ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པ་2020ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་གནམ་མཚོའི་རྐང་ཐང་འདུ་ཚོགས་སྐབས་བཅུ་བཞི་པ་དང་མཉམ་དུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཁོངས་ཀྱི་གནམ་མཚོ་རུ་བསྐྱོད་དེ་དེ་གའི་འབྲོག་པ་རྣམས་ལ་བཅར་འདྲི་བྱས་པ་ཡིན།
གནམ་མཚོ་ནི་བོད་རང་སྐྱོང་ལྗོངས་ཀྱི་མཚེའུ་ཆེ་གྲས་གཉིས་པ་དེ་ཡིན་ཞིང་། དབྱིབས་གཟུགས་ཕལ་ཆེར་གྲུ་བཞི་ནར་མོ་ཡིན་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི་70ལྷག་དང་། ལྷོ་བྱང་གི་ཞེང་ལ་སྟོང་སྨི་30ལྷག་ཡོད། ལོ་ཧྲིལ་པོར་གངས་གསོག་ཐེབས་པའི་གཉན་ཆེན་ཐང་ལྷ་ནི་གནམ་མཚོའི་ལྷོ་ངོས་སུ་ཆགས་ཡོད་ཅིང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གིས་མཚོ་མོའི་མཐའ་བསྐོར་བས་གནམ་མཚོ་ནི་ཕ་ལམ་སྔོན་པོ་ཞིག་ཕྲ་བཏབ་ཡོད་པ་དང་འདྲ།
ཚེ་མགོན་གྱི་ཁྱིམ་ནི་གནམ་མཚོའི་འགྲམ་གྱི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་ཡོད། བོད་ཟླ་གསུམ་པར་ཚེ་མགོན་ཚང་ནམ་རྒྱུན་ལྟར་སྤྱི་ལེ་20ལྷག་ཙམ་གྱི་སར་ཡོད་པའི་དབྱར་སར་སྤོས་ཡོད་པ་རེད། ནང་མི་ཚང་མས་འཚོ་བའི་མཁོ་ཆས་བྱུར་བུར་ཁེངས་པའི་རླངས་འཁོར་བཏང་ཞིང་འབྲི་གཡག་50ལྷག་ཙམ་དེད་ནས་གནམ་མཚོའི་ལྷོ་ངོགས་དང་གཉན་ཆེན་ཐང་ལྷའི་བྱང་ངོས་ཀྱི་ལུང་གཞུང་དུ་འབྱོར།
2020ལོར། ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་གནམ་མཚོའི་རྐང་ཐང་འདུ་ཚོགས་སྐབས་བཅུ་བཞི་པའི་གོམ་བགྲོད་བྱེད་ས་ཡང་དེ་གར་བཀོད་སྒྲིག་བྱས་པ་རེད། འགྲན་ཞུགས་རུ་མི་ཚོའི་རྗེས་འབྲངས་ནས་གསར་འགོད་པ་སྤྱི་ལེ་6ཙམ་ལ་རྐང་ཐང་དུ་བསྐྱོད་འགོ་ཚུགས།
ལམ་བར་དུ་གུར་མང་པོ་དང་འཕྲད་བྱུང་ལ། འབྲི་གཡག་ཁྱུ་མང་པོ་དང་རྒྱང་རིང་ནས་འཚམས་འདྲི་བྱས་རྗེས་ཚེ་མགོན་ཚང་གི་གུར་མིག་ལམ་དུ་མངོན་བྱུང་། འགྲན་ཞུགས་རུ་མི་3ཁོང་ཚང་གི་གུར་ཕྱི་རོལ་གྱི་སྤང་ཐོག་ཏུ་བསྡད་ནས་ངལ་གསོ་བཞིན་ཡོད་ལ། བདག་པོ་ཡིན་པའི་ངོས་ནས་ཚེ་མགོན་དང་བཟའ་ཟླ་པད་མ་སྒྲོལ་དཀར་གྱིས་སྤྲོ་སེམས་འཁོལ་བའི་ངང་ཇ་བསྲུབས་མ་དང་བག་ལེབ་སོགས་འཁྱེར་ཡོང་ནས་ཁོང་ཚོར་སྤྲད་ཡོད།
“མཚེའུ་འགྲམ་ཁང་པ”ཕྱིའི་སྤང་ཐོག་ཏུ་བསྡད་དེ་རྒྱང་རིང་གི་སྔོ་ཐིང་ཐིང་གི་མཚེའུ་ལ་བལྟ་བཞིན། དུས་ངེས་མེད་དུ་ཇ་བསྲུབས་མ་ཁམ་འགའ་འཐུང་ཞོར་ང་ཚོས་ཚེ་མགོན་དང་ཁ་བརྡ་བྱས་པ་ཡིན། ང་ཚོ་ས་ལ་བསྡད་ན་བདེ་པོ་མི་འདུག་བསམས་ནས་པད་མ་སྒྲོལ་དཀར་གྱིས་ཉལ་ཐུལ་སྲབ་མོ་འཁྱེར་ཡོང་མོད་འོན་ཀྱང་ང་ཚོས་དང་ལེན་བྱས་མེད།
“འདི་ནི་ངེད་ཚང་གི་དབྱར་ས་ཡིན། ཁྱིམ་ནི་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་ཚོགས་ཆུང་གསུམ་པར་ཡོད།” “ང་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་པས་ཕྱིར་ཞོར་ལས་ལ་འགྲོ་གི་མེད། ནོར་གནག་ལ་བརྟེན་ཡོད། ཤ་འཚོང་པ་དང་དཀར་ཆུའི་ཐོན་རྫས་འཚོང་གི་ཡོད།” “དེ་སྔ་རུ་སྤོ་སྐབས་འབྲི་གཡག་ལ་བརྟེན་ནས་དངོས་ཟོག་དབོར་གྱི་ཡོད། ད་ལྟ་ཚང་མས་རླངས་འཁོར་སྤྱོད་ཀྱི་ཡོད། འཚོ་བ་ཇེ་བཟང་ནས་ཇེ་བཟང་རེད།”ཅེས་བརྗོད།
ཁ་བརྡ་བྱེད་བཞིན་པའི་སྒང་ལ། ཚེ་མགོན་གྱི་བུ་ཆེ་བ་བསྟན་འཛིན་རྡོ་རྗེ་གུར་ནས་ཕྱིར་ཐོན། ཁོང་གི་ལག་ཏུ་ཚོད་དཀར་བཟུང་ནས་ཉེ་འགྲམ་གྱི་ཆུ་ཕྲན་འགྲམ་དུ་སོང་ནས་བཀྲུ་རྩིས་འདུག “གཡས་ཕྱོགས་ཀྱི་ཆུ་ཕྲན་ཅུང་གཙང་མ་ཡོད་པས་དུས་རྒྱུན་གྱི་འཐུང་ཆུ་དེ་གར་ལེན་གྱི་ཡོད། གཡོན་གྱི་ཆུ་ཕྲན་དེ་ཆར་བ་བབས་ཚེ་ཧ་ཅང་རྙོག་པོ་ཡོད”ཅེས་བརྗོད།
ཚེ་མགོན་གྱིས་ཉིན་རེ་འགའི་ནང་ཁོང་གིས་རང་གི་རླངས་འཁོར་ཆུང་གྲས་བཏང་ནས་འདམ་གཞུང་རྫོང་གྲོང་དུ་དངོས་ཟོག་ཉོ་བར་འགྲོ་གི་ཡོད་ཅེས་བཤད་པ་དང་། “སྔོ་ཚལ་དང་། བཟའ་རྒྱུ་འཐུང་རྒྱུ་ཉོ་བ་ཡིན། ” དངོས་ཟོག་ཉོ་སྒྲུབ་བྱེད་པ་དང་ཆབས་ཅིག་ཁོང་ལ་ད་དུང་ལས་འགན་ཞིག་ཡོད་དེ། “འགྱིག་ཁུག་དང་འགྱིག་དམ་སོགས་གད་སྙིགས་ཚང་མ་ཁུག་མ་ཆེན་པོ་ཞིག་གི་ནང་དུ་བླུགས་ནས་རྫོང་གྲོང་ལ་འགྲོ་དུས་ཁྱེར་ནས་གཅིག་སྡུད་ཀྱིས་ཐག་གཅོད་བྱེད་ཀི་ཡོད། ”
ཚེ་མགོན་ཚང་ལ་མཚོན་ན། འདི་ནི་སྔ་མོ་ནས་ཆགས་པའི་གོམས་གཤིས་ཤིག་རེད། ཡིན་ཡང་ཉན་མཁན་ང་རང་ཚོར་མཚོན་ན་འབྲོག་པ་ཚོའི་ཁོར་སྲུང་གི་འདུ་ཤེས་དེ་ལ་ཡི་རང་མི་བྱེད་ཀ་མེད་རེད།
གུར་དུ་ཡར་འཛུལ་ཚེ་ཐང་ག་དང་། བོད་ལུགས་མེ་ཐབ། ཁ་གདན་སོགས་ཁང་པའི་ནང་གི་སྒྲིག་ཆས་དག་མཐོང་བ་ནི་གྲོང་ཁྱེར་བར་མཚོན་ན་ཤིན་ཏུ་སྟབས་བདེ་བའི་འཚོ་བ་རེད། འདི་གར་དྲ་རྒྱའི་བརྡ་རྟགས་ཡག་པོ་མེད་ཅིང་། འབར་རྫས་ནི་གྱང་ངོས་སུ་སྤུངས་པའི་ལྕི་བ་ཡིན་པ་དང་། གློག་ནུས་ནི་ཁང་པའི་ཕྱི་རོལ་གྱི་འོད་ཤུགས་གློག་ལེབ་དེ་ཡིན། དེས་ནང་མི་ཚང་མའི་མཚན་མོའི་གློག་སྒྲོན་དང་། ལག་ཐོགས་ཁ་པར་ལ་གློག་གསོག་པ། ཇ་བསྲུབས་མ་བཟོ་བ་སོགས་ཀྱི་དགོས་མཁོ་སྐོང་བཞིན་ཡོད།
ཚེ་མགོན་གྱིས་ད་ལོ་ཆར་ཆུ་མང་ཞིང་རྩྭ་ས་ཡག་པོ་ཡོད་པས་ནོར་གནག་ལ་ཕལ་ཆེར་ལྟ་སྐྱོང་བྱེད་མི་དགོས་ཞེས་ཟེར།
ངལ་གསོ་ཡག་པོ་བྱས་རྗེས། ང་ཚོ་ཡར་ལངས་ནས་བདེ་མོ་ཞུས་རྗེས་ཕྱིར་ལོག་པ་ཡིན། ང་ཚོ་ཐག་རིང་དུ་སོང་རྗེས་ཚེ་མགོན་དང་པད་མ་སྒྲོལ་དཀར་གྱིས་ཐང་གི་འགྱིག་ཤོག་དང་ཤོག་ཕོར་ཁུག་མའི་ནང་བླུགས་སོང་། ང་ཚོས་མཚེའུ་ལ་བལྟ་ཞོར་དང་མཚམས་རེར་གུར་ལ་ཕྱིར་མིག་བལྟ་ཞོར་ཁོ་ཚང་དང་རིང་དུ་གྱེས་པ་ཡིན།
ཁོ་ཚོའི་འཚོ་བར་རོལ་མྱོང་བྱས་པའི་ཆུ་ཚོད་གཅིག་གི་དུས་ཡུན་ཐུང་ངུའི་ནང་དུ། ང་ཚོས་བཤད་བཞིན་པའི“སྙན་ངག་དང་རྒྱང་རིང”ཟེར་བ་དེ་ཁོ་ཚོས་བརྗོད་པའི་ཕ་ཡུལ་གྱི་འཚོ་བ་དང་ཡང་འདྲ་བར་སྣང་འདུག གཅིག་བྱས་ན་མི་འདྲ་ས་ཡོད་ཀྱང་སྲིད། རྒྱུ་མཚན་ནི་ཚེ་མགོན་གྱིས“དེ་གར་བསྡད་པ་ནི་གྲོང་ཚོར་བསྡད་པ་ལས་ཀྱང་སྐྱིད་པོ་ཡོད”ཅེས་བསམ་གྱི་ཡོད་པས་སོ༎
http://tibet.people.com.cn/15822169.html