རྒྱབ་ལྗོངས།
དེ་ཡང་བོད་ཀྱི་དེང་རབས་དུས་དར་རོལ་དབྱངས་ཀྱི་འཕེལ་རྒྱས་ལ་ཕྱིར་མིག་ཅིག་བལྟས་ན། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་པར་གཞས་མ་ཚེ་བརྟན་སྒྲོལ་མ་གཙོ་བྱས་པའི་བོད་ཀྱི་གླུ་གཞས་སྒྱུ་རྩལ་པ་ཁ་ཤས་ཀྲུང་གོའི་རོལ་དབྱངས་ཀྱི་གར་སྟེགས་ཐོག་བུད་ཅིང་། བོད་ཀྱི་དེང་རབས་དུས་དར་རོལ་དབྱངས་ཀྱི་རྨང་འདིང་མཁན་ནམ་སྔོན་སྐྱོད་པར་ཆགས་ཡོད་ལ། ཐོག་མའི་བྱུང་བ་ནས་དེ་རྗེས་ཀྱི་འཕེལ་རྒྱས་སོགས་བརྒྱུད་རིམ་དེའི་ནང་ཕུལ་བྱུང་རོལ་དབྱངས་པ་མང་པོ་བྱུང་ཡོད། དེ་དག་གཏིང་ཟབ་པའི་མི་རིགས་ཀྱི་རིག་གནས་དང་། ཡངས་ཤིང་རྒྱ་ཆེ་བའི་གངས་ཅན་མཐོ་སྒང་གི་སྣོད་བཅུད་རིག་གནས་ཀྱི་གཤིན་ས་དྲོན་མོས་འཚོ་སྐྱོང་བྱས་པ་སྨྲས་མ་དགོས་པ་རེད། དེ་བཞིན་དུས་རབས་མི་གཅིག་པའི་རྒྱབ་ལྗོངས་ལ་ཐུན་མིན་གྱི་རོལ་དབྱངས་པའང་ཐོན་བཞིན་ཡོད་ལ། རོལ་དབྱངས་པ་གྲུ་བ་བསམ་འགྲུབ་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་དུ་སྐྱེས་ཤིང་། ཀྲུང་ནུབ་རོལ་དབྱངས་གཞུང་ལུགས་ལ་སྦྱང་བ་དཔྱིས་ཕྱིན་པ་བྱས་ཏེ། ད་ལྟ་རོལ་མོ་དང་གླུ་གཞས་གསར་རྩོམ་དང་དེ་འབྲེལ་ལས་ཀ་སྒྲུབ་བཞིན་འདུག
ཡུལ་དངོས་ཀྱི་བཅར་འདྲི།
བཅར་འདྲི་བ། ཐོག་མར་ཁྱེད་རང་གི་ལོ་རྒྱུས་མདོར་བསྡུས་ཙམ་ངོ་སྤྲོད་ཅིག་གནང་རོགས། ངས་བསམ་ན་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བ་དང་འཚར་ལོངས་བྱུང་སའི་ཁོར་ཡུག་སོགས་ཀྱིས་ཁྱེད་རོལ་དབྱངས་ཀྱི་ལས་འདིར་འཇུག་པར་ཤན་ཤུགས་ཅི་འདྲ་ཐེབས་ཡོད་དམ།
གྲུ་བ་བསམ་འགྲུབ། ལགས་སོ། ངའི་དྲན་པའི་ནང་དུ་ང་རང་ལོ་ན་བཞི་ལོན་སྐབས་ཕ་མས་སྒོ་ཟོག་བཙོང་ནས་ཁྱིམ་མི་ཚང་མ་ཡུས་ཧྲུའུ་ཁུལ་ཐོག་ཏུ་གནས་སྤོར་བྱས་པ་དང་། ལོ་ན་དགུ་ལོན་སྐབས་ད་གཟོད་སློབ་ཆུང་འགྲིམ་པ་ཡིན། སྤྱིར་ང་རང་ཆུང་དུས་ནས་གླུ་ལེན་གར་རྩེད་ལ་སྤྲོ་སྣང་ཤིན་ཏུ་ཟབ་མོ་ཡོད། སློབ་གྲྭའི་རིག་རྩལ་བྱེད་སྒོ་ཅི་འདྲ་ཞིག་ཡོད་རུང་དེར་ཞུགས་རྒྱུ་དགའ་བར་མ་ཟད། སྔོན་གྲལ་ནས་སྣེ་ཁྲིད་པ་བྱེད་ཀྱི་རེད། རེད་དེ་གཅིག་ནས་དེ་དུས་ཁྱིམ་ཚང་གི་ཆ་རྐྱེན་དེ་འདྲ་ཡག་པོ་མེད་པ་དང་། གཉིས་ནས་ཕ་མས་བསམ་བློ་གཏོང་སྟངས་ཐད་ནས་གླུ་ལེན་བྲོ་འཁྲབ་ཀྱི་ལས་ཀར་དགའ་མགུ་དང་རྒྱབ་སྐྱོར་ཆེན་པོ་མི་བྱེད། ཁོང་ཚོས་བྱིས་པ་སློབ་གྲྭར་མངགས་ནས་རྗེས་མར“ལྕགས་ཕོར་བ”ཞིག་ལོན་ན་མ་གཏོགས་གཞན་པ་དོན་མེད་ཀྱི་ལས་ཀ་ཁོ་ནར་འཛིན་བཞིན་ཡོད། ང་རང་མཐོ་འབྲིང་མཐར་ཕྱིན་བྱེད་སྐབས་རོལ་དབྱངས་དང་འབྲེལ་བའི་ཆེད་ལས་ཞིག་གདམས་ཀ་བྱེད་འདོད་མོད། སྐབས་དེར་དེའི་དོན་གྱིས་ཨ་ཕ་དང་གྲོས་ཁ་མ་འགྲིག་པས་ཉིན་འགའ་ལ་ཁ་ཡ་མ་བྱས། མཐར་ཨ་ཕ་ལགས་ཐབས་ཟད་པའི་ཚུལ་གྱིས་ངའི་འདོད་ཐོག་ཏུ་བཞག་པ་རེད། དེ་ནས་ང་རང་ཧྲན་ཏུང་ཆུས་ཧྥུའུ་དགེ་འོས་སློབ་ཆེན་གྱི་རོལ་དབྱངས་གསར་རྩོམ་སྡེ་ཚན་ནས་སློབ་མཐར་ཕྱིན་པ་དང་། ཀྲུང་ནུབ་རོལ་དབྱངས་ལོ་རྒྱུས་སྐོར་དང་རོལ་དབྱངས་སྒྲིག་བཟོའི་ཐད་ལ་སློབ་སྦྱོང་བྱས་ཡོད། དེ་དུས་རང་གི་བསམ་ཚུལ་ལ་རོལ་དབྱངས་གསར་རྩོམ་གྱི་ཁ་ཕྱོགས་འདེམས་རྒྱུ་དེ་གལ་ཆེན་ཞིག་རེད་འདོད། རྒྱུ་མཚན་གང་ཡིན་ཞེ་ན་གླུ་པ་མང་པོ་རེད། རེད་དེ་མིག་རྒྱང་རིང་པོར་འདང་བརྒྱབ་ན་རང་གིས་གསར་རྩོམ་བྱ་རྒྱུ་ཤིན་ཏུ་གལ་ཆེན་རེད་སྙམ། མི་མང་ཤོས་ཀྱིས་སློབ་ཆེན་འཚོ་བ་སོས་དལ་བག་ཕེབས་ཀྱིས་རོལ་བཞིན་ཡོད། ང་རང་ལ་མཚོན་ན་དེ་འདྲ་ཞིག་མ་རེད། སྐབས་དེར་སྡུག་རུས་ཆེན་པོ་བརྒྱབ་མྱོང་ཡོད། དེ་ནས་2010ལོར་སློབ་མཐར་ཕྱིན་ཏེ་སླར་ཡང་མི་རྐྱང་རྟ་རྐྱང་གིས་ཁྲེང་ཏུའུ་རུ་འབྱོར་བ་ཡིན།
བཅར་འདྲི་བ། ཁྲེང་ཏུའུ་རུ་འབྱོར་ནས་གསར་རྩོམ་གྱི་འགོ་ཚུགས་པ་ཡིན་ནམ།
གྲུ་བ་བསམ་འགྲུབ། གསར་རྩོམ་གྱི་ཞོར་དུ་ནང་མ་དང་ཆང་ཁང་དུ་འཁྲབ་སྟོན་ལ་སོང་བ་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། གཅིག་ནས་ངས་གར་སྟེགས་དེ་བརྒྱུད་ནས་རང་ཉིད་ཀྱི་མིང་བྱང་ཁྱབ་བསྒྲགས་བྱེད་དགོས། ཁོར་ཡུག་དེར་བརྟེན་གྱིས་གླུ་པ་དང་གླུ་མ་མང་པོ་ཞིག་ངོ་ཤེས་ཐུབ་པ་དང་། ཁོ་ཚོར་དབྱངས་གསར་རྩོམ་བྱེད་ཆོག །ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ང་རང་གི་གར་སྟེགས་ཐོག་གི་འཁྲབ་སྟོན་གྱི་ཉམས་འགྱུར་ལ་སྦྱངས་པ་ཐོན་ཐུབ་པར་མ་ཟད། ཡོང་སྒོ་ཅུང་ཙམ་རེ་ལེན་རྒྱུ་ཡང་གཙོ་བོ་ཞིག་ཡིན། སྐབས་དེར་དབྱངས་རེ་ལ་སྒོར་500བྱས་ནས་བཙོངས་མྱོང་ཡོད། དེ་བཞིན་དུ་ཕལ་ཆེར་ལོ་གཉིས་རིང་ཡོང་སྒོ་འཚོལ་ཐབས་བྱས་ནས་ཆེད་བསྒྲིགས་ཐོག་མ་པར་འགྲེམ་བྱས་པ་དང་། རིམ་བཞིན་ཡོངས་ཁྱབ་ཀྱིས་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ།
བཅར་འདྲི་བ། ཉིད་ཀྱིས་དུས་རིམ་རེ་རེར་དམིགས་ཡུལ་དང་འཆར་གཞི་ངེས་གཏན་ཞིབ་ཕྲ་བཞག་འདུག །མ་ཟད་ཁྱེད་རང་ཆེད་མཁས་ཀྱི་རོལ་དབྱངས་པ་ཞིག་རེད། འོ་ན་ཆེད་ལས་མིན་པའི་གླུ་གཞས་སྒྱུ་རྩལ་པ་གཞན་དང་བསྡུར་ན་དགེ་མཚན་ཅི་འདྲ་འདུག
གྲུ་བ་བསམ་འགྲུབ། སློབ་གྲྭའི་ཆེད་ལས་སྡེ་ཁག་ཏུ་རྨང་གཞིའི་ཤེས་བྱ་ནས་འགོ་བཙུགས་ཏེ། ཆེད་མཁས་དགེ་རྒན་གྱིས་མཛུབ་སྟོན་འོག་གཞུང་ལུགས་ཤེས་བྱར་སློབ་སྦྱོང་ཚད་ལྡན་བྱས་ཡོད། འདི་ང་རང་གི་བཟང་ཆ་ཉག་གཅིག་རེད། རེད་དེ་གཞན་དག་གི་ཁོར་ཡུག་དང་ཉམས་མྱོང་། རོལ་དབྱངས་ཐད་ཀྱི་ཚོར་བ། དེ་མིན་གར་སྟེགས་ཐོག་གི་ཉམས་འགྱུར་སོགས་ནི་ང་རང་གིས་སློབ་སྦྱོང་བྱེད་ཆོག་ཆོག་རེད།
བཅར་འདྲི་བ། ཉིད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁ་རུ་ཉིད་ལ་བག་ཆགས་སམ་ཤུགས་རྐྱེན་ཟབ་པའི་བོད་ཀྱི་རོལ་དབྱངས་པ་ཡོད་དམ།
གྲུ་བ་བསམ་འགྲུབ། རང་ལ་ཆེས་ཤུགས་རྐྱེན་ཐེབས་མཁན་དགེ་རྒན་སྨོན་ལམ་རྡོ་རྗེ་ལགས་རེད། ཁོང་གི་བརྩམས་ཆོས་དག་ལ་ཆུང་དུས་ནས་ཤིན་ཏུ་དགའ་ཞེན་ཆེ། དེ་མིན་པར་དགེ་རྒན་ཚེ་རིང་པ་སངས་ལགས་ཀྱིས་ཀྱང་ཕྲན་ལ་ལམ་སྟོན་གནང་མྱངས། ང་བྱིས་པ་ཡིན་དུས་ཁོང་གིས་ཆེད་དུ་ང་ལ་གཞས་ཤིག་བྲིས་ཡོད།
བཅར་འདྲི་བ། ཉིད་ཀྱིས་ད་ལྟ་གཞས་དེ་པར་འགྲེམ་བྱེད་འཆར་ཡོད་དམ།
གྲུ་བ་བསམ་འགྲུབ། དེའི་ཐད་ལ་བསམ་བློ་གཏོང་མ་མྱོང་། གཞས་དེ་རང་ལ་མཚོན་ན་བྱིས་དུས་ཀྱི་དྲན་པ་དམིགས་བསལ་བ་ཞིག་རེད། དེ་དུས་ཀྱི་ཚོར་བ་དེ་དུས་ཀྱི་བྲོ་བ་ད་ལྟ་གང་ན་གནས། དེ་བས་དྲན་རྟེན་དུ་འཇོག་རྒྱུ་ཡིན།
བཅར་འདྲི་བ། ཉིད་ཀྱིས་རང་གི་རོལ་དབྱངས་ཀྱི་གྲུབ་མཐའ་ཅི་འདྲ་གཏན་ཁེལ་བྱེད།
གྲུ་བ་བསམ་འགྲུབ། ང་རང་ལ་འདུ་ཤེས་ཤིག་ཡོད་དེ། དེ་ནི་ཐོག་མའི་སེམས་འདུན་མི་བརྗེད་པར་གསར་གཏོད་ཀྱི་རྒྱུན་ཆད་མི་ཉན་སྙམ། འདི་འདྲའི་རྨང་གཞི་སྟེང་ནས་གྲུབ་མཐའ་སོ་སོར་རོལ་མྱོང་བྱེད་པ་དང་། ལྷག་པར་དུ་རང་མི་རིགས་ཀྱི་རིག་གནས་རྩ་བར་བཟུང་ནས་དུས་དང་མཐུན་པའམ་ཡང་ན་གསར་གཏོད་ཀྱི་བསམ་བློ་ལྡན་པའི་བརྩམས་ཆོས་གསར་རྩོམ་བྱེད་ཀྱི་ཡིན། དེ་བས་ངས་གྲུབ་མཐའི་དབྱེ་བ་འབྱེད་ཀྱི་མེད་པར། གང་ཤེས་དང་གང་ཡག་གི་ཐད་ནས་མྱོང་རོལ་བྱེད་བཞིན་ཡོད།
བཅར་འདྲི་བ། ད་ལྟའི་བར་དུ་ཉིད་ཀྱིས་གཞས་པ་གཞས་མ་སོགས་གླུ་གཞས་ཐད་ཀྱི་ཕུལ་བྱུང་མི་སྣ་མང་པོ་ཞིག་དང་མཉམ་འབྲེལ་བྱས་མྱོང་འདུག།
འོ་ན་སྔོན་ཆད་དང་ད་ལྟ། མ་ཚད་པར་མ་འོངས་པའི་དུས་སྐབས་གང་ཡིན་རུང་རོལ་དབྱངས་གསར་རྩོམ་ཐད་ནས་གཞན་དང་མཉམ་འབྲེལ་བྱེད་པར་རེ་འདུན་ནམ་ཚད་ཐིག་ཅི་འདྲ་ཡོད།
གྲུ་བ་བསམ་འགྲུབ། ཐེངས་དང་པོར་ངས་གཞས་མ་ནམ་མཁའ་མཚོ་དང་མཉམ་འབྲེལ་བྱས་པ་ཡིན། མོས་ངའི་བརྩམས་ཆོས་《ཁ་བ།》ཞེས་པ་འཁྲབ་ལེན་བྱས་ཡོད། གཞས་འདི་ང་རང་བྱིས་དུས་ཀྱི་དྲན་པ་བན་བུན་མཚོན་བྱེད་ཅིག་ཡིན།
སྐབས་དེ་དུས་ཡིན་ན་ང་རང་ལམ་ཁ་འདིར་ཞུགས་ནས་དུས་ཡུན་རིང་པོའང་རེད་མི་འདུག།
གཞས་མ་ཁོ་མོ་ལ་མཚོན་ན་རེ་འདུན་དང་ཚད་ཐིག་འདི་འདྲ་ཞིག་དགོས་བསམ་མི་ཕོད། གཙོ་བོ་མོ་རང་གིས་གཞས་ཚིག་འདི་ལ་གོ་བ་ཅི་འདྲ་ཞིག་ལེན་པ་དང་དེ་ནས་མོས་རང་གི་ཚོར་བ་ལྟར་དུ་འཁྲབ་ལེན་བྱེད་རྒྱུ་དེ་རེད། དངོས་ནས་གཞས་མ་ཁོས་འཁྲབ་ལེན་བྱས་པ་བརྒྱུད་མི་མང་པོས་དགའ་བསུ་ཐོབ་པ་དང་། ང་རང་ལའང་ཡིད་ཚིམ་པ་བྱུང་ཡོད།
དེ་མིན་ང་རང་ཉིད་ཀྱི་དམིགས་ཚད་ཅི་ཡོད་ཞེ་ན། གཅིག་ནས་གཞས་པ་མིང་གྲགས་ཅན་མང་པོ་ཞིག་དང་ལྷག་པར་དུ་རྒྱལ་ནང་གི་རོལ་དབྱངས་པ་གྲགས་ཅན་དུ་མ་དང་མཉམ་དུ་མཉམ་འབྲེལ་བྱ་བའི་གོ་སྐབས་ཨེ་ཡོད་སྙམ། གཉིས་ནས་རང་ཡུལ་ནས་གོམ་ཁ་ཆེ་རུ་བསྒྱུར་ཏེ་རྒྱལ་ནང་གི་གར་སྟེགས་ཆེ་སར་འགྲོ་ཨེ་ཐུབ་བསམ་བཞིན་ཡོད།
བཅར་འདྲི་བ། 2018ལོར་ཉིད་ཀྱིས“གྲུ་བ་ལམ་དཀར་པོ”ཞེས་པའི་རོལ་ཚོགས་དེ་བཙུགས་འདུག །རོལ་ཚོགས་དེ་འཛུགས་པའི་བློ་བསྐྱེད་ཅི་འདྲ་ཡིན་པ་དང་། ཡུན་རིང་རྒྱུན་འཁྱོངས་བྱེད་པའི་སེམས་ཤུགས་ཡོད་དམ།
གྲུ་བ་བསམ་འགྲུབ། བསམ་བློ་འདི་ཐོག་མར་རོལ་ཚོགས་འདིའི་བྷེ་སི་དཀྲོལ་མཁན་གྱིས་བཏོན་པ་རེད། ཁོང་ཚོ་རྒྱ་རིགས་ཡིན་མོད། རེད་དེ་བོད་ཀྱི་གླུ་གཞས་ལ་སྤྲོ་བ་ཆེན་པོ་འདུག །དེ་ནས་ང་ཚོས་གྲོས་ཁ་མཐུན་ཞིང་རྒྱུན་པར་མཉམ་དུ་བརྩམས་ཆོས་ཡག་པོ་རེ་གཉིས་རྩོམ་རྒྱུ་དང་གང་སར་འཁྲབ་སྟོན་བྱེད་དུ་འགྲོ་བའི་འདུན་པ་བཅངས་ནས་རོལ་ཚོགས་འཛུགས་རྒྱུའི་གྲོས་ཐག་བཅད་པ་དང་། རོལ་ཚོགས་ལ“ལམ་དཀར་པོ”ཞེས་པའི་མིང་བཏགས། མིང་འདི་འདྲ་ཞིག་འདོགས་དོན་ཀྱང་དགེ་བའི་ལས་དེར་ལྷད་མེད་དྭངས་གཙང་གི་སེམས་འདུན་བཅངས་ཤིང་། ཚོང་ལས་ཁོ་ན་ཙམ་མ་ཡིན་པར་བོད་ཀྱི་གླུ་གཞས་སྒྱུ་རྩལ་དང་རོལ་དབྱངས་ཐད་ལ་རང་ཉིད་ཀྱི་ཤུགས་ཙམ་ཕུད་ཨེ་ཐུབ་ཀྱི་འདུན་པ་འཆང་ཡོད། དེའང་རང་ཉིད་ལ་མཚོན་ན་རྒྱུད་འཛིན་ཡིན་ཞིང་ཁོང་ཚོར་མཚོན་ན་དགའ་ཞེན་ཞིག་ཡིན། དེ་བས་རྒྱུན་འཁྱོངས་བྱས་ཡོད། ཡུན་རིང་ཅི་འདྲ་ཞིག་ལ་འཁྱོངས་ཐུབ་པ་གཏན་འཁེལ་མེད་མོད། སོ་སོའི་འཚོ་བ་ལ་སོགས་པའི་རྐྱེན་དང་མ་ངེས་པ་མང་པོ་འདུག་སྲིད།
བཅར་འདྲི་བ། གོ་ཐོས་ལྟར་ན་ཉིད་ཀྱིས་ན་གཞོན་གཞས་པ་མང་པོ་ཞིག་བསྐྱེད་བསྲིང་བྱེད་བཞིན་འདུག་ཟེར་བ་བདེན་ནམ།
གྲུ་བ་བསམ་འགྲུབ། ཁོ་ཚོ་ཕ་ཡུལ་གཅིག་པ་ཡིན་ཞིང་། གླུ་གཞས་ཐད་ལ་ལྷན་སྐྱེས་ཀྱི་ཤེས་རབ་ལྡན། འོ་ན་ང་རང་ཕུ་བོ་ཞིག་གི་ཆ་ནས་ཁོ་ཚོར་ཅི་ཐུབ་གང་ཐུབ་ཀྱིས་རོགས་རམ་དང་རྒྱབ་སྐྱོར་རེ་ཐུབ་ན་བདེ་སྐྱིད་ཅིག་རེད་འདོད།
བཅར་འདྲི་བ། ནམ་རྒྱུན་ཉིད་ཀྱིས་རང་ཡུལ་དང་མཐོ་སྒང་སོགས་སུ་གསར་རྩོམ་གྱི་རྒྱུ་ཆ་འཚོལ་བསྡུ་རུ་འགྲོའམ།
གྲུ་བ་བསམ་འགྲུབ། དེ་འགྲོ་སྲིད། ང་རང་ལོ་རྟག་པར་དབྱར་དུས་སུ་རང་ཡུལ་མཐོ་སྒང་གི་ས་ཆ་སོ་སོར་འགྲིམ་ནས། གཅིག་ནས་རྒྱུ་ཆ་འཚོལ་བསྡུ་དང་གཉིས་ནས་གསར་རྩོམ་གྱི་ཐོལ་ཤེས་འཚོལ་དུ་འགྲོ་བ་ཡིན།
བཅར་འདྲི་བ། མ་འོངས་པར་ཉིད་ལ་འཆར་གཞི་ཅི་འདྲ་ཡོད།
གྲུ་བ་བསམ་འགྲུབ། རྗེས་ཕྱོགས་སུ་བརྩམས་ཆོས་སྤུས་དག་གང་མང་རྩོམ་ཨེ་ཐུབ་བལྟ་རྒྱུ་ནི་ང་རང་གི་དམིགས་ཡུལ་གཙོ་བོ་ཡིན། དེའི་ཞོར་ནས་ད་དུང་གཞུང་ལུགས་ཐད་ནས་སློབ་སྦྱོང་ལྷོད་མེད་བྱེད་རྒྱུ་དང་། ལྷག་པར་དུ་རང་རིགས་ཀྱི་ན་གཞོན་གཞས་པ་གཞས་མ་སུ་ཡིན་རུང་། གཞུང་ལུགས་ཀྱི་སྦྱང་བ་དེ་དངོས་གནས་རྨང་གཞི་གལ་འགངས་ཆེན་པོ་ཞིག་རེད་འདུག །