མདོ་སྨད་ཨན་ཆུང་གནམ་རྫོང་གི་རྟོག་ཞིབ་ཟིན་བཀོད། བསྟན་པ་ཕྱི་དར་གྱི་མེ་རོ་གསོ་ས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-03



གཅིག ཨ་ཆུང་གནམ་རྫོང་ཞེས་པའི་མིང་གི་ཐོགས་ཚུལ་དང་དེའི་ཁོར་ཡུག་རགས་བཤད།

ཨན་ཆུང་གནམ་རྫོང་ནི་བོད་ཆོལ་ཁ་གསུམ་དུ་ཕྱེ་བའི་མདོ་སྨད་རྟའི་ཆོལ་ཁ་ཡི་ཡ་གྱལ་ཏེ་གཅན་ཚའི་ཡུལ་དུ་ཡོད་ཅིང་། དེང་གི་སྲིད་འཛིན་ཁྱབ་ཁོངས་ཀྱི་དབྱེ་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་ཁམས་ར་གྲོང་བརྡལ་གྱི་ཁོངས་སུ་ཡོད་ལ། གཅན་ཚ་རྫོང་མཁར་ནས་ནུབ་བྱང་གི་ཕྱོགས་སུ་ཧ་ལམ་སྤྱི་ལེ་དྲུག་ཅུ་ཐམ་པ་ལྷག་གི་མཚམས་སུ་ཡོད། དེར་དགོན་པའི་མིང་གི་ཨན་ཆུང་ཞེས་པའི་ཡི་གེར་འབྲི་སྟངས་སམ་འབོད་སྟངས་ལ་ཨན་ཆུང་དང་ཨ་ཁྱུང་། ཨ་ཆུང་། ཨམ་ཆུང་། འ་ཆུང་སོགས་མང་མོད། ཡང་མི་ལ་ལས་ཨན་ཅུང་ཞེས་པ་ནི་རྒྱའི་སྐད་ཀྱི‘安全’ཞེས་པའི་སྒྲ་ཟུར་ཆག་པ་ཡིན་ནམ། རྒྱུ་མཚན་ནི་ཨན་ཅུང་གནམ་རྫོང་ནི་གནས་དབེན་པ་དང་ས་ཧ་ཅང་བརྩན་པས་བདེ་འཇགས་ཡིན་པར་གོ་ནས་ནང་དོན་དང་སྒྲ་གཉིས་འདྲ་བའི་ཆ་ནས་དེ་ལྟར་དབྱེ་ཞིབ་གཏོང་མཁན་ཡང་ཡོད། ཡང་ཨ་ཆུང་གནམ་རྫོང་ནི་རེབ་གོང་ཆོས་འབྱུང་གི་ས་བོན་ལས། བྱང་ཕྱོགས་ཀྱི་ཨ་ཆུང་གནམ་རྫོང་དང་ལྷོ་ཕྱོགས་ཀྱི་དར་རྩེ་མདོ་གཉིས་ཀྱི་མིང་བསྡོམས་པས་མདོ་སྨད་ལྷོ་བྱང་གི་མིང་ཐོགས་ཚུལ་ཏེ་ཨ་མདོར་གྲགས་ཚུལ་ཡང་བཞེད་འདུག །ཡང་འ་ཆུང་ཞེས་པ་ནི་གནམ་རྫོང་ཡང་རྩེའི་བྱང་གི་གནམ་སྒོ་མི་གཞན་པས་མི་ཚོར་བར་གསང་རྒྱ་བསྡམས་པའི་སྒྲིབ་བྱེད་ཀྱི་ཡོལ་བ་ལྟ་བུར་བོད་ཡིག་ཨ་ཆུང་གི་དབྱིབས་ཅན་བྲག་ལ་རང་བྱོན་འབུར་དུ་ཐོན་ནས་སྒོ་བཅད་ཡོད་པས་ཨ་ཆུང་གནམ་རྫོང་དུ་གྲགས་པ་སོགས་མང་། ཡིན་ནའང་ཏུན་ཧོང་ཡིག་རྙིང་དུ་ཨན་ཅུང་དང་ཨན་ཆུང་ཞེས་བྲིས་ཡོད་པ་དང་། པདྨ་བཀའ་ཐང་དུ་ཨན་ཆུང་ཞེས་བྲིས་ཡོད་ལ། ལྡེའུ་ཇོ་སྲས་ཀྱིས་མཛད་པའི《ལྡེའུ་ཆོས་འབྱུང་།》དུ་མདོ་སྨད་ཡན་ཆུང་རྣམ་རྫོང་ཞེས་ཡན་ཆུང་བྲིས་ཡོད་པ་དང་། མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།》རུ། མདོ་སྨད་ཨན་ཆུང་རྣམ་རྫོང་ཞེས་བརྗོད་ཡོད་པ་བཅས་ལ་བརྟག་ན་ཡན་ཆུང་དང་། ཨན་ཅུང་ངམ་ཨན་ཆུང་ཞེས་བྲིས་ན་འགྲིག་པ་ལས་གཞན་དག་རྣམས་ལ་ཁུངས་ཡང་དག་མེད་པར་སྙམ།

གནམ་རྫོང་ཞེས་པ་ནི་ཁམས་རའི་རྫོང་ཆེན་བཅོ་བརྒྱད་ཀྱི་ཁོར་ཡུག་ལེ་ལག་དང་བཅས་པའི་སྤྱི་མིང་དུ་གོ་བ་ལེན་སྲོལ་ཡོད་ཅིང་། བྱེ་བྲག་ཏུ་རྫོང་གི་རྒྱལ་པོ་ཨན་ཆུང་གནམ་རྫོང་རྩེའམ་དབུས་རྫོང་དབེན་འབྱུང་ནམ་མཁའ་རྫོང་ཁོ་ན་ལ་གོ་བའང་ཡོད། ཡང་ན་གནམ་གྱི་རྫོང་སྟེ་གནམ་གྱི་མཛོད་ཁང་ངམ་ཕོ་བྲང་གི་དབྱིབས་གཞོངས་པ་ནང་ཅི་བསམ་དེ་འཇོ་དང་གནས་དབེན་པ་ཡིན་པའི་ཆ་ནས་ཨན་ཆུང་ནམ་མཁའ་རྫོང་ཞེས་པར་འགྲེལ་ཚུལ་ཡང་ཡོད། རྫོང་འདིའི་རྩེ་མོའི་དབྱིབས་ནི་རྡོ་རྗེ་རྩེ་གསུམ་པའི་དབྱིབས་ཇི་བཞིན་མཚོན་པའི་སུལ་གསུམ་དང་། རྡོ་རྗེའི་ར་གདེངས་པའི་འབུར་གསུམ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་དེའི་མཐོ་ཚད་ལ་སྤྱི་ཁྲི་2600ལྷག་ཡོད་པས་གནམ་དུ་ཟུག་པ་ལྟ་བུའི་རྫོང་ཞིག་ཡིན་སྟབས་གནམ་རྫོང་ངམ་རྩེ་མོ་རྡོ་རྗེ་རྩེ་གསུམ་པའི་རྫོང་ཞེས་ཀྱང་གྲགས་ཡོད་ལ། དེའི་ཕྱོགས་བཞིར་ཤར་དུ་འུག་རྫོང་དང་། ལྷོར་མགོན་པོ་རྫོང་། ནུབ་ཏུ་ཁྲ་མཆུ་རྫོང་། བྱང་དུ་སྡེ་བརྒྱད་རྫོང་སྟེ་སྲུང་ལྷ་བཞིས་མཐའ་ནས་བསྐོར་བའི་ཚུལ་དུ་ཡོད། ཡང་གནམ་རྫོང་ལ་ལྡེའུ་ཇོ་སྲས་ཀྱིས་མཛད་པའི་《ལྡེའུ་ཆོས་འབྱུང་།》དང་། མཁས་པ་ལྡེའུས་མཛད་པའི《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།》གཉིས་སུ་གནམ་རྫོང་ལ་རྣམ་རྫོང་ཞེས་བྲིས་ཡོད་པས་རྣམ་རྫོང་ཞེས་པའི་འབྲི་ཚུལ་ཡང་ཡོད་པ་ཤེས་ཐུབ།

གནམ་རྫོང་འདི་ནི་མདོ་སྨད་ཡུལ་གྱི་རྫོང་ཆེན་བཞི་སྟེ་བྲག་དཀར་སྤྲེལ་རྫོང་དང་ཕུ་ལ་ཡང་རྫོང་། ཤ་བ་རི་རྫོང་། ཨན་ཆུང་གནམ་རྫོང་བཅས་ཀྱི་ཡ་གྱལ་དང་བོད་ཡུལ་འདིར་མཁས་པ་མི་གསུམ་གྱིས་འདུལ་བའི་བསྟན་པའི་མེ་རོ་གསོ་སའི་གནས་འཁྲུལ་མེད་ཞིག་ཡིན་པར་མ་ཟད། 《ལྷ་འདྲེ་བཀའི་ཐང་ཡིག》ལས། མདོ་སྨད་ཨན་ཆུང་གནམ་རྫོང་བྲག་ཕུག་ཏུ། ། མ་སངས་རྒྱལ་པོ་འགིང་བ་གཞུག །ཅེས་གསུངས་ཡོད་ལ། གནམ་རྫོང་རྩེ་རུ་མ་སངས་རྒྱལ་པོ་འགིང་བའི་ལ་བཙས་ཀྱང་ཡོད། སྤྱིར་མ་སངས་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་རྒྱལ་བོ་གཉའ་ཁྲི་བཙན་པོ་མ་བྱུང་གོང་དུ་མངའ་མཛད་བཅུ་གཉིས་དང་རྒྱལ་ཕྲན་སིལ་མ་བཞི་བཅུ། མ་སངས་རུ་བརྒྱད་སོགས་ཀྱིས་དབང་སྒྱུར་ཚུལ་བཀོད་ཡོད་པས་མ་སངས་ཞེས་པ་ནི་དུས་ཧ་ཅང་སྔ་བར་འདོད། གནས་འདིའི་ཁོར་ཡུག་ན་ཨན་ཆུང་གནམ་རྫོང་དང་ཁམས་རའི་རྫོང་ཆེན་བཅོ་བརྒྱད་ཀྱིས་མཚོན་པའི་གནས་འགངས་ཆེན་དང་། གདོད་མའི་ནགས་ཚལ། བྱུ་རུའི་མདངས་ཀྱིས་འཁྱུད་པའི་ས་ངོས། མ་བཞེངས་པའི་ལྷ་སྐུ་རང་བྱོན་དང་མ་བསྒྲུབ་པའི་གཏོར་མ་རང་གྲུབ། མ་བརྩིགས་མཆོད་རྟེན་རང་བྱོན། རྒྱལ་པོ་ཁྲི་ལ་བཞུགས་འདྲ། བཙུན་མོས་གུས་ཉམས་སྟོན་འདྲའི་ཚུལ་དང་། བྲག་གི་ལིང་ག་རང་བྱོན། བྲག་དམར་སེངྒེ་སྒྲ། གཅན་གཟན་དང་རི་དྭགས། འདབ་ཆགས་སྣ་ཚོགས་ཀྱི་དབྱིབས་སུ་ཡོད་པའི་བྲག་རི་རེ་རེའང་མཐོང་རྒྱུ་ཡོད་ཅིང་། ཀུན་གྱི་མཐོང་བར་སྨོན་པའི་རྫོང་འདི་ལ། རྫོང་ཆེན་བཅོ་བརྒྱད་དུ་འབོད་པ་ནི། སྟོད་ན་གངས་དཀར་གྱི་མཆོད་རྟེན་བཞེངས་འདྲའི་དཀར་པོ་ལྷའི་རྫོང་དྲུག་གི་རྫོང་དཔོན་རྒོད་པོ་རྫོང་ལ། འཁོར་དུ་གནས་སྤོ་རྫོང་དང་བ་ཤིང་རྫོང་། ཁྲ་མཆུ་རྫོང་། ཇོ་མོ་རྫོང་། རྔ་རྫོང་བཅས་དྲུག་དང་། བར་ན་དམར་པོ་བྱུ་རུ་མདངས་འདྲའི་དམར་པོ་བཙན་གྱི་རྫོང་དྲུག་དང་རྫོང་དཔོན་ར་གཞི་རྫོང་ལ། འཁོར་དུ་མགོན་པོ་རྫོང་དང་ལམ་འཕྲང་རྫོང་། རྟ་རྫོང་། སྡེ་བརྒྱད་རྫོང་། འུག་རྫོང་དང་བཅས་དྲུག་ཡོད། སྨད་ན་བཻཌཱུརྱའི་ཁུ་བས་བྱུགས་འདྲའི་སྔོན་མོ་ཀླུ་ཡི་རྫོང་དྲུག་སྟེ་རྫོང་དཔོན་སྨུག་པོ་རྫོང་ལ། འཁོར་དུ་ལ་རིང་རྫོང་དང་ནོར་རྫོང་། ལུག་རྫོང་། སེར་མོ་རྫོང་། ཟོར་རྫོང་བཅས་དྲུག་སྟེ་བསྡོམས་པས་བཅོ་བརྒྱད་དུ་གྲགས་མོད། འོན་ཀྱང་ད་རུང་བརྩི་ལུགས་མི་འདྲ་བའང་ཡོད། འདིར་དཀར་པོ་ཞེས་པ་ནི་སྟོད་ཀྱི་གངས་རི་དཀར་པོ་ལ་གོ་བ་དང་དམར་པོ་ཞེས་པ་ནི་བར་གྱི་རྫ་རི་དམར་པོ། སྔོན་མོ་ཞེས་པ་ནི་སྨད་ཀྱི་རྨ་ཆུ་སྔོན་མོ་ལ་གོ་བ་བཅས་ཡིན།

སྤྱི་ལོ་1995ལོར་གནམ་རྫོང་རྩེ་རུ་སྤྲུལ་སྐུ་གྲོལ་ལོ་ཚང་གིས་ཕྱག་བཏབ་པའི་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཡོད་པ་དང་། གནམ་རྫོང་ཞོལ་གྱི་ཐང་གོང་མར་རྣམ་རྒྱལ་ཐང་དུ་རྙིང་མའི་དགོན་པ་ཆགས་ཤིང་།
མཚན་ཧྲིལ་པོར་གནམ་རྫོང་གསང་སྔགས་དར་རྒྱས་གླིང་ཞེས་འབོད། འདེབས་མཁན་ནི་རྙིང་མ་བའི་བླ་མ་པདྨ་རིག་འཛིན་ཡིན།ཧ་ལམ1685ལོའི་ཡས་མས་སུ་བཏབ་པར་བཤད།ཐང་བར་མ་བཀྲ་ཤིས་ཐང་དུ་རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཀྱིས་བཏབ་པའི་དགེ་ལུགས་པའི་དགོན་པ་བཀྲ་ཤིས་རྣམ་རྒྱལ་གླིང་ཡོད་པ་དང་།ཧ་ལམ་1794ལོའི་ཡས་མས་སུ་བཏབ་པར་བཤད།ཐང་ཞོལ་མ་མཆོད་རྟེན་ཐང་དུ་བཙུན་མའི་དགོན་ཆགས་ཤིང་མཚན་ཧྲིལ་པོར་གནམ་རྫོང་བསམ་གཏན་ཆོས་འཕེལ་གླིང་ཞེས་འབོད། འདེབས་མཁན་ནི་དགུ་རོང་སྣ་ཚོགས་རང་གྲོལ་ཡིན།ཧ་ལམ1870ལོའི་ཡས་མས་སུ་བཏབ་པར་བཤད།གང་ལྟར་གནས་འདིར་ས་དགེ་རྙིང་གསུམ་དང་འབྲུག་པ་བཀའ་བརྒྱུད་བཅས་པའི་བླ་གྲྭ་གྲགས་ཅན་རིས་སུ་མ་ཆད་པ་མང་པོ་གནས་འབྲེལ་འཇོག་པར་ཕེབས་པའི་ལོ་རྒྱུས་ཀྱང་ཡོད།

གཉིས། མཁས་པ་མི་གསུམ་གྱིས་བསྟན་པའི་མེ་རོ་གསོས་ཚུལ།


བོད་བཙན་པོའི་རྒྱལ་པོ་མཐའ་མ་ལྷ་སྲས་དར་མའི་རིང་ལ་འདུལ་བའི་བསྟན་པ་བསྣུབ་པའི་ཚེ། དཔལ་ཆུ་བོ་རའི་སྒོམ་གྲྭར་བཞུགས་པའི་སྟོད་ལུང་གི་དམར་ཤཱཀྱ་མུ་ནེ་དང་། བོ་དོང་གི་གཡོ་དགེ་འབྱུང་།
རྒྱ་རབ་པའི་གཙང་རབ་གསལ་བཅས་མཁས་པ་མི་གསུམ་གྱིས་གསན་ནས་བྲོས་བྱོལ་བྱེད་པར་བརྩམས། ཁོང་རྣམ་པ་གསུམ་གྱིས་པོ་ཏི་དྲེལ་ཁལ་གཅིག་བཀལ་ནས་རྒྱལ་ཁྲིམས་མི་གཅིག་པའི་ས་ཆར་བསྟན་པ་དར་བར་བྱ་དགོངས་ནས་ཉིན་མོ་གབ་ཅིང་མཚན་མོ་བྱོན་ཏེ་མངའ་རིས་སྟོད་དུ་འབྱོར། དེ་ནས་སྡོད་མ་ཚུགས་པར་གར་ལོག་གི་ཡུལ་དུ་སོང་། ལོ་ཙཱ་བ་མེད་པས་འགྲོ་དོན་མ་བྱུང་། དེ་ནས་མདོ་སྨད་དུ་འགྲོ་བ་ལ་ཧོར་ཡུལ་བསྐོར་ནས་ཨོད་རོད་བརྒྱུད་དེ་ཕེབས་པ་ཡིན་མོད། དེར་རེ་ཞིག་བཞུགས་ཀྱང་སྐད་རིགས་མ་གཅིག་སྟབས་ཆོས་ཀྱི་བྱ་བ་བྱེད་མ་ནུས། མདོ་སྨད་དུ་ཕེབས་པའི་ཐོག་མར་བེ་རུ་ཚྭ་མཚོ་ནས་བྱོན་ཏེ་རྨ་ལུང་རྡོ་རྗེ་བྲག་རར་བཞུགས། དེ་དུས་བོད་བཙན་པོའི་མངའ་དབང་བཙན་པས་ཁོང་རྣམ་གསུམ་གསང་བ་ཐུབ་པ་ཞིག་དགོས་ཕྱིར། སྤྱི་ལོ་844ཙམ་ལ་གནམ་རྫོང་འདི་རྫོང་བཙན་པར་བསམ་ནས་གསང་རྒྱ་ཅན་གྱི་གནས་འདིར་ཕེབས་ཏེ་ཕལ་ཆེར་ལོ་ཉི་ཤུ་ལྷག་ཙམ་ལ་བཞུགས། གནམ་རྫོང་རྩེའི་བྲག་ཕུག་དང་པོ་མ་སངས་རྒྱལ་པོ་འགིང་བ་གནས་པར་གྲགས་པའི་བྲག་ཕུག་དེར་གཙང་རབ་གསལ་བཞུགས་པ་དང་། དེའི་ཚུན་ནས་གཡོ་དགེ་འབྱུང་དང་དམར་ཤཱཀྱ་མུ་ནེ་བཞུགས་པའི་ཕུག་པ་གཉིས་ཀྱང་རིམ་བཞིན་བྱུང་། གནམ་གྱི་འཁྲིས་སུ་ཡོད་པའི་ཕུག་པ་ནི་ཁོང་རྣམ་གསུམ་གྱི་རུང་ཁང་ཡིན་པར་ངག་རྒྱུན་དུ་གྲགས། སྤྱི་ལོ་870ལོའི་སྔ་རྗེས་ཙམ་ལ་འབངས་གྱེན་ལོག་བྱུང་བ་ནས་ལོ་ཁ་ཤས་ཀྱི་རྗེས་སུ་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་རྡོར་སོགས་གསང་རྒྱའི་གནས་ལས་བཞེངས་ནས། ལོ་རྡོ་རྗེ་བྲག་དང་དེ་ནས་ཏན་ཏིག་སོགས་གྲུབ་པའི་གནས་མཆོག་དུ་མར་ཞབས་ཀྱིས་བཅགས། མདོ་སྨད་ཨན་ཆུང་གནམ་རྫོང་དུ་བཞུགས་པའི་ཚེ། རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ་དགོང་ཀ་མི་འདུས་པ་རྣམས་ལ་སྨྲས་པས། ལས་དང་སྐལ་བར་ལྡན་པ་མོས་པས་སྤྱོད་པའི་ས་པ་མུ་གཟུ་གསལ་འབར་བྱ་བས་ཞལ་བལྟ་རུ་ཕྱིན་པས་དད་ནས་རབ་ཏུ་བྱུང་བ་དང་། དེ་ནས་ཟླ་གཅིག་ལོན་ནས་གཡོས་མཁན་པོ་བྱས། གཙང་གིས་སློབ་དཔོན་བྱས། དམར་གྱི་གསང་སྟེ་སྟོན་པ་བྱས་ནས། རྒྱ་ནག་གི་ཧ་ཤང་སྐྱེ་བ། ཧ་ཤིང་གིམ་འབག །བླ་ཆེན་པོ་གསུམ་དགེ་ཚུལ་དུ་བསྒྲུབས་སོ། །བླ་ཆེན་པོ་ལ་དགེ་བ་གསལ་དུ་བཏགས་སོ། །ལོ་གཅིག་ལོན་རྗེས་བསྙེན་རྫོགས་ཞུས་ན་དགེ་སློང་ལྔ་མ་ཚང་བར་མི་འོང་བས་རྒྱ་ནག་ཧ་ཤང་ཀེ་བང་དང་གྱི་བན་བྱ་བ་གཉིས་ཀྱིས་ཁ་བསྐངས་ཏེ་གཙང་གིས་མཁན་པོ། གཡོས་སློབ་དཔོན། དམར་གྱི་གསང་སྟོན་བྱས་ཏེ་ལྔའི་ཚོགས་ཀྱིས་བསྙེན་རྫོགས་བྱས་སོ། ། གཞན་གཙང་གི་མི་བཅུ་དང་ཁམས་ཀྱི་སོག་མོ་དྲུག་ལ་སོགས་པར་སྡོམ་རྒྱུན་སྤེལ་ཏེ་གནས་འདི་ནས་བསྟན་པའི་མེ་རོ་ཡར་གསོས་སོ། །

གསུམ། མཁས་པ་མི་གསུམ་གྱི་སྒྲུབ་ཕུག


མཁས་པ་མི་གསུམ་གྱི་སྒྲུབ་ཕུག་ནི་གནམ་རྫོང་རྩེའི་ཉིན་ལོགས་ཀྱི་བྲག་ངོས་ན་ཡོད་ལ། དེ་ནི་གནམ་རྫོང་རྩེ་མ་ཟད་བོད་ཁམས་ཡོངས་ཀྱི་གནའ་ཤུལ་གྲགས་ཅན་གཙོ་ཆེ་ཤོས་ཀྱང་ཡིན་ཏེ། རྒྱུ་མཚན་ནི་གཅིག་ནས་བོད་ཀྱི་མཁས་པ་མི་གསུམ་ལོ་ངོ་ཉི་ཤུར་སྒྲུབ་པ་ལ་གཞོལ་ས་དང་། གཉིས་ནས་བླ་ཆེན་དགོངས་པ་རབ་གསལ་གྱིས་རབ་བྱུང་བསྒྲུབ་ས། གསུམ་ནས་བསྟན་པའི་མེ་རོ་གསོ་ས་བཅས་ཡིན་པའི་རྐྱེན་གྱིས་རེད། དེ་ཡང་བྲག་ཕུག་དང་པོ་ནི་གཙང་རབ་གསལ་གྱི་སྒྲུབ་ཕུག་ཡིན། དེར་ད་ལྟ་སྨན་འདམ་ལས་གྲུབ་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་བཞེངས་ཡོད། གཉིས་པ་ནི་དམར་ཤཱཀྱ་མུ་ནེའི་སྒྲུབ་ཕུག་ཡིན། དེར་སྨན་འདམ་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་དང་། གཡས་སུ་སྔོན་གྱི་དུས་རྒྱ་གར་ནས་འཕུར་འོང་པར་གྲགས་པའི་སངས་རྒྱས་འོད་སྲུང་གི་ལི་སྐུ་གཅིག།
གཡོན་དུ་སྨན་འདམ་ལས་གྲུབ་པའི་དཔལ་ལྡན་ལྷ་མོའི་སྣང་བརྙན་བཞུགས། གསུམ་པ་ནི་གཡོ་དགེ་འབྱུང་གི་སྒྲུབ་ཕུག་ཡིན། དེར་དུས་གསུམ་སངས་རྒྱས་ཀྱི་སྣང་བརྙན་བཞུགས། ཕྱིས་སུ་སྨན་འདམ་ལས་གྲུབ་པའི་རྡོ་རྗེ་འཇིགས་བྱེད་དང་། མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་རྒྱལ། རྣམ་ཐོས་སྲས། གསང་བདག་ཕྱག་ན་རྡོ་རྗེ། གསང་བདག་འཁོར་ཆེན། རྟ་མགྲིན་གསང་སྒྲུབ། དབྱངས་ཅན་མའི་ལི་སྐུ་སོགས་མང་པོ་ཁ་སྣོན་མཛད་ནས་བཞེངས་ཡོད།

གཤམ་གྱི་རུང་ཁང་དུ་མཁས་པ་མི་གསུམ་གྱི་སྐུ་བརྙན་བཞུགས་ཤིང་། སྔོན་བླ་ཆེན་དགོངས་པ་རབ་གསལ་བཞུགས་མྱོང་བར་གྲགས་པའི་ཕུག་པ་དེར་ཤིང་བརྐོས་ལས་གྲུབ་པའི་རྗེ་བཙུན་མི་ལ་རས་པའི་སྐུ་བརྙན། འོད་དཔག་མེད་ཀྱི་ཞལ་ཐང་། ཚེ་དཔག་མེད་ཀྱི་ཞལ་ཐང་། མཉམ་མེད་ཐུབ་པའི་དབང་བོའི་ཞལ་ཐང་། རྒྱན་དྲུག་མཆོག་གཉིས་ཀྱི་ཞལ་ཐང་སོགས་ཀྱི་སྐུ་བརྙན་མང་པོ་བཞུགས་ཡོད།

བཞི། མཁས་པ་མི་གསུམ་གྱི་བླ་སྡོང་།


གནམ་རྫོང་རྩེར་འགྲོ་སའི་ལམ་སྐེད་དུ་མཁས་པ་མི་གསུམ་གྱི་བླ་སྡོང་ཡོད། དེ་ནི་མཁས་པ་མི་གསུམ་གནམ་རྫོང་དུ་ཕེབས་ནས་གཏན་བཞུགས་བྱས་རྗེས། ཡུལ་མི་དད་ལྡན་འགའ་རེས་ཚོར་ཏེ། སེར་མོ་བ་གསུམ་གཞན་ཞིག་ནས་བྱོན་ཏེ་འདི་ཕྱོགས་ཀྱི་རྫ་ལུང་ཞིག་ཏུ་གསང་བར་བཞུགས་ཡོད་པའི་གཏམ་ལྷ་ལུང་དཔལ་གྱི་རྡོ་རྗེས་ཐོས་པས། ཕྱོགས་དུ་མར་བཙལ་རྗེས་མཁས་པ་མི་གསུམ་གཞན་ཞིག་ཏུ་ཕེབས་ནས་ཕྱིར་གནམ་རྫོང་དུ་ཕེབས་པའི་རྗེས་བསྙེགས། གནམ་རྫོང་ལུང་བའི་འདབས་བཀྲ་ཤིས་ཆུ་མགོར་ཚ་བབས་གནང་ནས་ཕེབས་མ་ཐག་པའི་ཤུལ་དུ་སླེབས་ཏེ། མྱུར་བར་ཁོང་རྣམ་གསུམ་གྱི་སྐུ་རྗེས་དེད་ནས། གནམ་རྫོང་ངོས་ཀྱི་གསེག་ལམ་དུ་རྗེས་ཆོད་དེ་མཇལ་ནས་ཕན་ཚུན་ཞིབ་རྒྱས་ཀྱི་གླེང་མོལ་མཛད། དེ་དུས་མཁས་པ་མི་གསུམ་གོང་ཕྱོགས་སུ་རིམ་པར་བསྒྲིགས་ཏེ་བཞུགས་ནས་ངལ་གསོ་མཛད་པའི་ཤུལ་དུ་ཕྱིས་སུ་ཐང་ཤིང་སྡོང་པོ་གསུམ་རྗེས་དྲན་དུ་བཙུགས། སྤྱི་ལོ་1958ལོར་མི་ཁ་ཤས་ཀྱིས་བསམ་གཟས་ནས་བཅད་པའི་མ་ཡས་རྐང་གསུམ་ད་དུང་མིག་གི་ལོངས་སྤྱོད་དུ་མཐོང་རྒྱུ་ཡོད་པ་འདི་རེད། དེ་དུས་ལྷ་ལུང་དཔལ་རྡོར་རང་ཉིད་རྒྱལ་བོ་བཀྲོངས་པའི་སྡིག་ཅན་དང་དམེ་ཅན་དུ་བལྟས་ནས་ཅུང་རྒྱང་རིང་དུ་བསྡད་ནས་ཞུ་བ་མཛད་པའི་ཤུལ་དུ་རྡོ་སྤུངས་རྗེས་དྲན་དུ་བཀོད་པ་ཕྱིས་སུ་ང་བརྒྱད་ལོར་བཤིག་པ་རེད།

ལྔ། ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག


ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག་ནི་ཨན་ཆུང་གནམ་རྫོང་རྩེའི་ལྷོ་ཕྱོགས་ཀྱི་ཁ་གཏད་འུག་རྫོང་རྟིང་པའི་ཤ་མ་ལུང་བྲག་ངོས་སུ་ཡོད་ལ། ཀླད་དུ་མཆོད་རྟེན་ཆ་བརྒྱད་རང་བྱོན་དང་། མདུན་དུ་མ་མོ་མཁའ་འགྲོ་འདུ་བའི་ཤིང་སྡོང་རྐང་གཅིག ལྷོ་ན་མཁའ་འགྲོ་འདུ་བའི་བྲག་དམར་རང་བྱོན། བྱང་ན་ཉ་ཤིང་འདུས་པའི་རཀྟ་རང་འབབ་བཅས་ཡོད། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་དབུ་རུ་འབྲོམ་ཐོད་གུང་མོ་ཆེར་འཁྲུངས། སྐྱ་མིང་ལ་སྟག་ཉ་བཟང་ཟེར། ནར་སོན་ནས་རྒྱ་བོད་སོ་མཚམས་སྲུང་བའི་དམག་མིར་སོང་ཞིང་དམག་རྩལ་སྦྱངས་པའི་མཆོག་ཏུ་གྱུར་ནས་གཡུལ་འཁྲུག་རྣམས་ལས་རྒྱལ་བ་བྱུང་། མཚམས་ཤིག་ལ་ཐུགས་ངེས་འབྱུང་གིས་བསྐུལ་ཏེ་དམག་གྲལ་ནས་འབུད་ཐབས་བྱས་ཏེ་དབུས་སུ་འབྱོར་ནས་སློབ་དཔོན་མང་དུ་བསྟེན་ནས་གདམས་ངག་མང་པོ་ཐོབ། ཕྱིས་སུ་བྲག་ཡེར་བའི་ལྷ་རི་རིང་མོར་སྒོམ་སྒྲུབ་ལ་ཡུན་རིང་བཞུགས་སྐབས། རྒྱལ་པོ་དར་མས་དམ་པའི་ཆོས་བསྣུབས་པ་ཐུགས་ཀྱི་མ་བཟོད་པར་རྒྱལ་བོ་བཀྲོངས་ནས་མདོ་ཁམས་སུ་བྲོས་བྱོལ་དུ་སོང་། ཡུལ་མིའི་ངག་རྒྱུན་དུ་དང་པོ་ལོ་རྡོ་རྗེ་བྲག་ཏུ་འབྱོར་ནས་ས་མིང་དྲིས་པར། རྨ་ཀླུང་རྡོ་རྗེ་བྲག་ར་ཟེར་ཞུས་པས་རྟེན་འབྲེལ་གྱི་མཚན་མར་གཟིགས་ནས། གནས་འདིའི་བྲག་ཕུག་ཏུ་སྒྲུབ་གནས་བྱས་ཏེ་བཞུགས། མདུན་གྱི་ཐང་དུ་རྒྱལ་བོ་སྡིག་ཅན་བཀྲོངས་བྱེད་ཀྱི་ལྕགས་གཞུ་དང་ལྕགས་མདའ་དུ་མ་བཅས་བཞག་ནས་དེའི་སྟེང་རྡོ་སྤུངས་མཛད་པ། ད་ལྟ་དེའི་སྟེང་དུ་འབུམ་ཁང་ཕུག་ནས་བཞག་ཡོད། རྗེས་སུ་ལྷ་ལུང་དཔལ་རྡོར་གྱིས་མཁས་པ་མི་གསུམ་གྱི་སྐུ་སྲུང་མཛད་ཕྱིར་བཞུགས་ཡུལ་གནམ་རྫོང་ཕྱོགས་འདིར་སྤོར། གནམ་རྫོང་རྩེའི་མཁས་པ་མི་གསུམ་གྱི་སྒྲུབ་ཕུག་མཐོང་བའི་ཤར་ཕྱོགས་འུག་རྫོང་དུ་གནམ་རྫོང་རྩེའི་ལམ་སྒོ་བསྲུང་བའི་ཚུལ་དུ་བཞུགས། མཁས་པ་མི་གསུམ་གྱི་བཞུགས་གནས་དེ་ནས་གལ་སྲིད་ཉེན་བརྡ་ཐོས་ཚེ། དེ་མ་ཐག་འཐབ་འགོག་བྱེད་པའི་ཁུར་ཆེན་མ་བསྒོས་རང་སྐལ་དུ་བསྣམས་པ་ལྟ་བུར་ཡོད།

གཞན་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་གྲགས་ཅན་ནམ་ཚད་མར་འཛིན་པ་《ལྡེའུ་ཆོས་འབྱུང་།》དང་། མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།》དང་།《ལྷ་འདྲེ་བཀའི་ཐང་ཡིག》《པདྨ་བཀའ་ཐང་།》སོགས་སུ། མདོ་སྨད་ཨན་ཆུང་གནམ་རྫོང་གི་མིང་བཀོད་ཡོད་པར་མ་ཟད། ད་དུང་ཏུན་ཧོང་ཡིག་རྙིང་དུ། སྤུག་ཡེ་ཤེས་དབྱངས་ཀྱི་སྤུར་ཨན་ཅུང་གནམ་རྫོང་དང་སྲིན་པོ་རི་སོགས་སུ་ཁྱེར་བའི་ལོ་རྒྱུས་ཡོད་པ་དང་། སྤུག་ཡེ་ཤེས་དབྱངས་དང་ཚིག་ཙ་ནམ་མཁའི་སྙིང་པོ་གཉིས་ནི་བོད་རིག་པར་ཞིབ་འཇུག་གནང་མཁན་མང་པོའི་དགོངས་བཞེད་ལྟར་ན། ཧ་ལམ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དང་ཁྲི་རལ་བ་ཅན་གཉིས་སྐབས་ཀྱི་མི་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་།
ཏུན་ཧོང་ཤོག་དྲིལ་དུ་ཨན་ཆུང་གནམ་རྫོང་ཞེས་པ་ཡིག་ཐོག་ཏུ་བཀོད་ནས་དུས་ཡུན་རིང་པོ་ཕྱིན་པའང་གསལ་ལ། ལྷག་པར་དུ་བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་བརྒྱུད་ནང་བསྟན་གྱི་བསྟན་པའི་མེ་རོ་གསོ་སའང་ཡིན་པས་མདོ་སྨད་ཨན་ཆུང་གནམ་རྫོང་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་གནས་འགངས་ཆེན་དང་སྐད་གྲགས་ཧ་ཅང་ཆེན་པོ་ཡོད་པའང་རྟོགས་ཐུབ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1