་བཅས་ནས། རྨང་གཞིའི་སྦྱོང་བརྡར་དང་། རུ་སྟར་སྒྲིག་སྟངས། རུ་དབྱིབས་ཀྱི་འགྱུར་ལྡོག་བར། ཟླ་8པའི་ཟླ་འགོ་ནས་བཟུང་། དུས་འགོའི་གྲ་སྒྲིག་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་འགོ་ཚུགས་ཡོད་པ་རེད།
ཡག་ཐོག་ཡག་བརྩེགས་ཀྱི་རྒྱབ་ཏུ་བྱ་སྤྱོད་སྤེལ་བའི་གཟབ་ནན་ཡིན། སྡེ་རོང་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ། ལེ་ཚན་རྩོམ་སྒྲིག་དང་འཁྲབ་ཁྲིད་ཚོགས་ཆུང་གི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཏེང་ལི་ཡིས་གསར་འགོད་པར“ཟླ་8ཚེས་19ཉིན། སྡེ་རོང་རྫོང་གིས་ཁུལ་བཙུགས་ནས་ལོ་70འཁོར་བའི་རིག་རྩལ་འཁྲབ་སྟོན་གྱི་གྲ་སྒྲིག་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་རྗེས། ལེ་ཚན་སྦྱོང་བརྡར་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། ཉིན་ལྟར་ཞོགས་པའི་ཆུ་ཚོད་9པ་ནས་ཆུ་ཚོད་12བར་དང་། ཕྱི་དྲོའི་ཆུ་ཚོད་3པ་ནས་ཆུ་ཚོད་5པ་བར། དགོང་མོའི་ཆུ་ཚོད་7པ་ནས་9པ་བར་བཅས་ཉིན་གཅིག་གི་ཆུ་ཚོད་བརྒྱད་རྒྱུན་ཆད་མེད་པར་སྦྱོང་བརྡར་བྱེད་ཀྱི་ཡོད། དུས་འགོར་ཚོགས་ཆུང་ཚན་པར་བགོས་ནས་འགུལ་སྟངས་སློབ་སྦྱོང་བྱེད་པ་དང་། དུས་དཀྱིལ་དང་དུས་མཇུག་ཏུ་ཁུལ་དུམ་མཉམ་སྦྱོང་གཙོ་བོར་བྱེད་པ་དང་། རོལ་དབྱངས་དང་བསྟུན་ནས་སྤྱི་ཡོངས་ནང་སྦྱོང་བྱ་རྒྱུ་རེད”ཅེས་ངོ་སྤྲོད་བྱས་པ་རེད།
སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་འཁྲབ་སྟོན་གྱི་ཕན་འབྲས་ཐོན་རྒྱུ་འགན་ལེན་བྱེད་ཆེད། གྲ་སྒྲིག་འགོ་ཁྲིད་ཚོགས་ཆུང་འོག་ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་དང་། རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ཚོགས་ཆུང་། ལེ་ཚན་རྩོམ་སྒྲིག་དང་འཁྲབ་ཁྲིད་ཚོགས་ཆུང་། དྲིལ་བསྒྲགས་འཕྲིན་སྤེལ་ཚོགས་ཆུང་། བདེ་འཇགས་སྲུང་སྐྱོང་ཚོགས་ཆུང་། སྨན་བཅོས་འཕྲོད་བསྟེན་ཚོགས་ཆུང་། དེ་བཞིན་སྒྲིག་ཁྲིམས་འགན་སྲུང་ཚོགས་ཆུང་བཅས་ཆེད་མངགས་བཙུགས་ཡོད། ད་ཐེངས་ཀྱི་སྦྱོང་བརྡར་དང་དངོས་གཞིའི་འཁྲབ་སྟོན་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཏུ་བརྩིས་ཡོད་པ་རེད། དུས་ཡུན་ཉིན་15ཡི་རྫོང(གྲོང་ཁྱེར)ཁག་གིས་གཅིག་སྡུད་སྦྱོང་བརྡར་བྱས་རྗེས་ཟླ་9ཚེས་4ཉིན་འཐུས་མི་རུ་ཁག་ཁག་གིས་དར་རྩེ་མདོ་རུ་གཅིག་གྱུར་ཐོག་ཁུལ་ཡོངས་ཀྱི་མཉམ་འབྲེལ་ནང་སྦྱོང་བྱ་རྒྱུ་རེད།
http://tibet.people.com.cn/15822173.html