འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ཙེ་ཝུའེ་ཏུའོ་ལས་གནས་ནས་དངོས་སུ་བྲལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-02



     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ཙེ་ཝུའེ་ཏུའོ་ཟླ་8ཚེས་31ཉིན་དངོས་སུ་ལས་གནས་ལས་བྲལ་བ་རེད། ཁོང་གིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     དེ་ཉིན་ཨ་ཙེ་ཝུའེ་ཏུའོ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གྱི་འགན་འཁུར་བ་ནི་རང་ཉིད་ཀྱི“གཟི་བརྗིད་ཆེན་པོ”ཞིག་ཡིན། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ནི་གོ་ལ་ཧྲིལ་པོའི་ཞི་བདེ་དང་དར་རྒྱས་ཀྱི་གཞི་རྩའི་ཀ་རྟེན་ཞིག་ཡིན་པས་སླད་ཕྱིན་གྱི་ལས་དོན་ཁྲོད་ཁོང་གིས་སྔར་བཞིན་ཕྱོགས་མང་ཚོང་དོན་སྒྲིག་གཞིར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཨ་ཙེ་ཝུའེ་ཏུའོ་ཡིས། སྒྲིག་སྲོལ་ལ་བརྟེན་པའི་ཚོང་དོན་མ་ལག་གིས་རྒྱལ་སྤྱིའི་དཔལ་འབྱོར་འབྲེལ་བའི་ཁྲོད་སྒྲིག་ལམ་འཛུགས་པ་དང་སྔོན་དཔག་རང་བཞིན་མཐོ་རུ་གཏོང་རྒྱུར་ཕན་པ་ཡོད་པ་དང་། མ་འཇོག་དང་། དཔལ་འབྱོར་འཕར་བ། ལས་ཞུགས་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་པ་ཡོད་པ་རེད། “འདི་དག་ཚང་མ་སྔོན་ཆད་ཀྱི་དུས་གང་རུང་ཞིག་ལས་ཀྱང་གལ་ཆེ”ཞེས་ནན་བཤད་བྱས་པ་རེད། 
     ཨ་ཙེ་ཝུའེ་ཏུའོ་ཡིས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་འཕེལ་རིམ་ངེས་པར་དུ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ཤིང་། མ་ལག་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགོས་མཁོར་མུ་མཐུད་ཨ་ལན་སློག་དགོས་ཞེས་བསྟན་པ་དང་། ཁོང་གིས་དེ་དང་ཆབས་ཅིག་རྒྱལ་སྤྱིའི་མཉམ་ལས་ནི་ལས་སླ་པོ་ཞིག་མིན་མོད། འོན་ཀྱང་མིག་སྔའི“ཕན་ཚུན་འབྲེལ་བའི”འཛམ་གླིང་གི་ངོས་ནས་བརྗོད་ན་དགོས་ངེས་ཤིག་ཡིན་ཞེས་བརྗོད་པ་རེད།
     འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་དེ་ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཨ་ཙེ་ཝུའེ་ཏུའོ་ལ་ཞལ་གྱེས་ཞུས་པ་དང་། ཁོང་གིས་འདས་ཟིན་པའི་ལོ་7ནང་དྲུང་ཡིག་ཁྲུའུ་ཡི་འགན་འཁུར་བ་དང་དེ་བཞིན་རྩ་འཛུགས་དེའི་ཚབ་ཞུས་ནས་བསྒྲུབས་པའི་ལས་དོན་ལ་ཐུགས་རྗེ་ཆེ་ཞུས་པ་རེད།
     ད་ལོའི་ཟླ་5ཚེས་14ཉིན། ཨ་ཙེ་ཝུའེ་ཏུའོ་ཡིས་བསམ་ཡུལ་ལས་འདས་པའི་ངང་ཟླ་8ཚེས་31ཉིན་དངོས་སུ་ལས་གནས་ལས་བྲལ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ནས་ལོ་གཅིག་གི་སྔ་སྣུར་དུ་འགན་ཡུན་མཇུག་འགྲིལ་བ་རེད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཟླ་6ཚེས་8ཉིན་དེའི་རྒྱུན་འཛིན་པ་གདམ་གསེས་ཀྱི་ལས་དོན་སྤེལ་འགོ་ཚུགས་པ་རེད། མིག་སྔར་མིང་འདོན་བྱས་པའི་འོས་མི་བརྒྱད་ནི་མོ་ཞི་ཁོ་དང་། ནི་ཀྲེ་རི་ཡ། ཨེ་ཅིབ། མོར་ཏུའོ་ཝ། ཧན་གོ ཁེན་ནི་ཡ། དབྱིན་ཇི། སོ་ཏི་ཨ་རབ་བཅས་ནས་ཡིན་པ་རེད།
     ཨ་ཙི་ཝུའེ་ཏུའོ་ནི་1957ལོར་སྐྱེས་པ་དང་། པར་ཙིར་ནས་ཡིན་པ། 2013ལོའི་ཟླ་9པ་ནས་བཟུང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་བྱས་པ་རེད། 2017ལོར་གྲུབ་འབྲས་ཐོབ་པའི་ངང་ལས་འགན་རྒྱུན་འཁུར་བྱས་པ་དང་འགན་ཡུན་2021ལོའི་ཟླ་8ཚེས་31ཉིན་བར་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1