ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུས་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་དུས་རབས་གསར་པར་རླབས་ཆེའི་ལྗར་འགོག་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་པའི་ནན་སྟོན་གནང་ཡོད། ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་བ།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་སྤྱི་ཚེས་3ཉིན་གྱི་ཕྱི་དྲོ། མི་དམངས་ཚོགས་ཁང་ཆེན་མོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཐབ་བྱེད་པའི་བརྗིད་ཉམས་ལྡན་པའི་བརྒྱུད་རིམ་ཁྲོད་གསོ་སྤེལ་བྱས་པའི་རླབས་ཆེའི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་ཀྱིས་རྒྱལ་ཁབ་དར་རྒུད་ཅི་ཞིག་འབྱུང་བ་དེ་སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། རང་སྲོག་བློས་གཏོང་ལ་མི་སྐྲག་པ་དང་འཆི་དགོས་བྱུང་ཡང་མགོ་བོ་མི་སྒུར་བའི་མི་རིགས་ཀྱི་ལ་རྒྱ། རྩུབ་སྤྱོད་ལ་མི་སྐྲག་པ་དང་དམར་འཛིང་མཐར་ཕྱིན་པ་བྱེད་པའི་དཔའ་བོའི་རྫིག་ཉམས། ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པ་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་ཁ་ཐོབ་ངེས་ཡིན་པའི་དད་སེམས་བཅས་མངོན་པར་བྱས་ཡོད། རླབས་ཆེའི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་ནི་ཀྲུང་གོའི་མི་དམངས་ཀྱི་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཞིག་ཡིན་ཞིང་། དེས་ཀྲུང་གོའི་མི་དམངས་ནས་དཀའ་ཉེན་མཐའ་དག་ཁྱད་བསད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱ་རྒྱུར་ནམ་ཡང་སྐུལ་མ་ཐེབས་བཞིན་ཡོད་ཅེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཀྱི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་དེ་རིང་ང་ཚོས་འདི་གར་མཉམ་འཛོམས་གཟབ་རྒྱས་བྱས་ཏེ་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུས་ཡོད། ལོ་ངོ་75ཡི་གོང་གི་དེ་རིང་། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ་བློ་སྟོབས་ཆེར་བསྐྱེད་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱས་པ་བརྒྱུད་ཧྥ་ཤི་སི་རིང་ལུགས་རྦད་དེ་ཕམ་ཉེས་སུ་བཏང་ནས་དྲང་བདེན་ངན་པ་ལས་རྣམ་པར་རྒྱལ་བ་དང་། འོད་སྣང་མུན་ནག་ལས་རྒྱལ་བ། ཡར་ཐོན་ལོག་སྤྱོད་ལས་རྒྱལ་བ་བཅས་ཀྱི་རླབས་ཆེའི་རྒྱལ་ཁ་བླངས་ཡོད། ལོ་ངོ་75ཡི་གོང་གི་དེ་རིང་། ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ངང་ཁྲག་བཏོན་དམར་འཛིང་ལོ་14བྱས་པ་བརྒྱུད། གདུག་རྩུབ་ཆེ་བའི་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་ཕམ་ཉེས་སུ་བཏང་ནས་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་གི་རླབས་ཆེའི་རྒྱལ་ཁ་བླངས་ཡོད། དེ་ནི་ཉེ་རབས་ལོ་རྒྱུས་ཚུན་དུ་ཀྲུང་གོའི་མི་དམངས་ཀྱིས་ཕྱི་ཕྱོགས་དགྲ་བོའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་རྒྱུན་རིང་ཤོས་དང་། གཞི་ཁྱོན་ཆེ་ཤོས། རང་སྲོག་བློས་གཏོང་བྱེད་མང་ཤོས་བཅས་ཀྱི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཅིག་ཡིན་ལ། རྦད་དེ་རྒྱལ་ཁ་ཐོབ་ཐེངས་དང་པོ་ཡིན་པའི་མི་རིགས་བཅིངས་འགྲོལ་འཐབ་རྩོད་ཅིག་ཀྱང་ཡིན། རླབས་ཆེའི་རྒྱལ་ཁ་དེ་ནི་ཀྲུང་ཧྭ་མི་རིགས་འདི་ཉིད་ཉེ་རབས་ཚུན་དུ་ཉེན་ཁ་ཤིན་ཏུ་ཆེ་བ་ནས་རླབས་ཆེའི་བསྐྱར་དར་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་ཁ་ལོ་སྒྱུར་མཚམས་ཤིག་ཡིན་ལ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པ་དང་། དེ་ནི་ཀྲུང་གོའི་མི་དམངས་ཀྱི་རྒྱལ་ཁ་ཡིན་ལ་འཛམ་གླིང་མི་དམངས་ཀྱི་རྒྱལ་ཁ་ཡང་ཡིན། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་གི་རླབས་ཆེའི་རྒྱལ་ཁ་དེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་ངེས་ཡིན་ལ་མིའི་རིགས་ཀྱི་དྲང་བདེན་བྱ་གཞག་གི་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་ངེས་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་ནས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་གནང་སྟེ། རྒྱལ་ཡོངས་ཀྱི་ལྗར་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། རྒྱལ་གཅེས་མི་སྣ། ལྗར་འགོག་དམག་དཔོན་བཅས་དང་། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལོ་རྒྱུས་ཀྱི་བྱ་རྗེས་འཇོག་མཁན་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་དང་། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རོགས་སྐྱོར་དང་རོགས་རམ་བྱེད་མྱོང་བའི་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ། རྒྱལ་ཁ་ཐོབ་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་གནང་བའི་དཔའ་བོ་ཡོངས་དང་། བཙན་འཛུལ་པས་དམར་གསོད་བཏང་ནས་རྐྱེན་ལམ་དུ་ཤོར་མཁན་རྣམས་ལ་སེམས་སྡུག་ཆེན་པོས་མྱ་ངན་ཞུས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་རྗེས། ཀྲུང་གོའི་མི་དམངས་ཀྱིས་ཁྲང་པའེ་ཧྲན་རི་བོ་དང་ཧེ་ལུང་ཅང་གཙང་པོའི་གཡས་གཡོན་ལ་འགོག་རྒོལ་དྲག་པོ་བྱས་པ་དེ་ནི་ཀྲུང་གོའི་མི་དམངས་ཀྱིས་ལྗར་འགོག་དམག་འཐབ་བྱེད་པའི་འགོ་འཛུགས་སར་གྱུར་བ་དང་། དུས་མཚུངས་སུ་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཐབ་དངོས་སུ་རྒྱག་འགོ་ཚུགས་ཡོད། བདུན་པའི་ཚེས་བདུན་གྱི་དུས་འགྱུར་རྗེས། བཙན་འཛུལ་ལ་འགོག་རྒོལ་བྱེད་པ་དང་རྒྱལ་ཁབ་ཉམ་ཐག་གནས་ལས་སྐྱོབ་རྒྱུ་དེ་ནི་ཀྲུང་གོའི་ཏང་ཤོག་ཁག་དང་། མི་རིགས་ཁག གྲལ་རིམ་ཁག བང་རིམ་ཁག ཚོགས་པ་ཁག་བཅས་དང་དེ་བཞིན་ཕྱིར་སྡོད་ཀྲུང་གོ་བའི་ཐུན་མོང་གི་འདུན་པ་དང་བྱ་སྤྱོད་དུ་གྱུར་བ་དང་། ཀྲུང་གོ་འདི་ཉིད་དུས་དེ་ནས་བཟུང་དམངས་ཡོངས་ནས་ལྗར་འགོག་དམག་འཐབ་བྱེད་པའི་དུས་མཚམས་སུ་སླེབས་པ་མ་ཟད། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཐབ་ཀྱི་ཤར་ཕྱོགས་དམག་ས་གཙོ་བོ་བཏོད་ཡོད། དཀའ་ཚེགས་རྣམ་པར་ཆེ་བའི་ལྗར་འགོག་དམག་འཁྲུག་ཁྲོད། ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་དམག་འཐབ་ནང་ཞུགས་པ་དང་། མི་རིགས་བསྐྱར་དར་ཆེད་དུ་དམག་འཐབ་ནང་ཞུགས་པ། མིའི་རིགས་ཀྱི་དྲང་བདེན་ཆེད་དམག་འཐབ་ནང་ཞུགས་པ་བཅས་བྱས་པ་དང་། སྤྱི་ཚོགས་སྐུལ་སློང་སྔར་བས་རྒྱ་ཆེ་ཞིང་། མི་རིགས་གོ་རྟོགས་ལས་སད་ཚད་སྔར་བས་གཏིང་ཟབ་པ། དམག་འཐབ་བྱེད་པའི་བློ་སྟོབས་སྔར་བས་བརྟན་པ། རྒྱལ་ཁ་ཐོབ་ངེས་ཡིན་པའི་ཆོད་སེམས་སྔར་བས་བརྟན་པ་བཅས་བྱུང་ནས་སྔར་ན་མེད་པའི་མཐོ་ཚད་ཅིག་ཏུ་སླེབས་ཡོད། ཀྲུང་གོའི་མི་དམངས་ཀྱིས་ངར་ལྕགས་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་སྟོབས་ཆེའི་དགྲ་བོར་རྒོལ་ཞིང་། ཤ་ཁྲག་ལས་གྲུབ་པའི་ལུས་པོར་བརྟེན་ནས་ལྕགས་རི་རིང་པོ་བཏོད་པ། སྔོན་འགྱེལ་རྗེས་མཐུད་ཐོག་ནས་རྒྱལ་ཁབ་འཇིག་ཉེན་ལས་སྐྱོབ་པ་བཅས་བྱས་ནས་གནམ་ས་འགུལ་བའི་དཔའ་བོའི་ལོ་རྒྱུས་སྙན་ངག་བརྩམས་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རླབས་ཆེའི་རྒྱལ་ཁ་ཐོབ་པ་དེས་ལྗར་པན་དམག་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་མི་སེར་སྤེལ་སྙམ་པའི་ངན་ཇུས་ཁ་ཐོར་དགུ་ཐོར་དུ་བཏང་བས་མ་ཚད་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་སྟེ། ཉེ་རབས་ཚུན་དུ་ཕྱི་རྒྱལ་གྱི་བཙན་འཛུལ་པར་འགོག་རྒོལ་བྱེད་པའི་དམག་འཐབ་བརྒྱབ་ཚད་ཕམ་ཉེས་བྱུང་བའི་མི་རིགས་ཀྱི་ངོ་ཚ་གཙང་བཀྲུས་བྱས་ཡོད། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རླབས་ཆེའི་རྒྱལ་ཁ་ཐོབ་པ་དེས་འཛམ་གླིང་ཐོག་ཀྲུང་གོའི་རྒྱལ་ཁབ་ཆེན་མོའི་གནས་བབ་སླར་ཡང་གཏན་འཁེལ་བྱུང་ཡོད་ལ། ཀྲུང་གོའི་མི་དམངས་ལ་འཛམ་གླིང་གི་ཞི་བདེར་དགའ་བའི་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་། ཀྲུང་ཧྭ་མི་རིགས་ལ་བླ་ན་མེད་པའི་མི་རིགས་ཀྱི་མཚན་སྙན་ཐོབ་ཡོད། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེས་ཀྲུང་གོའི་མི་དམངས་ཀྱིས་མི་རིགས་རང་བཙན་དང་རང་དབང་། བཅིངས་འགྲོལ་བཅས་འཚོལ་སྙེག་བྱེད་པའི་འདུན་པ་བརྟན་དུ་སོང་ཡོད་ལ། གནའ་བོའི་ཀྲུང་གོ་བའི་རྒྱ་བྱ་མྱ་ངན་ལས་འདས་རུང་། མེ་ཕུང་ཁྲོད་ནས་སླར་གསོན་བྱུང་བའི་ལོ་རྒྱུས་ཀྱི་རྒྱང་སྐྱོད་གསར་པ་ཕྱེ་ཡོད་ཅེས་བསྟན་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེ་ནི་རྒྱལ་གཅེས་རིང་ལུགས་ཀྱིས་ལྟེ་བ་བྱས་པའི་མི་རིགས་སྙིང་སྟོབས་ཀྱི་རླབས་ཆེའི་རྒྱལ་ཁ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀ་བཞི་གདུང་བརྒྱད་ལྟ་བུའི་ནུས་པ་བཏོན་པའི་རླབས་ཆེའི་རྒྱལ་ཁ་ཞིག མི་རིགས་ཡོངས་ཀྱིས་ཀུན་སེམས་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་ལྗར་འགོག་དམག་འཐབ་བྱས་པའི་རླབས་ཆེའི་རྒྱལ་ཁ་ཞིག ཀྲུང་གོའི་མི་དམངས་ཀྱི་ཧྥ་ཤི་སིར་ངོ་རྒོལ་བྱེད་མཁན་མནའ་འབྲེལ་རྒྱལ་ཁབ་དང་དེ་བཞིན་རྒྱལ་ཁབ་ཁག་གི་མི་དམངས་དང་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བྱས་པའི་རླབས་ཆེའི་རྒྱལ་ཁ་ཞིག་བཅས་རེད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལྗར་པན་ནི་ཁྱིམ་མཚེས་རེད། ཀྲུང་གོ་དང་ལྗར་པན་གྱི་ཡུན་རིང་ཞི་བདེའི་མཛའ་གྲོགས་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ། ཨེ་ཤེ་ཡ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་དགོས་མཁོ་དང་མཐུན་པ་ཞིག་རེད། ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལོ་རྒྱུས་ལ་བལྟ་སྟངས་ཡང་དག་འཛིན་པ་དང་བསམ་གཞིགས་ནན་པོ་བྱེད་པ་དེ་ནི་ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བ་འཛུགས་པ་དང་གོང་འཕེལ་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། སྔོན་མའི་བསླབ་བྱ་མ་བརྗེད་ན། རྗེས་མའི་མེ་ལོང་ཞིག་ཏུ་འགྱུར་ངེས་ཡིན། ང་ཚོས་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་བ་དེ་ནི་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། འབྱུང་འགྱུར་ལ་ཁ་ཕྱོགས་པ། མཉམ་དུ་ཞི་བདེར་གཅེས་འཛིན་དང་། ཞི་བདེར་སྲུང་སྐྱོབ་བྱས་ཏེ་ཀྲུང་གོ་དང་ལྗར་པན་རྒྱལ་ཁབ་གཉིས་པོའི་མི་དམངས་རྣམས་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ནམ་ཡང་རྣམས་ཞི་བདེ་ལྷིང་འཇགས་ངང་འཚོ་བར་རོལ་རྒྱུ་ཡོང་བ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་75སོང་རིང་། ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཤུགས་སྐྱེད་སྟོབས་སྤེལ་དང་། དཀའ་སྤྱད་ལས་གཏོད་ཀྱིས་འཛམ་གླིང་ཀུན་གྱི་མཐོང་ཆོས་གྱུར་བའི་གོང་འཕེལ་གྱི་གྲུབ་འབྲས་བཏོད་པ་དང་། ལེགས་གྲུབ་ལྡན་པའི་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་བཏོད་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། དབུལ་སྒྲོག་འགག་གཏོར་དང་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱ་རྒྱུར་རྒྱལ་ཁ་ཐོབ་མཚམས་སུ་སླེབས་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་འོད་སྟོང་འཕྲོ་བའི་མདུན་ལྗོངས་བསུས་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་ཐོག་བསྐྱོད་དགོས། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་ཡིན་རུང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལ་འཁྱོག་བཤད་དང་། ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ་ལ་དམའ་འབེབས་བྱེད་པའི་རེ་ངན་བཅངས་ཚེ། ཀྲུང་གོའི་མི་དམངས་རྣམས་ནས་ཁས་ལེན་གཏན་ནས་བྱེད་མི་སྲིད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་ཡིན་རུང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་འཁྱོག་བཤད་དང་འགྱུར་ལྡོག་གཏོང་བ་དང་། ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པའི་རླབས་ཆེའི་གྲུབ་འབྲས་ལ་ཁས་མི་ལེན་པ་དང་དེར་དམའ་འབེབས་གཏོང་བའི་རེ་ངན་བཅངས་ཚེ། ཀྲུང་གོའི་མི་དམངས་རྣམས་ནས་ཁས་ལེན་གཏན་ནས་བྱེད་མི་སྲིད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་ཡིན་རུང་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཁ་ཕྲལ་གཏོང་བ་དང་ཁ་གཏད་དུ་འཇོག་པའི་རེ་ངན་བཅངས་ཚེ། ཀྲུང་གོའི་མི་དམངས་རྣམས་ནས་ཁས་ལེན་གཏན་ནས་བྱེད་མི་སྲིད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་ཡིན་རུང་བཙན་གནོད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁོ་པ་ཚོའི་འདོད་བློ་ཀྲུང་གོར་བཙན་འགེལ་བྱེད་པ་དང་། ཀྲུང་གོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྒྱུར་བ། ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་ཆེད་འབད་བརྩོན་བྱས་པར་འགོག་རྐྱེན་བཟོ་བའི་རེ་ངན་བཅངས་ཚེ། ཀྲུང་གོའི་མི་དམངས་རྣམས་ནས་ཁས་ལེན་གཏན་ནས་བྱེད་མི་སྲིད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་ཡིན་རུང་ཀྲུང་གོའི་མི་དམངས་ཀྱི་ཞི་བདེའི་འཚོ་བ་དང་གོང་འཕེལ་གྱི་ཁེ་དབང་ལ་གཏོར་བཤིག་གཏོང་བ་དང་། ཀྲུང་གོའི་མི་དམངས་དང་རྒྱལ་ཁབ་གཞན་དག་གི་མི་དམངས་བར་གྱི་སྤེལ་རེས་མཉམ་ལས་ལ་གཏོར་བཤིག་གཏོང་བ། མིའི་རིགས་ཀྱི་ཞི་བདེ་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་རེ་ངན་བཅངས་ཚེ། ཀྲུང་གོའི་མི་དམངས་རྣམས་ནས་ཁས་ལེན་གཏན་ནས་བྱེད་མི་སྲིད་ཅེས་གསུངས་ཡོད།
ཝང་ཧུའུ་ཉིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གོ་དོན་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་མ་ཟད། ལག་བསྟར་དོན་འཁྱོལ་ཏན་ཏིག་བྱ་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ཏེ། སྔོན་གཤེགས་དཔའ་བོ་གྲངས་མེད་ཀྱིས་གསར་གཏོད་གནང་བའི་རླབས་ཆེའི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་འགོ་འཛིན་ཆུས་ཆིང་ཧྲན་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་མིའོ་ཧྭ། ལྗར་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་ཀྱི་འཐུས་མི་ཝང་ཨེན་ཐེན། གཞོན་ནུ་སློབ་མའི་འཐུས་མི་ཆན་ལིང་ཞའོ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཡོད།
ཏིང་ཞུའེ་ཞང་དང་། ཝང་ཁྲེན། ཞུས་ཆི་ལེའང་། ཀྲང་ཡིའུ་ཞ། ཧོང་ཁུན་མིང་། ཚའེ་ཆི། ཁྲེན་ཀྲུའུ། ཤའོ་ཅེ། ཀྲང་ཆིང་ལི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
ལྗར་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་དང་ལྗར་འགོག་དམག་འཁྲུག་གི་དམག་དཔོན་གྱི་གཉེན་ཉེའི་འཐུས་མི། ལྗར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་གཉེན་ཉེའི་འཐུས་མི། ཀྲུང་དབྱང་གི་ཏང་སྲིད་དམག་དང་། མང་ཚོགས་ཚོགས་པའི་འབྲེལ་ཡོད་སྡེ་ཚན་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་མི་སྣ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་དང་། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་འབུལ་མཁན་རྒྱལ་སྤྱིའི་མཛའ་གྲོགས་མི་སྣའི་འདས་པོའི་གཉེན་ཉེའི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།