[ནང་དོན་གནད་བསྡུས།] རྩོམ་འདིར་ཉེ་ལམ་གསར་དུ་རྙེད་པའི་བཀའ་གཙིགས་ཡི་གེ་སྟེ་སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཐོག་མར་བྱུང་ཞིང་། རྒྱེ་ཤིན་བློན་ཆེན་པོའི་ཁྱིམ་རྒྱུད་དང་འབྲེལ་ཡོད་ཀྱི་བཀའ་ལུང་གསལ་བའི་མདོའི་འོག་དཔེ་ཞིག་ངོ་སྤྲོད་བྱས་ཡོད། དེ་ཡང་དུས་ཕྱིས་སུ་གུ་གེའམ་སྟོད་ཀྱི་རྒྱལ་རྒྱུད་ག་གེ་མོས་ཁྱིམ་རྒྱུད་དེར་གནང་བའི་བཀའ་གཏན་ཡི་གེ་ཞིག་ཡིན་ངེས་ཀྱང་། ནང་དོན་དུ་སྤུ་རྒྱལ་བཙན་པོ་ཁྲི་སྟའུ་སྙ་གཟིགས་དང་། ཁྲི་གནམ་རི་སྲོང་བསྩན་རླུང་ནམ། མེས་སྲོང་བསྩན་སྒམ་པོ། ཁྲི་སྲོང་ལྡེ་བསྩན་སྐབས་སུ་བྱུང་བའི་རྒྱེ་ཤིན་བློན་ཆེན་པོའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་མི་སྣ་དང་། འབྲེལ་ཡོད་ལོ་རྒྱུས་དོན་ཆེན་སྐོར་གྱི་བླ་དཔེའི་ནང་དོན། དེ་བཞིན་དུས་ཕྱིས་སུ་སྟོད་ཀྱི་བཙན་པོའི་རྒྱལ་རྒྱུད་དང་། རྒྱེ་ཤིན་ཚང་གི་བཀའ་ལུང་སྔ་ཕྱིའི་ནང་དོན། དུར་མཆོད་ཀྱི་རིམ་པ་སོགས་ཚུད་ཡོད་པས་ན། བོད་གནའ་རབས་ཀྱི་ལོ་རྒྱུས་སྐོར་གྱི་དཔྱད་ཡིག་གལ་ཆེན་ཞིག་ཡིན།
[བརྡ་ཆད་གཙོ་བོ།] སྤུ་རྒྱལ་བཙན་པོ། ཁྲི་སྲོང་ལྡེ་བཙན། བཀའ་ལུང་། རྒྱེ་ཤིན་བློན་ཆེན་པོའི་ཁྱིམ་རྒྱུད། དུར་མཆོད་ཀྱི་རིམ་པ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2020-01-0023-13
2018ལོའི་ཟླ་10པའི་ནང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཟླ་བ་ལགས་བརྒྱུད་ནས་གནའ་བོའི་བཀའ་ལུང་ངམ་ཡང་ན་བཀའ་གཏན་ཡི་གེའི་པར་རིས་གཉིས་མཇལ་བྱུང་། པར་རིས་དང་པོ་ལས་གསལ་བ་ལྟར་ན། འདིར་ཡིག་ཕྲེང་69ཡོད་པ་དང་། ཡིག་ཕྲེང་རེར་ཡིག་འབྲུ་10ཡོད་པའི་དབང་དུ་བཏང་ན། ཁྱོན་ཡིག་འབྲུ་690ཙམ་ཡོད་པར་མངོན་ཡང་། པར་རིས་གསལ་པོ་མེད་རྐྱེན་མདུན་གྱི་ཡིག་ཕྲེང་1-26བར་དང་། མཇུག་གི་ཡིག་ཕྲེང་58-69བར་གསལ་པོ་མཐོང་མི་ཐུབ་པ་མ་ཟད། ཡིག་ཕྲེང་58-69གི་ནང་དོན་ཡང་ཆ་ཚང་མེད་པ་གསལ་པོར་རྟོགས་ཐུབ་ལ། པར་རིས་ཐོག་ནས་འདིའི་རིང་ཚད་དང་། ཞེང་ཚད་ཀྱང་རྟོགས་ཐབས་བྲལ། པར་རིས་གཉིས་པ་ནི་དང་པོའི་ཡིག་ཕྲེང་27-57བར་གྱི་ནང་དོན་ཡིན།
གོ་ཐོས་ལྟར་ན། བཀའ་གཏན་ཤོག་དྲིལ་འདི་ནི་སྐུ་ཞབས་ཅིན་ཧྲུའུ་པོ་ཞེས་པས་པར་བཏབ་པར་གྲགས། ཁོང་ནི་དེ་སྔོན་སྟོད་མངའ་རིས་ཕྱོགས་སུ་ཕེབས་མྱོང་ཡོད་ཅིང་། གནའ་བོའི་ཞང་ཞུང་གི་ལོ་རྒྱུས་རིག་གནས་སྐོར་གྱི་དེབ་གཅིག་ཀྱང་བརྩམས་ཡོད་པ་དང་།① བཀའ་གཏན་གྱི་ནང་དོན་ཡང་སྟོད་མངའ་རིས་ཀྱི་ལོ་རྒྱུས་དང་འབྲེལ་བ་ཡོད་སྟབས་འདི་ནི་སྟོད་ཀྱི་ས་ཆ་ག་གེ་མོ་ཞིག་ནས་རྙེད་པ་ཨེ་ཡིན་སྙམ། སྐུ་ཞབས་བློ་བཟང་རྡོ་རྗེས་ངོ་སྤྲོད་གནང་བ་ལྟར་ན། སྤྱི་ལོ་2013-2015བར། ཁྱུང་ལུང་དགོན་པའི་ཉེ་འཁོར་གྱི་མཆོད་རྟེན་རྙིང་པ་ཁ་ཤས་འཐོར་ཞིག་སོང་བ་དང་། སྐབས་དེར་གྲོང་མི་ཚོས་བཀའ་གཏན་ཡི་གེ་འདི་རྙེད་པ་རེད་ཟེར།②གཞན་ཡང་ཤར་རྒན་དབང་འདུས་ཀྱིས་ཀྱང་བོད་ལྗོངས་རྩ་མདའ་ཁྱུང་ལུང་ནས་རྙེད་པའི་བཙན་པོའི་དུས་ཀྱི་ལོ་རྒྱུས་ཡིག་ཆ་ཞེས་བྲིས་འདུག③ དེས་ན་འདི་ནི་ཁྱུང་ལུང་ཁུལ་ནས་རྙེད་སོན་བྱུང་བའི་བཀའ་གཏན་ཤོག་དྲིལ་ཞིག་རེད།
ཕྱིས་སུ་དཔལ་ཁུད་འབྲོག་རྒན་ཞེས་པ་ཞིག་གིས་སྐད་འཕྲིན་དྲ་ལམ་དུ། ཁྱུང་ལུང་དངུལ་མཁར་གྱི་སྐུ་ཞབས་ཤིག་གིས་མཁོ་འདོན་བྱས་པར་གྲགས་པའི་བཀའ་རྩིགས་ཡི་གེ་ཞལ་བཤུས། ཞེས་པ་སྤེལ་བ་དེར་ཁྱོན་ཡིག་ཕྲེང་124མཆིས།④གཞན་ཡང་གནམ་ལྕགས་ཞེས་པས་བན་ཤུལ་དཔལ་མཁར་རྒྱལ་གྱིས་ཤོག་དྲིལ་འདྲ་དཔེ་ལས་བཤུས་པ་དེའི་རྨང་གཞིའི་སྟེང་སླར་ཡང་མ་དཔེ་དང་བསྡུར་ཏེ་ཞུས་པར་ཁ་བྱང་དུ། ཁྱུང་ལུང་ནས་རྙེད་སོན་བྱུང་བའི་དགེ་ཤིན་པའི་བཀའ་གཏན་ཞལ་བཤུས་ཀྱི་མ་ཕྱི་ཆ་ཚང་། ཞེས་དང་། 2019ལོའི་ཟླ་10པར། བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་པ་ཨོ་རྒྱན་རྒྱལ་མཚན་ནས་མ་ཡིག་ཆ་ཚང་གི་པར་རིས་མཁོ་འདོན་གནང་བྱུང་བས་འདིར་མ་ཡིག་གི་ཡིག་ཕྲེང་69མན་ཆད་ཀྱི་ནང་དོན་ཡང་ངོ་སྤྲོད་ཞུ་ཞོར་དེར་གསལ་བའི་བོད་གནའ་རབས་ཀྱི་ལོ་རྒྱུས་དང་། ལོ་རྒྱུས་མི་སྣ་སོགས་ཀྱི་སྐོར་རགས་ཙམ་ངོ་སྤྲོད་ཞུས་ཡོད།
དང་པོ། མ་ཡིག
1.༄། །། ། གནམ་ལསས་⑤ཀྱི་བཙན་པོ་ ། །
2.ས་ལྷུནད་ཀྱི་མངའ་མཛད་། །མྱི་རྗེ་ལྷའི་སྤྲུལ་
3.པ་། གནམ་གྱི་ལྷ་ལས་འགྲེང་མྱིའི་རྗེར་གཤེགྶ་
4. སྟེ་དུད་རྔོག་ཆགས་ཀྱི་རྐྱེན་དུ་བསྐྱོད་པའི་བོད་ཀྱི་
5.སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཀྱི་ཞ་སྔའ་
6.ནས་ཕོ་བྲང་སྲ་ཤོད་བི་བ་མཁར་ན་བཞུགས་
7.པའི་དུས་སུ་བཀའ་ལུང་གསལ་བའི་མདོའ་
8.བྱང་གུ་གེའི་སྡེ་རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་
9. གཅུག་པུད་རྗེ་ལ་ཁྭེ་ལ་ཡོས་བུའི་ལོ་རྒུན་
10. ཟླ་ཐ་ཆུངས་ཀྱི་ངོ་ལ་བཀས་གནང་བ།
11.རྒྱེ་ཤིན་བློན་ཆེནཔོ་ཁྲི་དབང་གཅུག་པུད་རྗེ་ལ་
12.ཁྭེ་མལ་དེ་ན་ཡང་བཙན་པོ་གདུང་རྒྱུད་རིམ་
13.པར་ཕ་མེས་རྒྱུད་ཀྱིས་སྙིང་ཉེ་ཞིང་ཞོ་ཤ་ཆེར་⑥
14.ཕུལ། མེས་ཁྲི་སྟའུ་སྙ་གཟིགས་ཀྱི་སྐུ་རིང་ལ་
15.རྒྱེ་ཤིན་བློན་ཆེནཔོ་འཛམ་གླིང་ཁྲི་དོན་བཞེར་
16.བཙན་ནེས་དྲུ་གུ་ཡུལ་དུ་དམག་དཔོན་བགྱིས་ཏེ།
17.མྱང་དབོན་མནོན་དང་གསུམ། ཚེ་སྤོང་འཕྲིན་
18.དང་སྒོ་བསྟུན་ནས། རྒྱལ་ཕྲན་བཅུ་གཉིས་ཀྱིའ་
19.སྲིད་བརླག། ཞང་ཞུང་སྡེ་དང་བཅས་པ་འ་ཞའ་
20.འཁོར་དང་བཅས་པ། དགས་པོ་རྒྱོབ་དང་བཅས་
21.པ་ཡང་འདུས་ཏེ། ཞབས་འདེགས་ཕུལ། མེས་
22.ཁྲི་གནམ་རི་སྲོང་བསྩན་རླུང་ནམ་ཀྱི་སྐུ་རིང་ལ་
23.རྒྱེ་ཤིན་བློན་ཆེན་པོ་ཨརྱ་འཛམ་སུས་དམག་དཔོན་
24.བགྱིས་ཏེ། སྦལ་ཏི་དང་ནོལ་ཐབས་མཛད་པའི་
25.སར་དཔའི་ཡ་རབ་བགྱིས་ཆབ་སྲིད་རྒྱས་པར་
26.བཙུགས་པས་བཀའ་སྟགས་ཀྱི་སྒྲོམ་བུ་མཐའ་
27.དབུས་སུ་བསྩན་པར་རྨེ་ཆགས་པའི་ཞབས་
28. འདེགས་ཕུལ། མེས་སྲོང་བསྩན་སྒམ་པོའི་
29.སྐུ་རིང་ལ་རྒྱེ་ཤིན་བློན་ཆེནཔོ་མང་རྗེ་བསྩན་
30.ལ་མྱིས་རྒྱའི་ཕྱོགས་སུ་དམག་དྲངས་ཏེ་ག་རྟམ་
31.གྱི་རྒྱ་ཐང་དུ་རྒྱ་དང་ནོལ་ཐབས་མཛད་པའི་དུས་
32.སུ་དཔའི་ཡང་རབ་བགྱིས། དཔའ་མཆན་སྟག་
33.གི་ཟར་ཆེན་གསལ། འགར་སྟོང་བསྩན་ཡུལ་
34.ཟུངས་དང་། ད་རྒྱལ་མང་པོ་རྗེ་པྲོ་ནམ་གཉིས་
35.དང་སྒོ་བསྟུན་ནས་བོད་ཀྱི་མཁར་བཞི་བསྩིགས་
36.པ་དང་། བོད་རུར་ཕྱེ་བ་དང་། སུམ་པ་སྡེར་བཅད་པ་
37.ལ་སོགས་པའི་ཞབས་འདེགས་ཕུལ་བས་དཔེན་
38.ཡོན་ལ་གསེར་གྱི་ཡི་གེ་ཆུ་ངུ་བཀས་གནང་
39.བཙན་པོ་ཁྲི་སྲོང་ལྡེ་བསྩན་གྱི་སྐུ་རིང་ལ། རྒྱེ་
40. ཤིན་བློན་ཆེནཔོ་ཁྲི་དབང་གཅུན་པུད་རྗེ་ལ་ཁྭེས་
41.ཡུལ་ན་ནར་དུ་གཉི་འགོ་དང་ནོལ་ཐབས་
42.མཛད་པའི་དུས་སུ། བྱ་ལོ་ནས་ལོ་རྒུའི་བར་
43.དུ་རྒུ་ཁྲོམ་བགྱིས་དཔའ་འཛངས་ཀྱི་ཕུལ་བཏོན་
44.ཏེ། མཐའི་འགོ་མནན་རྗེའི་སྐུ་བཅས་ཆབ་
45.སྲིད་ཀྱི་ནོལ་ཐབས་སྔར་བྱུང་དུ་སྒོ་སྲོག་ལ་མ་
46.འཛེམས་ཏེ་ཆབ་སྲིད་གྲངས་དང་རིམ་པར་ཕྱག་ཏུ་
47.ཕུལ་ཏེ། དཔེ་ཡོན་ལ་སེང་གེའི་གོ་དམག་གསལ་
48.གཡུའི་ཡི་གེ་ཆུ་ངུ་བཀས་གནང་། དེ་ལྟར་སུག་
49.བྱད་ཡུན་ཏུ་བཟང་ཞིང་གདུང་རྒྱུད་རིམ་པ་ལ་མྱི་
50.རབས་རྒྱུད་ཀྱིས་ཞབས་འདེགས་ཆེར་བགྱིས་པའི་རྒེ་ཡོན་
51.དང་སྦྱར་ནས་བཀའ་སྩིགས་གནང་བ་ཡིན་གྱིས་
52.མངའ་མཛད་གདུང་རྒྱུད་ཇོ་མོ་བདན་ཁུར་ཕྱི་
53.མ་རྣམས་ཀྱིས་ནམ་ནམ་ཞ་ཞ། ཚེ་ཚེ་
54.རབས་རབས་བུ་ཚ་མཐའ་རྗེས་མྱི་རབས་
55.རྒྱུད་མར་མྱི་བཅོམ་མྱི་བསྒྱུར་མྱི་དབྲི་མྱི་བསྐྱུང་
56.བཀས་མྱི་བཤུ་མྱི་ཤ་སྨན་ཆལ་སྨ་སྟོང་དང་
57.བཅས་པ་ཡང་གདུང་རྒྱུད་རིམ་པས་བཀས་
58.གནང་བའི་ཡིག་རྩང་དང་མཐུན་པར་བཀའ་
59.སྟགས་བསྲུང་སྟགས་དང་བཅས་པ་འཕང་དུ་
60.གསལད་པ་ཡིན་ནོ། ངའི་རྒྱེ་ཤིན་བློན་ཆེན་
61.པོ་ཁྲི་དབང་གཅུན་པུད་རྗེ་ལ་ཁྭེ་བུ་ཚ་རྒྱུད་
62.དུ་ཁྲག་ཆེ་བཏོན་ཆུ་བཏོན་ནི་ཤི་རི་ཤི་ཐང་དུ་
63.བཀས་གནང་། སུས་བཀུམ་ཡང་ལྷ་གཉན་
64.མཆོད་པ་དང་སྲི་གནོན་གྱི་རྐྱེན་ལ་བྲན་ཕོ་རུས་
65. སྣ་རྒུ་བྲན་མོ་རུས་སྣ་རྒུ་གསེར་གྱི་མདའ་རྒུ་
66.ཧྭ་དར་རྒུ། གཡུའི་འཕང་རྒུ་ལ་སྲིན་བལ་
67.འདབ་མ་རྒུ་བཏགས་པ། མོན་ལུག་རྒུ།
68.མོན་ར་རྒུ་། ནས་ཁལ་རྒུ་། ཤིང་ཏོག་ཁལ་
69.རྒུ་། མར་ཁྭག་རྒུ་། གུ་རམ་རྒུ་། སྒང་
70. རྒུ་ལ་སོགས་པ་དང་མཆོད་པར་བྱའོ་། །བླ་རི་
71 .སྤོ་རི་རྨ་བྱ་མདོངས་གསེར་གྱི་ཞུ་ལུབས་སུ་
72 .གཡོག་། བླ་མཚོ་ང་ར་གཡུ་མཐུར་ཅན་ནི་
73 .གཟི་མཆོང་གིས་གཅལ་དུ་བཀྲམ་། བླ་ཐང་
74 .གཡའ་ཐང་མྱིང་མང་རིས་ནི་དར་ཟབ་ཀྱིས་
75 .གཡོག་། ཕྲད་ཡས་དར་ཡུག་རྒུ་། གསེར་གྱི་
76 .སྦྲམ་བུ་རྒུ་། འབྲི་རྒུ་། རོ་གཡོགས་ལ་ཁྲབ་
77 .མྱིང་ཅན་རྒུ་། རོ་གལ་ལ་སྟ་རབ་རྒུ་། སྙིང་
78 .ནོན་ལ་གསེར་སྲང་བརྒྱ་དང་གཡུ་རབ་རྒུ་།
79 .བར་སྟོང་ལ་སྟ་རབ་རྒུ་། གཡག་རབ་རྒུ་། ཟ་
80 .འོག་རབ་རྒུ་། ནས་ཁལ་རྒུ་། ལུག་གྲང་རྒུ་།
81 .སྟོང་ནག་ནི་ཤི་རི་ཤི་ཐང་གི་རྐང་གྲངས་ལས་
82 .བཀས་གནང་། སྲང་རྒུ་ཁྲི་རྒུ་སྟོང་། རྒུ་བརྒྱ་
83 .རྒུ་བཅུ་རྩ་རྒུ་། ཞོ་རྒུ་། ནམ་རྒུ་། ལུག་རྒུ་
84 .ཉིང་རྒུ་བཀས་གནང་། སོ་སྟ་སེན་གས་ན་སྐྲ་
85 .ལུག་། ཡུགས་སའི་གོས་རིན་སྲང་རྒུ་། མཆི་
86 .ཕྱིས་འབྲི་ཅིག་དང་དར་ཡུག་ཅིག་། རྒྱ་རིན་ལ་
87 .སྟ་ཅིག་ཐེབ་ཀྲིས་དར་ཡུག་དམར་པོས་བྱ་སྟེ་པག་
88 .མར་བརྒྱུས་། མནའ་མ་དང་བུ་སྲིང་གི་ཁྲིན་སྲང་
89 .བཞི་བརྒྱ་། མཚོན་ཆེ་ཕྱུང་ཆུང་ཕྱུང་ཁེང་རབ་ཀྱི་
90 .སྟོང་དང་བསྙམ་། མྱི་ཞིང་འབྲོག་སོགས་གནང་བ་
91 .མེ་ཉག་དང་ཐག་། ར་ལྗགས་དང་ནམ་པག་།
92 .ཏིང་དི་དང་སྲེ་། སྦྱུ་རུ་དང་མོ་ལྕགས་རུ་རྦང་ལ་སོགས་
93 .རུས་སྣ་རྒུ་སྟོང་བརྒྱ་ཅུ་རྩ་བདུན་། ཡུལ་འཕན་
94 .ཡུལ་གྱི་རྒྱ་ཚར་སྲང་། ཞིང་རྒོད་དོར་བརྒྱ་བཞི་
95 .བཅུ་རྩ་ལྔ་པ་། འབྲོག་སྐྱི་ཐང་རིང་མོས་ཡས་
96 .བཅད་པ་། སྤང་རི་འབྲོང་ཚང་ཅན་གྱིས་མས་
97 .བཅད་པ་། བྲག་དམར་ཆུ་མདོའ་ལུང་ལག་གིས་
98 .བཅད་པ་། ན་རླུང་འོམ་ཚང་གིས་བཅད་པ་།
99 .བར་གྱི་རོ་ལེབ་མ་ཤིང་ལྕག་ཡུ་བཀས་གནང་།
100. སྔར་ཆོད་པའི་མྱི་ཞིང་འབྲོག་སོགས་བཀའ་དྲིན་
101 .མཛད་པ་ཉོས་ཞིང་ཕྲུ་ས་ཡན་ཆོད་དབང་བགྱིད་
102 .པར་བཀས་གནང་། སྤུས་ལྕོགས་པ་རྣམས་
103 .བླའི་སྒོ་གཉེར་ཆེན་པོ་འཚལ་བར་བཀས་གནང་།
104 .བཀའི་ཞང་བློན་པོར་བཞག་ཅིང་གཉའ་སྙོམ་པར་
105 .བཀས་གནང་། སྒོས་ཉེས་ཆེ་ཆུང་ཅི་མཆིས་
106 .ཀྱང་མྱི་བཀུམ་མྱི་སྤྱུག་། གཞན་སྙན་ཕྲ་ཞུ་
107 .བ་བྱུང་ན་ཡང་མ་སྦྱངས་པར་མྱི་གསན་ཞིང་
108 .བཀའ་ཆད་སྲོག་མྱིག་མྱི་མཛད་པར་བཀས་གནང་
109 .རྩིགས་ཞིང་རྩིགས་འབྲོག་འཚལ་བ་ལ་བཀའ་
110 .སྐོས་མི་མཛད་པར་བཀས་གནང་བའི་ཞལ་ཕན་
111 .གསལ་བ་འདི་སྒྲོག་རྡོ་ལ་ཕན་པར་གྱིས་ཤིག་།
112 .རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཙུག་ཕུད་རྗེ་ལ་
113 .ཁྭེ་བུ་ཚ་རྒྱུད་དུ་སྤྱན་རས་ཀྱིས་མྱི་བཙའ་རེ་།
114 .འཁོར་ཡུལ་བླར་བཞེས་རེ་། གཞན་དུ་ཡང་
115 .སྒྱུར་རེ་། སྙན་ཕྲ་བྱུང་ན་ཡང་གསན་རེ་།
116 .ཤགས་ཁར་རྫོང་རེ་། ཡུས་འགྲོས་ལྟར་
117 .བཀའ་མྱི་བཅད་རེ་། མ་སྦྱངས་པར་གཏཾ་
118 .སླས་གཅོད་པ་མཛད་རེ་། བློན་ཆེན་པོ་ཁྲི་དབང་
119 .གཙུག་ཕུད་ལ་བུ་ཚ་རྒྱུད་དུ་འདི་ལྟར་བཀའ་
120 .རྩིགས་གཡུང་རུང་དུ་བཙན་པར་བཀས་གནང་
121 .སྟེ་གཞི་ཕྱག་རྒྱ་འཆང་དུ་གསལད་པ་ཤང་ཤང་
122 .དུམ་རྩེག་ཏུ་བཏབ་པ་ཅིག་ལས་བཤུས་པ་
123 .ལགས་སྷོ་། །
124 .ཡུལ་ཕན་ཡུལ་གྱི་རྒྱེ་ཤིན་གྱི་ཆེ་རྟགས་། །
གཉིས་པ། མ་ཡིག་འབྲུ་འགྲེལ།
༄།། །།གནམ་ལྷ་བབས་ཀྱི་བཙན་པོ་། །ས་ལྷུནད་ཀྱི་མངའ་མཛད་། །མྱི་རྗེ་ལྷའི་སྤྲུལ་པ་། གནམ་གྱི་ལྷ་ལས་འགྲེང་མྱིའི་རྗེར་གཤེགྶ་སྟེ་དུད་རྔོག་ཆགས་ཀྱི་རྐྱེན་དུ་བསྐྱོད་པའི་བོད་ཀྱི་སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་(755-797ལོ)གྱི་ཞ་སྔའ་ནས་ཕོ་བྲང་སྲ་ཤོད་བི་བ་མཁར་⑦ན་བཞུགས་པའི་དུས་སུ་བཀའ་ལུང་གསལ་བའི་མདོའ་བྱང་གུ་གེའི་སྡེ་རྒྱེ་ཤིན་⑧བློན་ཆེན་པོ་ཁྲི་དབང་གཅུག་པུད་རྗེ་ལ་ཁྭེ་ལ་ཡོས་བུའི་ལོ་རྒུན་ཟླ་ཐ་ཆུངས་ཀྱི་ངོ་ལ་བཀས་གནང་བ། རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཅུག་པུད་རྗེ་ལ་ཁྭེ་མལ་དེ་ན་ཡང་བཙན་པོ་གདུང་རྒྱུད་རིམ་པར་ཕ་མེས་རྒྱུད་ཀྱིས་སྙིང་ཉེ་ཞིང་ཞོ་ཤ་ཆེར་ཕུལ།
མེས་ཁྲི་སྟའུ་སྙ་གཟིགས་(སྤྱི་ལོའི་དུས་རབས་6པ་ཙམ)ཀྱི་སྐུ་རིང་ལ། རྒྱེ་ཤིན་བློན་ཆེན་པོ་འཛམ་གླིང་ཁྲི་དོན་བཞེར་བཙན་ནེས་དྲུ་གུ་ཡུལ་དུ་དམག་དཔོན་བགྱིས་ཏེ། མྱང་དབོན་མནོན་གསུམ་དང་། ཚེ་སྤོང་འཕྲིན་དང་སྒོ་བསྟུན་ནས།⑨རྒྱལ་ཕྲན་བཅུ་གཉིས་ཀྱི་སྲིད་བརླག། ཞང་ཞུང་སྡེ་དང་བཅས་པ། འ་ཞའ་འཁོར་དང་བཅས་པ། དགས་པོ་རྒྱོབ་དང་བཅས་པ་ཡང་འདུས་ཏེ། ཞབས་འདེགས་ཕུལ།
མེས་ཁྲི་གནམ་རི་སྲོང་བསྩན་རླུང་ནམ་(སྤྱི་ལོའི་དུས་རབས་6པ)གྱི་སྐུ་རིང་ལ། རྒྱེ་ཤིན་བློན་ཆེན་པོ་ཨརྱ་འཛམ་སུས་དམག་དཔོན་བགྱིས་ཏེ། སྦལ་ཏི་དང་ནོལ་ཐབས་མཛད་པའི་སར་དཔའི་ཡ་རབ་བགྱིས། ཆབ་སྲིད་རྒྱས་པར་བཙུགས་པས། བཀའ་རྟགས་ཀྱི་སྒྲོམ་བུ་མཐའ་དབུས་སུ་བསྩན་པར་རྨེ་ཆགས་པའི་ཞབས་འདེགས་ཕུལ།
མེས་སྲོང་བསྩན་སྒམ་པོའི་(?-650ལོ)སྐུ་རིང་ལ། རྒྱེ་ཤིན་བློན་ཆེན་པོ་མང་རྗེ་བསྩན་ལ་མྱིས་རྒྱའི་ཕྱོགས་སུ་དམག་དྲངས་ཏེ་ག་རྟམ་གྱི་རྒྱ་ཐང་⑩དུ་རྒྱ་དང་ནོལ་ཐབས་མཛད་པའི་དུས་སུ་དཔའི་ཡང་རབ་བགྱིས། དཔའ་མཆན་⑾སྟག་གི་ཟར་ཆེན་གསལ། འགར་སྟོང་བསྩན་ཡུལ་ཟུངས་དང་། ད་རྒྱལ་མང་པོ་རྗེ་པྲོ་ནམ་གཉིས་དང་སྒོ་བསྟུན་ནས་བོད་ཀྱི་མཁར་བཞི་བསྩིགས་པ་དང་། བོད་རུར་ཕྱེ་བ་དང་། སུམ་པ་སྡེར་བཅད་པ་ལ་སོགས་པའི་ཞབས་འདེགས་ཕུལ་བས། དཔེར་ཡོན་ལ་གསེར་གྱི་ཡི་གེ་ཆུ་ངུ་བཀས་གནང་།
བཙན་པོ་ཁྲི་སྲོང་ལྡེ་བསྩན་གྱི་སྐུ་རིང་ལ། རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཅུན་པུད་རྗེ་ཁྭེས་ཡུལ་ན་ནར་དུ་གཉི་འགོ་⑿དང་ནོལ་ཐབས་མཛད་པའི་དུས་སུ། བྱ་ལོ་ནས་ལོ་རྒུའི་བར་དུ་རྒུ་ཁྲོམ་⒀བགྱིས། དཔའ་འཛངས་ཀྱི་ཕུལ་བཏོན་ཏེ། མཐའི་འགོ་མནན། རྗེའི་སྐུ་བཅས་ཆབ་སྲིད་ཀྱི་ནོལ་ཐབས་སྔར་བྱུང་དུ། སྒོ་⒁སྲོག་ལ་མ་འཛེམས་ཏེ། ཆབ་སྲིད་གྲངས་དང་རིམ་པར་ཕྱག་ཏུ་ཕུལ་ཏེ། དཔེ་ཡོན་ལ་སེང་གེའི་གོ་དམག་གསལ། གཡུའི་ཡི་གེ་ཆུ་ངུ་བཀས་གནང་། དེ་ལྟར་སུག་བྱད་⒂ཡུན་ཏུ་བཟང་ཞིང་། གདུང་རྒྱུད་རིམ་པ་ལ་མྱི་རབས་རྒྱུད་ཀྱིས་ཞབས་འདེགས་ཆེར་བགྱིས་པའི་རྒེ་ཡོན་⒃དང་སྦྱར་ནས་བཀའ་སྩིགས་གནང་བ་ཡིན་གྱིས།
མངའ་མཛད་གདུང་རྒྱུད་ཇོ་མོ་བདན་ཁུར་ཕྱི་མ་རྣམས་ཀྱིས་ནམ་ནམ་ཞ་ཞ། ཚེ་ཚེ་རབས་རབས་བུ་ཚ་མཐའ་རྗེས་མྱི་རབས་རྒྱུད་མར་མྱི་བཅོམ་མྱི་བསྒྱུར་མྱི་དབྲི་མྱི་བསྐྱུང་། བཀས་མྱི་བཤུ། མྱི་ཤ་སྨན་ཆལ་སྨ་སྟོང་དང་བཅས་པ་ཡང་གདུང་རྒྱུད་རིམ་པས་བཀས་གནང་བའི་ཡིག་ཚང་དང་མཐུན་པར་བཀའ་རྟགས་བསྲུང་རྟགས་དང་བཅས་པ་འཕང་དུ་གསལད་པ་ཡིན་ནོ།
ངའི་རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཙུག་པུད་རྗེ་ལ་ཁྭེ་བུ་ཚ་རྒྱུད་དུ་ཁྲག་ཆེ་བཏོན་ཆུང་བཏོན་ན་ནི། ཤི་རི་ཤི་ཐང་དུ་བཀས་གནང་།⒄སུས་བཀུམ་ཡང་ལྷ་གཉན་མཆོད་པ་དང་། སྲི་གནོན་གྱི་རྐྱེན་ལ། བྲན་ཕོ་རུས་སྣ་རྒུ་དང་། བྲན་མོ་རུས་སྣ་རྒུ། གསེར་གྱི་མདའ་རྒུ། ཧྭ་དར་རྒུ། གཡུའི་འཕང་རྒུ་ལ་སྲིན་བལ་འདབ་མ་བཏགས་པ་། མོན་ལུག་རྒུ། མོན་ར་རྒུ། ནས་ཁལ་རྒུ། ཤིང་ཏོག་ཁལ་རྒུ། མར་ཁྭག་རྒུ་། གུ་རམ་རྒུ་། བླ་སྣང་རྒུ་ལ་སོགས་པ་དང་མཆོད་པར་བྱའོ་། །བླ་རི་སྤོ་རི་རྨ་བྱ་མདོངས་གསེར་གྱི་ཞུ་ལུབས་སུ་གཡོག་། བླ་མཚོ་ང་ར་གཡུ་མཐུར་ཅན་ནི་གཟི་མཆོང་གིས་གཅལ་དུ་བཀྲམ་། བླ་ཐང་གཡའ་ཐང་མྱིང་མང་རིས་ནི་དར་ཟབ་ཀྱིས་གཡོག་། ཕྲད་ཡས་དར་ཡུག་རྒུ་། གསེར་གྱི་སྦྲམ་བུ་རྒུ་། འབྲི་རྒུ་། རོ་གཡོགས་ལ་ཁྲབ་མྱིང་ཅན་རྒུ་། རོ་གལ་ལ་རྟ་རབ་རྒུ་།⒅སྙིང་ནོན་ལ་གསེར་སྲང་བརྒྱ་དང་གཡུ་རབ་རྒུ་། བར་སྟོང་ལ་རྟ་རབ་རྒུ་། གཡག་རབ་རྒུ་། ཟ་འོག་རབ་རྒུ་། ནས་ཁལ་རྒུ་། ལུག་གྲང་རྒུ་།སྟོང་ནག་ནི་ཤི་རི་ཤི་ཐང་གི་རྐང་གྲངས་ལས་བཀས་གནང་། སྲང་རྒུ་ཁྲི་རྒུ་སྟོང་། རྒུ་བརྒྱ་རྒུ་བཅུ་རྩ་རྒུ་། ཞོ་རྒུ་། ནམ་རྒུ་། ལུག་རྒུ། ཉིང་རྒུ་བཀས་གནང་། སོ་སྟ་སེན་གས་ན་སྐྲ་ལུག་། ཡུགས་སའི་གོས་རིན་སྲང་རྒུ་། མཆི་ཕྱིས་འབྲི་ཅིག་དང་དར་ཡུག་ཅིག་། རྒྱ་རིན་ལ་རྟ་ཅིག་ཐེབ་ཀྲིས་དར་ཡུག་དམར་པོས་བྱ་སྟེ་པག་མར་བརྒྱུས་། མནའ་མ་དང་བུ་སྲིང་གི་ཁྲིན་སྲང་བཞི་བརྒྱ་། མཚོན་ཆེ་ཕྱུང་ཆུང་ཕྱུང་ཁེང་རབ་ཀྱི་སྟོང་དང་བསྙམ་། མྱི་ཞིང་འབྲོག་སོགས་གནང་བ་མེ་ཉག་དང་ཐག་། ར་ལྗགས་དང་ནམ་པག་། ཏིང་དི་དང་སྲེ་། སྦྱུ་རུ་དང་མོ་ལྕགས་རུ་རྦང་ལ་སོགས་རུས་སྣ་རྒུ་སྟོང་བརྒྱ་ཅུ་རྩ་བདུན་།
ཡུལ་འཕན་ཡུལ་གྱི་རྒྱ་ཚར་སྲང་ཞིང་རྒོད་དོར་བརྒྱ་བཞི་བཅུ་རྩ་ལྔ་པ་། འབྲོག་སྐྱི་ཐང་རིང་མོས་ཡས་བཅད་པ་།སྤང་རི་འབྲོང་ཚང་ཅན་གྱིས་མས་བཅད་པ་། བྲག་དམར་ཆུ་མདོའ་ལུང་ལག་གིས་བཅད་པ་། ན་རླུང་འོམ་ཚང་གིས་བཅད་པ་། བར་གྱི་རོ་ལེབ་མ་ཤིང་ལྕག་ཡུ་བཀས་གནང་།
སྔར་ཆོད་པའི་མྱི་ཞིང་འབྲོག་སོགས་བཀའ་དྲིན་མཛད་པ་ཉོས་ཞིང་ཕྲུ་ས་ཡན་ཆོད་དབང་བགྱིད་པར་བཀས་གནང་།སྤུས་ལྕོགས་པ་རྣམས་བླའི་སྒོ་གཉེར་ཆེན་པོ་འཚལ་བར་བཀས་གནང་། བཀའི་ཞང་བློན་པོར་བཞག་ཅིང་གཉའ་སྙོམ་པར་བཀས་གནང་། སྒོས་ཉེས་ཆེ་ཆུང་ཅི་མཆིས་ཀྱང་མྱི་བཀུམ་མྱི་སྤྱུག་། གཞན་སྙན་ཕྲ་ཞུ་བ་བྱུང་ན་ཡང་། མ་སྦྱངས་པར་མྱི་གསན་ཞིང་། བཀའ་ཆད་སྲོག་མྱིག་མྱི་མཛད་པར་བཀས་གནང་། རྩིགས་ཞིང་རྩིགས་འབྲོག་འཚལ་བ་ལ་བཀའ་སྐོས་མི་མཛད་པར་བཀས་གནང་བའི་ཞལ་ཕན་གསལ་བ་འདི་སྒྲོག་རྡོ་ལ་ཕན་པར་གྱིས་ཤིག་།
རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཙུག་ཕུད་རྗེ་ལ་ཁྭེ་བུ་ཚ་རྒྱུད་དུ་སྤྱན་རས་ཀྱིས་མྱི་བཙའ་རེ་། འཁོར་ཡུལ་བླར་བཞེས་རེ་། གཞན་དུ་ཡང་སྒྱུར་རེ་། སྙན་ཕྲ་བྱུང་ན་ཡང་གསན་རེ་། ཤགས་ཁར་རྫོང་རེ་། ཡུལ་འགྲོས་ལྟར་བཀའ་མྱི་བཅད་རེ་། མ་སྦྱངས་པར་གཏཾ་སླས་གཅོད་པ་མཛད་རེ་།
བློན་ཆེན་པོ་ཁྲི་དབང་གཙུག་ཕུད་ལ་བུ་ཚ་རྒྱུད་དུ་འདི་ལྟར་བཀའ་རྩིགས་གཡུང་རུང་དུ་བཙན་པར་བཀས་གནང་སྟེ་གཞི་ཕྱག་རྒྱ་འཆང་དུ་གསལད་པ་ཤང་ཤང་དུམ་རྩེག་ཏུ་བཏབ་པ་ཅིག་ལས་བཤུས་པ་ལགས་སྷོ་། །
ཡུལ་ཕན་ཡུལ་གྱི་རྒྱེ་ཤིན་གྱི་ཆེ་རྟགས་། །
གསུམ་པ། བླ་དཔེ་དང་འོག་དཔེའི་འབྲེལ་བ་སོགས་ཀྱི་སྐོར།
བཀའ་གཏན་གྱི་ནང་དོན་ལས་གསལ་བ་ལྟར་ན། འདི་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་། བོད་ཀྱི་སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཕོ་བྲང་སྲ་ཤོད་བི་བ་མཁར་ན་བཞུགས་པའི་དུས་སུ། གུ་གེའི་སྡེ་རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཙུག་པུད་རྗེ་ལ་ཁྭེ་ལ་གནང་བའི་བཀའ་ལུང་གསལ་བའི་མདོ་བྱང་ཞིག་གི་འོག་དཔེ་རེད།
རྒྱེ་ཤིན་བློན་ཆེན་པོའི་ཁྱིམ་རྒྱུད་དེར་བོད་ཀྱི་སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཀའ་ལུང་ངམ་བཀའ་གཙིགས་ཀྱི་ཡི་གེ་འདི་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཙུག་པུད་རྗེ་ཁྭེ་མལ་གྱི་ཕ་མེས་རྒྱུད་ཀྱིས་བཙན་པོ་གདུང་རྒྱུད་རིམ་པར་སྙིང་ཉེ་ཞིང་། ཞོ་ཤ་ཆེན་པོས་ཞབས་འདེགས་རབ་དང་རིམ་པ་ཕུལ་བར་ཐུག་ཡོད།
དེ་ཡང་མེས་ཁྲི་སྟའུ་སྙ་གཟིགས་ཀྱི་སྐུ་རིང་ལ། རྒྱེ་ཤིན་ཁྱིམ་རྒྱུད་ཀྱི་མེས་པོ་རྒྱེ་ཤིན་བློན་ཆེན་པོ་འཛམ་གླིང་ཁྲི་དོན་བཞེར་བཙན་ནེས་དྲུ་གུ་ཡུལ་དུ་དམག་དཔོན་བགྱིས་ཏེ། མྱང་དབོན་མནོན་གསུམ་དང་། ཚེ་སྤོང་འཕྲིན་དང་སྒོ་བསྟུན་ནས། རྒྱལ་ཕྲན་བཅུ་གཉིས་ཀྱི་སྲིད་བརླག ཞང་ཞུང་སྡེ་དང་བཅས་པ། འ་ཞའ་འཁོར་དང་བཅས་པ། དྭགས་པོ་རྒྱོབ་དང་བཅས་པ་ཡང་འདུས་ཏེ་ཞབས་འདེགས་ཕུལ་བ་དང་། མེས་ཁྲི་གནམ་རི་སྲོང་བསྩན་རླུང་ནམ་གྱི་སྐུ་རིང་ལ། རྒྱེ་ཤིན་བློན་ཆེན་པོ་ཨརྱ་འཛམ་སུས་དམག་དཔོན་བགྱིས་ཏེ། སྦལ་ཏི་དང་ནོལ་ཐབས་མཛད་པའི་སར་དཔའི་ཡ་རབ་བགྱིས། ཆབ་སྲིད་རྒྱས་པར་བཙུགས་པས་བཀའ་རྟགས་ཀྱི་སྒྲོམ་བུ་མཐའ་དབུས་སུ་བསྩན་པར་རྨེ་ཆགས་པའི་ཞབས་འདེགས་ཕུལ། མེས་སྲོང་བསྩན་སྒམ་པོའི་སྐུ་རིང་ལ། རྒྱེ་ཤིན་བློན་ཆེན་པོ་མང་རྗེ་བསྩན་ལ་མྱིས་རྒྱའི་ཕྱོགས་སུ་དམག་དྲངས་ཏེ་ག་རྟམ་གྱི་རྒྱ་ཐང་དུ་རྒྱ་དང་ནོལ་ཐབས་མཛད་པའི་དུས་སུ་དཔའི་ཡ་རབ་བགྱིས། དཔའ་མཚན་སྟག་གི་ཟར་ཆེན་གསལ། འགར་སྟོང་བསྩན་ཡུལ་ཟུངས་(?-667)དང་། ད་རྒྱལ་མང་པོ་རྗེ་པྲོ་ནམ་གཉིས་དང་སྒོ་བསྟུན་ནས་བོད་ཀྱི་མཁར་བཞི་བརྩིགས་པ་དང་། བོད་རུར་ཕྱེ་བ་དང་།སུམ་པ་སྡེར་བཅད་པ་ལ་སོགས་པའི་ཞབས་འདེགས་ཕུལ་བས་དཔེ་ཡོན་ལ་གསེར་གྱི་ཡི་གེ་ཆུང་ངུ་བཀས་གནང་། ཡང་། བཙན་པོ་ཁྲི་སྲོང་ལྡེ་བསྩན་གྱི་སྐུ་རིང་ལ། རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཅུག་པུད་རྗེ་ཁྭེས་ཡུལ་ན་ནར་དུ་གཉི་འགོ་དང་ནོལ་ཐབས་མཛད་པའི་དུས་སུ། བྱ་ལོ་ནས་ལོ་རྒུའི་བར་དུ་རྒུ་ཁྲོམ་བགྱིས། དཔའ་འཛངས་ཀྱི་ཕུལ་བཏོན་ཏེ། མཐའི་འགོ་མནན། རྗེའི་སྐུ་བཅས་ཆབ་སྲིད་ཀྱི་ནོལ་ཐབས་སྔར་བྱུང་དུ། སྒོས་སྲོག་ལ་མ་འཛེམས་ཏེ། ཆབ་སྲིད་གྲངས་དང་རིམ་པར་ཕྱག་ཏུ་ཕུལ་བས། དཔེ་ཡོན་ལ་སེང་གེའི་གོ་དམག་གསལ། གཡུའི་ཡི་གེ་ཆུང་ངུ་བཀས་གནང་། དེ་ལྟར་བཙན་པོའི་གདུང་རྒྱུད་རིམ་པར་རྒྱེ་ཤིན་བློན་ཆེན་པོའི་མྱི་རབས་རྒྱུད་ཀྱིས་ཞབས་འདེགས་ཆེར་བགྱིས་པས་ན། བཙན་པོའི་ཕྱོགས་ནས་བཀའ་གཙིགས་ཡི་གེ་འདི་གནང་བ་རེད།
བཙན་པོའི་སྐུ་དང་ཆབ་སྲིད་ལ་ཕན་པའི་མཛད་པ་ཆེར་ལྡན་པའི་ཁྱིམ་རྒྱུད་རིགས་ལ་བཀའ་ལུང་གི་མདོའམ་བཀའ་གཙིགས་ཀྱི་ཡི་གེ་གནང་བའི་སྲོལ་ནི་བོད་བཙན་པོའི་དུས་སུ་དར་ཞིང་། ཕྱིས་སུ་བཀའ་ཤག་གི་དུས་སུའང་མ་ཉམས་པར་བསྡད་ཡོད། དཔེར་ན། ལྷ་སའི་ཞོལ་རྡོ་རིང་དང་།⒆ ལྷོ་བྲག་ལྡེའུ་ཅུང་བྲག་བརྐོས་ལྟ་བུ་ནི་བཙན་པོའི་དུས་ཀྱི་བཀའ་གཙིགས་ཡི་གེའི་ཁོངས་སུ་གཏོགས་ལ།⒇བཀའ་ཤག་གི་དུས་སུ། བོད་ཀྱི་ས་ཕྱོགས་ཁག་ཏུ་ཁྱིམ་རྒྱུད་མང་པོར་བཀའ་གཏན་གྱི་ཡི་གེ་གནང་ཡོད་པ་དེར་དམངས་ཁྲོད་དུ་བཀའ་ཤོག་དང་བཀའ་གཏན་ཞེས་འབོད། དཔེར་ན། དུས་རབས་18པའི་ནང་ཁམས་ཚ་བ་རོང་ཁུལ་དུ་འོག་ཚང་ཞེས་པའི་ཁྱིམ་རྒྱུད་ཅིག་ལ་བཀའ་གཏན་སྔ་ཕྱི་གཉིས་རག་མྱོང་ཡོད་པའི་རྒྱུ་མཚན་གཙོ་བོ་ནི། མི་ཚང་དེས་ཕ་ཡུལ་དུ་དར་རྒྱས་དགོན་པ་བཞེངས་པ་དང་། གསང་ཕུའི་རྭ་སྨད་ཉམས་གསོ་གནང་བ་ལྟ་བུའོ། །(21)
བཞི་པ། བླ་དཔེ་དང་འོག་དཔེ་བྱུང་བའི་དུས་རབས་ཀྱི་སྐོར།
ཤོག་དྲིལ་འདིའི་ཡིག་གཟུགས་སོགས་ཀྱི་ཁྱད་ཆོས་ཐོག་ནས་འདི་ནི་དུས་རབས་12པའི་གོང་ཙམ་ལ་བྱུང་བ་ཞིག་ཨེ་ཡིན་སྙམ། ཤར་རྒན་དབང་འདུས་ཀྱིས་འདི་ནི་ཁྲི་སྲོང་ལྡེ་བཙན་དུས་སུ་བྱུང་བའི་བཀའ་ལུང་མདོའི་འོག་དཔེ་ཞིག་ཡིན་པ་དང་། ཡིག་གཟུགས་ཀྱི་ཐོག་ནས་བལྟས་ན། ཧ་ལམ་སྤྱི་ལོའི་དུས་རབས་10-11ནང་བྱུང་བར་འདོད།(22)ཅེས་དང་། མ་ཡིག་གི་ནང་དོན་ལས་གསལ་བ་ལྟར་ན། འདི་ནི་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་བའི་བླ་དཔེ་ཞིག་དང་འདྲ་མོད། དུས་ཕྱིས་སུ་བྱུང་བའི་བཀའ་གཏན་གྱི་ཁྱད་ཆོས་ཀྱང་མངོན་ཡོད་པས་འོག་དཔེ་ཞིག་ལ་ངོས་འཛིན་ཆོག་པ་ཞིག་རེད།
མ་ཡིག་ལས། “༄།། །།གནམ་ལསས་ཀྱི་བཙན་པོ་། །ས་ལྷུནད་ཀྱི་མངའ་མཛད་། །མྱི་རྗེ་ལྷའི་སྤྲུལ་པ་། གནམ་གྱི་ལྷ་ལས་འགྲེང་མྱིའི་རྗེར་གཤེགྶ་སྟེ་དུད་རྔོག་ཆགས་ཀྱི་རྐྱེན་དུ་བསྐྱོད་པའི་་་་་་” ཞེས་བྱུང་བར་ནང་དོན་དང་། བརྡ་སྤྲོད་སོགས་ཀྱི་ཆར་ཏུན་ཧོང་ཡིག་རྙིང་དང་། རྡོ་རིང་དང་བྲག་བརྐོས་ཡི་གེ་སོགས་བཙན་པོའི་དུས་ཀྱི་ལོ་རྒྱུས་ཡིག་ཆ་དང་འདྲ་བའི་ཆ་མང་ཞིང་། “བོད་ཀྱི་སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཀྱི་ཞ་སྔའ་ནས་ཕོ་བྲང་སྲ་ཤོད་བི་བ་མཁར་ན་བཞུགས་པའི་དུས་སུ་བཀའ་ལུང་གསལ་བའི་མདོའ་བྱང་གུ་གེའི་སྡེ་རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཅུག་པུད་རྗེ་ལ་ཁྭེ་ལ་ཡོས་བུའི་ལོ་རྒུན་ཟླ་ཐ་ཆུངས་ཀྱི་ངོ་ལ་བཀས་གནང་བ།”ཞེས་པ་ལྟར་ན། བཀའ་ལུང་གསལ་བའི་མདོའི་མ་དཔེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཕོ་བྲང་སྲ་ཤོད་བི་བ་མཁར་ན་ཡོས་བུའི་ལོ་དགུན་ཁར་གནང་བ་ཡིན་པར་གསལ། དེ་བཞིན་“ངའི་རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཅུན་པུད་རྗེ་ལ་ཁྭེ་བུ་ཚ་རྒྱུད་དུ་ཁྲག་ཆེ་བཏོན་ཆུ་བཏོན་ནི་ཤི་རི་ཤི་ཐང་དུ་བཀས་གནང་།” ཞེས་པའི་ཁྲོད་ཀྱི་ང་ནི་ཁྲི་སྲོང་ལྡེ་བཙན་ལ་གོ་དགོས་པ་ལྟར་དུ་སྣང་ལ། དེ་ཡང་བླ་དཔེའི་སྐོར་གྱི་དུས་ཀྱི་དཔང་རྟགས་ཤིག་རེད་སྙམ།
འོན་ཀྱང་ད་ལྟ་ང་ཚོས་མཇལ་བའི་ཤོག་དྲིལ་འདི་ནི། འོག་དཔེ་ཞིག་ཡིན་པའ་སྐོར་མ་ཡིག་གི་ནང་དོན་རང་ལ་གསལ་ཏེ། “མངའ་མཛད་གདུང་རྒྱུད་ཇོ་མོ་བདན་ཁུར་ཕྱི་མ་རྣམས་ཀྱིས་ནམ་ནམ་ཞ་ཞ། ཚེ་ཚེ་རབས་རབས་བུ་ཚ་མཐའ་རྗེས་མྱི་རབས་རྒྱུད་མར་མྱི་བཅོམ་མྱི་བསྒྱུར་མྱི་དབྲི་མྱི་བསྐྱུང་བཀས་མྱི་བཤུ་མྱི་ཤ་སྨན་ཆལ་སྨ་སྟོང་དང་བཅས་པ་ཡང་གདུང་རྒྱུད་རིམ་པས་བཀས་གནང་བའི་ཡིག་ཚང་དང་མཐུན་པར་བཀའ་རྟགས་བསྲུང་རྟགས་དང་བཅས་པ་འཕང་དུ་གསལད་པ་ཡིན་ནོ། །”ཞེས་པ་ལྟར་ན། འོག་དཔེ་ནི་མངའ་མཛད་གདུང་རྒྱུད་ཇོ་མོ་བདན་ཁུར་ཞེས་པའི་སྐབས་སུ་བྱུང་ལ། འདིར་“ངའི་རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཅུན་པུད་རྗེ་ལ་ཁྭེ་བུ་ཚ་རྒྱུད་དུ་ཁྲག་ཆེ་བཏོན་ཆུ་བཏོན་ནི་ཤི་རི་ཤི་ཐང་དུ་བཀས་གནང་།” ཞེས་པའི་སྐད་ཆ་དུམ་བུ་ཞིག་བླ་དཔེ་ལས་ཕབ་བཤུས་བྱས་པར་མངོན།
པར་རིས་ལས་གསལ་བ་ལྟར་ན། མ་ཡིག་གི་གཤམ་དུ་ཐམ་ག་དང་། བཀའ་གཏན་གནང་མཁན་གྱི་མཚན།བཀའ་གཏན་གནང་བའི་ཡུལ་དུས་སོགས་ཀྱི་ཆ་འཕྲིན་གསལ་པོ་མེད། གཞན་ཡང་། ཤོག་དྲིལ་ནང་གི་ལོ་རྒྱུས་ས་མིང་ལ་སོགས་པའི་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་དེ་ཡང་དུས་རབས་དང་འབྲེལ་བ་ཡོད་པའི་དཔྱད་གཞིའི་ཆ་འཕྲིན་ཞིག་རེད། དཔེར་ན། མ་ཡིག་ལས། “མེས་ཁྲི་གནམ་རི་སྲོང་བསྩན་རླུང་ནམ་ཀྱི་སྐུ་རིང་ལ་རྒྱེ་ཤིན་བློན་ཆེན་པོ་ཨརྱ་འཛམ་སུས་དམག་དཔོན་བགྱིས་ཏེ། སྦལ་ཏི་དང་ནོལ་ཐབས་མཛད་པའི་སར་་་་་་”ཞེས་པའི་ཁྲོད་ཀྱི་སྦལ་ཏི་ནི་ད་ཕན་ཕལ་ཆེ་བས་གནའ་བོའི་བྲུ་ཤར་ངོས་འཛིན་པ་ལྟར་ན། བཙན་པོའི་དུས་ཀྱི་ཡིག་རྙིང་ནང་བྲུ་ཤ་ཞེས་པ་ལས་སྦལ་ཏི་ཞེས་དམིགས་བསལ་དུ་འབོད་པ་ཅུང་ཉུང་བར་མངོན་པས།ཐ་སྙད་དེ་དག་ནི་འོག་དཔེ་ཕབ་བཤུས་སྐབས་ཀྱི་ཐ་སྙད་ཅིག་ཡིན་པར་སེམས།
ལྔ་པ། བླ་དཔེ་དང་འོག་དཔེ་ལས་གསལ་བའི་ལོ་རྒྱུས་མི་སྣ་དང་ལོ་རྒྱུས་དོན་ཆེན་སོགས་ཀྱི་སྐོར།
བཀའ་གཙིགས་ཡི་གེ་འདི་ནི་བོད་ཀྱི་སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་རིང་གི་གུ་གེའི་སྡེ་རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཙུག་ཕུད་རྗེ་ལ་ཁྭེ་དང་། མེས་ཁྲི་སྟའུ་སྙ་གཟིགས་ཀྱི་སྐུ་རིང་ལ་བྱུང་བའི་རྒྱེ་ཤིན་བློན་ཆེན་པོ་འཛམ་གླིང་ཁྲི་དོན་བཞེར་བཙན་ནེ། མེས་ཁྲི་གནམ་རི་སྲོང་བསྩན་རླུང་ནམ་གྱི་སྐུ་རིང་ལ་བྱུང་བའི་རྒྱེ་ཤིན་བློན་ཆེན་པོ་ཨརྱ་འཛམ་སུ། མེས་སྲོང་བསྩན་སྒམ་པོའི་སྐུ་རིང་ལ་བྱུང་བའི་རྒྱེ་ཤིན་བློན་ཆེན་པོ་མང་རྗེ་བསྩན་ལ་མྱི་སོགས་ལོ་རྒྱུས་མི་སྣ་དང་། དེ་དག་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དོན་ཆེན། སྟོད་ཕྱོགས་གུ་གེའི་རྒྱུད་ཀྱི་བཙན་པོའི་གདུང་རྒྱུད་དང་། རྒྱེ་ཤིན་ཁྱིམ་རྒྱུད་ཀྱི་བུ་ཚ་འཕེལ་རྒྱུད། རྒྱེ་ཤིན་ཁྱིམ་རྒྱུད་ལ་གནང་བའི་བཀའ་གཙིགས་ཀྱི་ཞིབ་ཕྲའི་ནང་དོན་སོགས་གསལ་བའི་གལ་ཆེའི་ལོ་རྒྱུས་ཡིག་ཆ་ཞིག་ཡིན་པར་མཐོང་ལ། མི་སྣ་ཁ་ཤས་ཀྱི་ལོ་རྒྱུས་ཡིག་ཆ་གཞན་དུ་མ་མཇལ་མོད། འོན་ཀྱང་ཏུན་ཧོང་ཡིག་རྙིང་དང་རགས་བསྡུར་བྱས་རྗེས་དེ་དག་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དོན་ཆེན་ཕལ་ཆེ་བ་ནི། བོད་ཀྱི་གནའ་བོའི་ལོ་རྒྱུས་དངོས་དང་ཧ་ལམ་མཐུན་པར་མངོན།
གཅིག མ་ཡིག་ལས་གསལ་བ་ལྟར་ན། མེས་ཁྲི་སྟའུ་སྙ་གཟིགས་ཀྱི་སྐུ་རིང་ལ། རྒྱེ་ཤིན་བློན་ཆེན་པོ་འཛམ་གླིང་ཁྲི་དོན་བཞེར་བཙན་ནེས་དྲུ་གུ་ཡུལ་དུ་དམག་དཔོན་བགྱིས། སྐབས་དེར་ཁོང་གིས་མྱང་དབོན་མནོན་གསུམ་དང་། ཚེ་སྤོང་འཕྲིན་དང་སྒོ་བསྟུན་ནས། རྒྱལ་ཕྲན་བཅུ་གཉིས་ཀྱི་སྲིད་བརླགས། ཞང་ཞུང་སྡེ་དང་བཅས་པ། འ་ཞ་འཁོད་དང་བཅས་པ། དྭགས་པོ་རྒྱོབ་དང་བཅས་པ་མངའ་འོག་ཏུ་བསྡུས་ཏེ་བཙན་པོར་ཞབས་འདེགས་ཕུལ་བ་རེད། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཡི་ནང་དོན་ལྟར་ན། མྱང་དབོན་མནོན་གསུམ་དང་། ཚེ་སྤོང་འཕྲིན་ལ་སོགས་པ་རྣམས་ནི་སྐབས་དེའི་ལོ་རྒྱུས་མི་སྣ་ཡིན་ལ། དེ་དག་གིས་བཙན་པོར་གློ་བ་ཉེ་ཞིང་ཟིང་པོ་རྗེ་མངའ་འོག་ཏུ་བསྡུས་པ་སོགས་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས། “འུང་ནས་མྱང་དབའས་མནོན་དང་གསུམ་གྱིས། ཚེ་པོང་ནས་སེང་ལས་པྲིན་ཀྱྀས། སྤུ་རྒྱལ་སྟག་བུ་འྀ་སྙད་དུ་བོན་ནས།” (23)ཞེས་ཟིང་པོ་རྗེ་སྟག་སྐྱ་བོ་དང་། ཁྲི་པང་སུམ་སྤུ་རྒྱལ་བཙན་པོའི་མངའ་འོག་ཏུ་བསྡུས་པའི་བརྒྱུད་རིམ་ནང་། མྱང་དབའས་མནོན་གསུམ་དང་། ཚེ་སྤོང་འཕྲིན་ལ་སོགས་པའི་ལོ་རྒྱུས་མི་སྣ་བྱུང་རིགས་གསལ། འདིར་དབོན་ནི་དབའས་ཀྱི་ཡིག་ནོར་ཡིན་ནམ་སྙམ།
རྒྱལ་ཕྲན་བཅུ་གཉིས་ཀྱི་སྲིད་བརླགས་ཤིང་། ཞང་ཞུང་དང་། འ་ཞ། དྭགས་པོ་བཅས་མངའ་འོག་ཏུ་བསྡུས་ཚུལ་གྱི་སྐོར་ཡང་། ལོ་རྒྱུས་ཀྱི་ཡིག་ཆ་གཞན་དང་མཐུན་པ་ནི། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ལས། “དེའི་(སྟག་གུ་གཉན་གཟིགས)སྐུ་དྲིན་ལ་འ་ཞྭ་རྗེ་དང་ཟིངས་པོ་རྗེ་ལ་སོགས་པ་རྒྱལ་པོའི་མངའ་འོག་ཏུ་མ་འདུས་པ་རྣམས་བཏུལ། མེས་ཀྱི་ཡི་དམ་སྤངས་པ་དང་། ཇོ་མོའི་ཟས་ལ་རྟོག་པ་སྐྱེས་ནས་ཡབ་སྙུན་གྱིས་ཟིན་པ་དང་། སྲས་སྤྱན་མ་དབྱེ་བའི་བར་དུ་ལོ་ཉི་ཤུ་རྩ་གཅིག་རྒྱལ་ས་ཤོར་ཏེ། དེ་ལ་བར་གྱི་སྟེང་གཉིས་ཟེར་རོ།” (24) ཞེས་གསལ་བ་དང་། ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱིས་མཛད་པའམ་ད་ལྟ་《ལྡེའུ་ཆོས་འབྱུང་》དུ་འབོད་པ་ལས། “དེའི་སྐུ་རིང་ལ་ཟིངས་པོ་རྗེ་སྟག་སྐྱ་བོའི་བློན་པོ་མྱང་དབས་གནོན་དང་གསུམ་ཚེ་སྤོང་འཕྲིན་དང་བཞིས་ཞལ་དུ་བལྟས་ཏེ། རྒྱལ་ཕྲན་བཅུ་གཉིས་ཀྱི་སྲིད་བརླག་པར་བྱས་ནས། ཞང་ཞུང་སྡེ་དང་བཅས་པ། འ་ཞ་འཁོར་དང་བཅས་པ། དྭགས་པོ་གཡོག་དང་བཅས་པ་མངར་འདུས།” (25)ཞེས་མྱང་དབས་གནོན་དང་ཚེ་སྤོང་འཕྲིན་བཅས་ནི་ཟིངས་པོ་རྗེ་སྟག་སྐྱ་བོའི་བློན་པོ་ཡིན་ཚུལ་གསུངས་པ་ནི་ཏུན་ཧོང་ཡིག་རྙིང་གི་ནང་དོན་དང་མཐུན་ལ། དབས་དང་ཚེ་སྤོང་འཕྲིན་གྱི་ཡི་གེའི་དག་ཆའང་གོང་གི་ཡིག་རྙིང་གི་ནང་དོན་དང་མཐུན་ནོ། །དེ་བཞིན་བཀའ་གཏན་ནང་གི་དྭགས་པོ་རྒྱོབ་ནི་དྭགས་པོ་གཡོག་ཅེས་པའི་དོན་དུ་སྣང་བར་མ་ཟད། དེས་《ལྡེའུ་ཆོས་འབྱུང་》དང་། གོང་ཞུས་བཀའ་གཏན་ཡི་གེའི་དཔྱད་ཡིག་གྲས་སུ་ཏུན་ཧོང་ཡིག་རྙིང་ལྟ་བུ་ཞིག་ཚུད་ཡོད་པ་དང་། དེར་ལོ་རྒྱུས་དཔྱད་གཞིའི་རིན་ཐང་མི་དམན་པ་ཡོད་ཚུལ་གསལ་བཤད་བྱས་ཡོད།
ལོ་རྒྱུས་མི་སྣ་རྒྱེ་ཤིན་བློན་ཆེན་པོ་འཛམ་གླིང་ཁྲི་དོན་བཞེར་བཙན་ནེ་ཞེས་པ་ནི། སྐབས་དེའི་བློན་ཆེན་དང་དམག་དཔོན་ཡིན་ཞིང་། དྲུ་གུ་དང་། རྒྱལ་ཕྲན་བཅུ་གཉིས། འ་ཞ། དྭགས་པོ་སོགས་མངའ་འོག་ཏུ་བསྡུས་པར་མཛད་རྗེས་ཆེ་བའི་ལོ་རྒྱུས་མི་སྣ་ཞིག་ཡིན་ངེས་ཀྱང་། ད་ཕན་ལོ་རྒྱུས་དཔྱད་ཡིག་གཞན་དུ་མ་མཇལ། དེ་ལྟ་བུའི་གནས་ཚུལ་ནི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ཞིག་ཏུ་གྱུར་ཡོད་ལ། དེས་སྐབས་དེའི་ལོ་རྒྱུས་མི་སྣ་གལ་ཆེན་རེ་གཉིས་དུས་ཕྱིས་སུ་བྱུང་བའི་ལོ་རྒྱུས་ཡིག་ཆར་མི་གསལ་བའི་གནས་ཚུལ་ཞིག་གསལ་བཤད་བྱས་ཡོད། དཔེར་ན། ལྷོ་བྲག་ལྡེའུ་ཅུང་བྲག་བརྐོས་ལ་གསལ་བའི་ལྡེ་སྨན་ལྡེའུ་ཅུང་ཞེས་པ་ལྟ་བུ་ནི་བཙན་པོའི་དུས་ཀྱི་བྲག་བརྐོས་ཡི་གེ་སོགས་དཔྱད་གཞིའི་དཔང་རྟགས་བཙན་ཡང་། ད་ཕན་《ལྡེའུ་ཆོས་འབྱུང་》དང་། 《ཉང་རལ་ཆོས་འབྱུང་》ལྟ་བུའི་ཡིག་ཆ་རེ་གཉིས་ཙམ་དུ་ཁོང་ནི་མུ་ནེ་བཙན་པོའི་བློན་པོའི་གྲས་སུ་བཤད་(26)པ་ཙམ་ལས་ལོ་རྒྱུས་ཡིག་ཆ་གཞན་དུ་མི་གསལ།(27) གཞན་ཡང་། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས། “དགུ་གྲྀ་ཟིང་པོ་རྗེ་ནྀ་བརླག་གོ། མང་པོ་རྗེ་སུམ་པ་ནྀ་དྲུ་གུ་ཡུལ་དུ་གྲོས་སོ།” (28)ཞེས་པ་ལྟར་ན། སྐབས་དེར་བོད་དང་དྲུ་གུའི་དབར་འབྲེལ་བ་བྱུང་ཡོད་ལ། སྲོང་བཙན་སྐབས་སུ་དྭགས་པོ་ངོ་ལོག་པར་བཤད་པ་ལྟར་ནའང་དྭགས་པོ་སོགས་རྒྱལ་ཕྲན་ཕལ་ཆེ་བ་ནི་སྲོང་བཙན་ཡར་སྔོན་དུ་བོད་བཙན་པོའི་མངའ་འོག་ཏུ་ཡོད་པ་རྟོགས་ཐུབ།
གཉིས། མེས་ཁྲི་གནམ་རི་སྲོང་བསྩན་རླུང་ནམ་གྱི་སྐུ་རིང་ལ། རྒྱེ་ཤིན་བློན་ཆེན་པོ་ཨརྱ་འཛམ་སུས་དམག་དཔོན་བགྱིས་ཏེ། སྦལ་ཏི་དང་ནོལ་ཐབས་མཛད་པའི་སྐོར།《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ལས། གནམ་རི་སྲོང་བཙན་སྐབས་སུ་རྒྱ་དྲུག་(29)དང་། དྲུ་གུ། ཧོར་གསུམ་བཏུལ། ཞེས་གསལ་ཡང་།(30)སྦལ་ཏིའམ་ཡང་ན་བྲུ་ཤ་བཏུལ་བའི་སྐོར་གྱི་ནང་དོན་མི་གསལ། གལ་སྲིད་འདིར་བརྗོད་པའི་སྦལ་ཏི་འདི་བྲུ་ཤ་ཡིན་པའི་དབང་དུ་བཏང་ན། བྲུ་ཤ་བཙན་པོའི་མངའ་འོག་ཏུ་བསྡུས་པའི་དུས་ནི་662ལོར་ཡིན་པས། མང་སྲོང་མང་བཙན་(650-676ལོ)གྱི་སྐབས་སུ་འཁེལ་བ་རེད།(31)
གསུམ། མེས་སྲོང་བསྩན་སྒམ་པོའི་སྐུ་རིང་ལ། རྒྱེ་ཤིན་བློན་ཆེན་པོ་མང་རྗེ་བསྩན་ལ་མྱིས་རྒྱའི་ཕྱོགས་སུ་དམག་དྲངས་ཏེ་ག་རྟམ་གྱི་རྒྱ་ཐང་དུ་རྒྱ་དང་ནོལ་ཐབས་མཛད་པའི་དུས་སུ་དཔའི་ཡ་རབ་བགྱིས། དཔའ་མཚན་སྟག་གི་ཟར་ཆེན་གསལ། འགར་སྟོང་བསྩན་ཡུལ་ཟུངས་དང་། ད་རྒྱལ་མང་པོ་རྗེ་པྲོ་ནམ་གཉིས་དང་སྒོ་བསྟུན་ནས་བོད་ཀྱི་མཁར་བཞི་བསྩིགས་པ་དང་། བོད་རུར་ཕྱེ་བ་དང་། སུམ་པ་སྡེར་བཅད་པ་ལ་སོགས་པའི་ཞབས་འདེགས་ཕུལ་བས་དཔེ་ཡོན་ལ་གསེར་གྱི་ཡི་གེ་ཆུང་ངུ་བཀས་གནང་བའི་སྐོར། འགར་སྟོང་བསྩན་ཡུལ་ཟུངས་ལྟ་བུ་ནི་སྲོང་བཙན་སྐབས་ཀྱི་བློན་པོ་ཡིན་པ་ཡོངས་གྲགས་ལ། དེ་བཞིན་《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ལས། “ཁྱུང་པོ་སྤུ་སྟང་ཟུང་རྩེ་དང་། མོང་ཁྲི་ལྟོ་རི་སྣང་ཚབ་གཉིས་ཀྱིས་བློན་པོ་བྱས། དེ་ནས་སྟོང་བཙན་ཡུལ་བཟུང་གིས་ལོ་ཉི་ཤུ་རྩ་གཅིག་བགྱིས། མྱང་མང་པོ་རྗེ་ཞང་སྣང་གཙང་ཕན་ཆད་ཀྱི་བློན་པོར་བསྐོས། སྣུབས་སྙ་རོ་དར་བཙུག་བློན་དང་འོ་མ་ལྡེ་ཁྲི་བཟང་ལོ་བཙན་གྱིས་ཀྱང་བློན་པོ་བགྱིས་སྐད། རྒྱལ་པོ་འདིའི་སྐུ་ཚེ་སྟོད་ལ་བོད་རུ་བཞིར་ཕྱེ། སུམ་པའི་རུ་སྣ་ལག་སྡེར་བཅད། བསྐོས་པའི་རྒྱལ་པོ་སྡེ་བཞི་མངའ་འོག་ཏུ་བསྡུས། སོ་ཁ་རྒྱ་ཡུལ་དུ་བཅས། རྒྱལ་ཕྲན་བཅུ་གཉིས་བྲན་དང་འབངས་སུ་བཅད།” (32)ཅེས་བོད་རུར་ཕྱེ་བ་དང་། སུམ་པ་སྡེར་བཅད་ཚུལ་བཤད་པ་གཅིག་མཐུན་དུ་བྱུང་ཡོད།
“དཔའ་མཚན་སྟག་གི་ཟར་ཆེན་གསལ།” ཞེས་པའང་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས།“འབངས་ཀྱི་ནང་ན། དོར་ཏེ་པྱུག་ཚམས་སྟེ་འཛོམ་དཔའ་བ་འྀ་མཚན་མར། སྟགྀ་ཐོག་བུ་སྩལ་ཏོ།” (33)ཞེས་དམག་གི་མཛད་རྗེས་ཆེ་བའི་འབངས་རིགས་ལ་སྟག་གི་ཟར་ཆེན་གནང་སྲོལ་ཡོད་པར་གསུངས།
བཞི། མ་ཡིག་ལྟར་ན། བཙན་པོ་ཁྲི་སྲོང་ལྡེ་བསྩན་གྱི་སྐུ་རིང་ལ། རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཅུན་པུད་རྗེ་ཁྭེས་ཡུལ་ན་ནར་དུ་གཉི་འགོ་དང་ནོལ་ཐབས་མཛད་པའི་དུས་སུ། བྱ་ལོ་ནས་ལོ་རྒུའི་བར་དུ་རྒུ་ཁྲོམ་བགྱིས་དཔའ་འཛངས་ཀྱི་ཕུལ་བཏོན་ཏེ། མཐའི་འགོ་མནན་རྗེའི་སྐུ་བཅས་ཆབ་སྲིད་ཀྱི་ནོལ་ཐབས་སྔར་བྱུང་དུ། སྒོས་སྲོག་ལ་མ་འཛེམས་ཏེ་ཆབ་སྲིད་གྲངས་དང་རིམ་པར་ཕྱག་ཏུ་ཕུལ་ཏེ། དཔེ་ཡོན་ལ་སེང་གེའི་གོ་དམག་གསལ། གཡུའི་ཡི་གེ་ཆུང་ངུ་བཀས་གནང་། དེ་ལྟར་སུག་བྱད་ཡུན་ཏུ་བཟང་ཞིང་གདུང་རྒྱུད་རིམ་པ་ལ་མྱི་རབས་རྒྱུད་ཀྱིས་ཞབས་འདེགས་ཆེར་བགྱིས་པའི་རྒེ་ཡོན་དང་སྦྱར་ནས་བཀའ་གཙིགས་གནང་བ་ཡིན་ལ། བཀའ་གཙིགས་འདི་ཡང་བོད་ཀྱི་སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཕོ་བྲང་སྲ་ཤོད་བི་བ་མཁར་ན་ཡོས་བུའི་ལོ་དགུན་ཁར་གནང་བ་རེད།
གོང་དུ་གསལ་བའི་ཡུལ་ན་ནར་དང་། གཉི་འགོ། ཕོ་བྲང་སྲ་ཤོད་བི་བ་མཁར་ཞེས་པ་སོགས་ཀྱི་སྐོར་ལ་ད་ཕན་དཔྱད་ཡིག་གཞན་མ་མཇལ་ཡང་། ནང་དོན་ཕལ་ཆེ་བ་ནི་བཙན་པོའི་དུས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པར་འདུག་སྙམ་སྟེ། གནའ་བོའི་བོད་ཀྱི་ཡིག་ཚངས་ལ་གཡུ་དང་གསེར། དངུལ་དང་འཕྲ་མེན། ལྕགས་དང་ཟངས་བཅས་དྲུག་ཡོད་པའི་གྲས་སུ་གཡུ་ཡི་ཡིག་ཚང་ནི་མཐོ་ཤོས་རེད།(34)བྱ་ལོ་ནས་ལོ་རྒུའི་བར་དུ་རྒུ་ཁྲོམ་བགྱིས་ཞེས་པའི་སྐོར།《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཡི་ནང་ཁ་བརྒྱད་དང་ཁེ་བརྒྱད་སྐོར་འཁོད་པའི་སྐབས་སུ།“སྟོད་ན་ཁྲོམ་ཁ་ཆེན་པོ་གསུམ་སྟེ། དྲུ་ཞའི་རྒྱལ་ཁམས་དང་། དྲུ་གུ་དང་། བལ་པོའོ། སྨད་ཀྱི་ཁྲོམ་ཁ་གསུམ་ལ། གར་ལོག རོང་རོང་། ལྡན་མའོ། དབུས་ཀྱི་ཁྲོམ་ཁ་གཉིས་ནི། སྟོང་སྟོང་གཉིས་སོ།” (35) ཞེས་བྱུང་བས་ན། དྲུ་ཞའི་རྒྱལ་ཁམས་དང་། དྲུ་གུ། བལ་པོ་ལྟ་བུ་སྟོད་ཀྱི་ཁྲོམ་ཁ་ཆེན་པོ་ཁག་གི་འགོ་དཔོན་བྱས་ནས་བོད་ཀྱི་དཔལ་འབྱོར་གྱི་ཐད་ལ་མཛད་པ་ཆེ་བ་ཞིག་ཨེ་ཡིན་སྙམ་པ་ཙམ་ལས་གཞན་གྱི་དཔྱད་ཡིག་ད་ཕན་མ་མཇལ།
ཁྲི་སྲོང་ལྡེ་བཙན་གྱི་མཛད་པའི་སྐོར། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ལས། “ཚེ་སྟོད་ལ་བློན་པོ་འཆིམས་ཁྲི་ཐོག་རྗེ་ཐང་ལ་འབར་དང་། ལྕོག་རོ་སྐྱེས་བཟའ་རྒྱལ་གོང་གིས་བྱས། སྐུ་ཚེ་སྨད་ལ། སྦས་གསལ་སྣང་དང་། འགོས་ཁྲི་བཟང་ཡབ་ལྷག འཆིམས་རྒྱལ་གཟིགས་ཀླུ་འཐེང་ངམ་སྟག་ར་ཀླུ་གོང་། འཆིམས་འདོམ་བཞེར་སྤྲེ་ཆུང་། དེ་རྣམས་ཀྱིས་བློན་པོ་བྱས་སོ། ཚེ་སྟོད་ལ་དབུ་རྨོག་བཙན་པོས་མཐའི་དགྲ་བཏུལ། མཐའི་རྒྱལ་པོ་རྣམས་ཀྱང་མངར་བསྡུས། འཕྲིན་ལས་ཀྱི་སྐལ་དུ་ལྷ་མོའི་སྲིད་བསྲུངས། རྒྱལ་ཁམས་ས་ཚིགས་ཀྱིས་བཅད།བོད་ཁམས་གླིང་དགུར་ཕྱེ། འབངས་ཆོས་བྱེད་རྣམས་ལ་ཚིས་ཆེར་མཛད།” (36)ཅེས་སོགས་བྱུང་རིགས་རྣམས་ནི་གོང་གསལ་བཀའ་གཏན་དང་མི་འགལ་བ་ཡིན།
མདོར་ན། འདིར་བརྗོད་པའི་བཀའ་གཏན་འདིའི་མ་ཡིག་ནི་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཁྱིམ་རྒྱུད་དེར་ཐོབ་པའི་བཀའ་ལུང་ངམ་བཀའ་གཙིགས་ཡི་གེ་ཞིག་ཡིན་པ་སྨོས་མེད་རེད། བཀའ་གཙིགས་ཀྱི་ནང་དོན་ལྟར་ཁྱིམ་རྒྱུད་དེའི་བུ་ཚ་འཕེལ་རྒྱུད་རྣམས་ནས་དུས་ཕྱིས་སུའང་དམིགས་བསལ་གྱི་ཐོབ་ཐང་དེ་རིགས་རྒྱུད་འཛིན་ཆོག་པ་ཡིན་ཁར། བར་སྐབས་ཤིག་ཏུ་ཡང་བསྐྱར་གོང་ནས་བཀའ་གཏན་ཞིག་བསྩལ་གནང་བ་བཞིན་དེ་དོན་དྲང་བདེན་དང་ཁུངས་བཙན་ཡོང་ཆེད་དེ་སྔོན་གྱི་བཀའ་གཙིགས་ནང་དོན་དུམ་བུ་རེ་གཉིས་བཀའ་གཏན་དུ་ཕབ་བཤུས་གནང་བ་ནི་ད་ལྟ་ང་ཚོས་མཇལ་དུ་ཡོད་པའི་པར་རིས་དེ་རིགས་ཡིན་པར་སྣང་ལ། དེ་སྔོན་བོད་ཀྱི་སྤྱི་ཚོགས་སྟེང་འབངས་བྱས་རྗེས་ཡོད་རིགས་ལ་བཀའ་ཤོག་བཀའ་གཏན་གནང་སྲོལ་ཡོད་པ་དེས་ཀྱང་པར་རིས་ཀྱི་ནང་དོན་དག་ནི་ལོ་རྒྱུས་ཀྱི་དཔྱད་ཡིག་གལ་ཆེན་ཞིག་ཡིན་པར་གསལ་བཤད་བྱས་པའོ། །
ལྔ། མ་ཡིག་གི་ཡིག་ཕྲེང་52-124བར། མངའ་མཛད་གདུང་རྒྱུད་ཕྱི་མའི་སྐབས་སུ་བྱུང་བའི་འོག་དཔེ་སྟེ་བཀའ་གཏན་ཡི་གེའི་ནང་དོན་སྐོར།
དེར་མངའ་མཛད་གདུང་རྒྱུད་ཇོ་མོ་བདན་ཁུར་ཕྱི་མ་རྣམས་ཀྱིས་ཀྱང་ནམ་ནམ་ཞ་ཞ། ཚེ་ཚེ་རབས་རབས་སུ། རྒྱེ་ཤིན་ཁྱིམ་རྒྱུད་ཀྱི་མྱི་རབས་རྒྱུད་མར་མྱི་བཅོམ་མྱི་བསྒྱུར་མྱི་དབྲི་མྱི་བསྐྱུང་བ་དང་། བཀས་མྱི་བཤུ་བ་དང་། མྱི་ཤ་སྨན་ཆལ་སྨ་སྟོང་དང་བཅས་པ་ཡང་གདུང་རྒྱུད་རིམ་པས་བཀས་གནང་བའི་ཡིག་ཚང་དང་མཐུན་པ་བྱ་དགོས་ཚུལ་རྣམས་སྔར་ཡོད་བཀའ་ལུང་མདོའི་བྱང་བུར་བཀའ་རྟགས་བསྲུང་རྟགས་འཕང་དུ་གསལ་བ་ཡིན་པས་དྲང་བདེན་དང་དོན་དངོས་ཡིན་པའི་སྐོར་དང་། རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཙུག་པུད་རྗེ་ལ་ཁྭེ་བུ་ཚ་རྒྱུད་དུ་ཁྲག་ཆེ་བཏོན་ཆུང་བཏོན་བྱུང་རིགས་ཀྱི་སྐོར་ལ་ཤི་རི་ཤི་ཐང་དུ་བཀས་གནང་བ། སུས་བཀུམ་ཡང་ལྷ་གཉན་མཆོད་པ་དང་། སྲི་གནོན་གྱི་རྐྱེན་ལ། བྲན་ཕོ་རུས་སྣ་རྒུ་དང་། བྲན་མོ་རུས་སྣ་རྒུ་སོགས་ཀྱིས་མཆོད་པ་བྱ་དགོས་རིགས་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་། དེ་བཞིན་ཡུལ་འཕན་ཡུལ་གྱི་ས་ཆར་ས་ཞིང་དང་འབྲོག་རྭ། མངའ་རིས་ཆེ་ཆུང་། མི་རྒྱུད་རྣམས་བཀའི་ཞང་བློན་ལ་གཞག་དགོས་ཚུལ། སྒོས་སུ་ཉེས་པ་ཆེ་ཆུང་ཅི་མཆིས་ཀྱང་མྱི་བཀུམ། གཞན་སྙན་ཕྲ་ཞུ་བ་བྱུང་ན་ཡང་། མ་སྦྱངས་པར་མྱི་གསན་ཞིང་། བཀའ་ཆད་སྲོག་མྱིག་མྱི་མཛད་པ་དང་། གཞན་ཡང་། “རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཙུག་ཕུད་རྗེ་ལ་ཁྭེ་བུ་ཚ་རྒྱུད་དུ་སྤྱན་རས་ཀྱིས་མྱི་བཙའ་རེ་། འཁོར་ཡུལ་བླར་བཞེས་རེ་། གཞན་དུ་ཡང་སྒྱུར་རེ་། སྙན་ཕྲ་བྱུང་ན་ཡང་གསན་རེ་། ཤགས་ཁར་རྫོང་རེ་། ཡུལ་འགྲོས་ལྟར་བཀའ་མྱི་བཅད་རེ་། མ་སྦྱངས་པར་གཏཾ་སླས་གཅོད་པ་མཛད་རེ་།” ཞེས་པ་ནི་ཡིག་རྙིང་རང་བཞིན་ཅན་དུ་སྣང་བས། བླ་དཔེའི་ནང་དོན་བཤུས་པ་ཞིག་ཨེ་ཡིན་སྙམ།
མཇུག་ཏུ། བློན་ཆེན་པོ་ཁྲི་དབང་གཙུག་ཕུད་ལ་བུ་ཚ་རྒྱུད་དུ་འདི་ལྟར་བཀའ་རྩིགས་གཡུང་རུང་དུ་བཙན་པར་བཀས་གནང་སྟེ། གཞི་ཕྱག་རྒྱ་འཆང་དུ་གསལ་པ་ཤང་ཤང་དུམ་རྩེག་ཏུ་བཏབ་པ་ཅིག་ལས་བཤུས་པ་ལགས་སོ། །ཞེས་མ་ཡིག་བླ་དཔེའི་ཁུངས་བསྟན་ཡོད། མཐའ་མཇུག་གི་ཡིག་ཕྲེང་དུ་ཡུལ་ཕན་ཡུལ་གྱི་རྒྱེ་ཤིན་གྱི་ཆེ་རྟགས། ཞེས་པར་གོང་གསལ་རྣམས་ནི་ཁྱིམ་རྒྱུད་དེའི་ཆེ་རྟགས་ཡིན་ཞེས་པའི་དོན་ཡང་གོ་རྒྱུ་འདུག་གོ །
མཇུག་གཏམ།
བོད་ཀྱི་གནའ་རབས་ལོ་རྒྱུས་ཞིབ་འཇུག་སྐོར་གྱི་དཔྱད་གཞིའི་ཡིག་ཆར་ད་ཕན་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》དང་། 《བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ》དུས་ཕྱིས་སུ་བྱུང་བའི་རྒྱལ་རབས་ཆོས་འབྱུང་ལ་སོགས་པ་མང་ཡང་། འདིར་ཉེ་ལམ་གསར་དུ་རྙེད་པའི་སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཐོག་མར་བྱུང་ཞིང་། རྒྱེ་ཤིན་བློན་ཆེན་པོའི་ཁྱིམ་རྒྱུད་དང་འབྲེལ་ཡོད་ཀྱི་བཀའ་ལུང་གསལ་བའི་མདོའི་འོག་དཔེ་ཞིག་ངོ་སྤྲོད་ཞུས་པ་ཡིན་ལ། དེ་ཡང་དུས་ཕྱིས་སུ་གུ་གེའམ་སྟོད་ཀྱི་རྒྱལ་རྒྱུད་ག་གེ་མོས་ཁྱིམ་རྒྱུད་དེར་གནང་བའི་བཀའ་གཏན་ཡི་གེ་ཞིག་ཡིན་ངེས་ཀྱང་། ནང་དོན་དུ་སྤུ་རྒྱལ་བཙན་པོ་ཁྲི་སྟའུ་སྙ་གཟིགས་དང་། ཁྲི་གནམ་རི་སྲོང་བསྩན་རླུང་ནམ། མེས་སྲོང་བསྩན་སྒམ་པོ། ཁྲི་སྲོང་ལྡེ་བསྩན་སྐབས་སུ་བྱུང་བའི་རྒྱེ་ཤིན་བློན་ཆེན་པོའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་མི་སྣ་དང་། འབྲེལ་ཡོད་ལོ་རྒྱུས་དོན་ཆེན་སྐོར་གྱི་བླ་དཔེའི་ནང་དོན། དེ་བཞིན་དུས་ཕྱིས་སུ་བྱུང་བའི་སྟོད་ཀྱི་མངའ་བདག་ལོ་རྒྱུས་དང་། བཀའ་ལུང་སྔ་ཕྱིའི་ནང་དོན། ཁྱིམ་རྒྱུད་ཀྱི་དམིགས་བསལ་ཐོབ་ཐང་ངམ་ཆེ་རྟགས་སོགས་ཚུད་ཡོད་པས་ན། བོད་གནའ་རབས་ཀྱི་ལོ་རྒྱུས་སྐོར་གྱི་དཔྱད་ཡིག་གལ་ཆེན་ཞིག་ཡིན་པར་མཐོང་། བཀའ་གཙིགས་འདི་ནི་བོད་ཀྱི་གནའ་བོའི་ལོ་རྒྱུས་ཞིབ་འཇུག་ལ་མཁོ་བའི་དཔྱད་གཞི་གལ་ཆེན་ཞིག་ཏུ་མཐོང་ནས་དེའི་བླ་དཔེ་དང་འོག་དཔེའི་འབྲེལ་བ་དང་། དུས་རབས། དེ་བཞིན་འབྲེལ་ཡོད་ལོ་རྒྱུས་མི་སྣ། ལོ་རྒྱུས་དོན་ཆེན་བཅས་ཀྱི་སྐོར་རགས་ཙམ་དབྱེ་ཞིབ་བྱེད་ཁུལ་བྱས་པ་ལ། རྒྱ་ཆེའི་ཀློག་པ་པོ་རྣམས་ནས་དག་བཅོས་དང་བཀའ་སློབ་གང་མང་ཡོད་པར་མཁྱེན།
མཆན་འགྲེལ།
①金书波:《从象雄走来》[M],拉萨:西藏人民出版社,2012年。
②སྐུ་ཞབས་བློ་བཟང་རྡོ་རྗེར་བཀའ་འདྲི་ཞུ་མཁན་ནི་འབུམ་རམས་པ་ཨོ་རྒྱན་རྒྱལ་མཚན་ཡིན།
③夏格旺堆:《西藏札达县琼隆遗址发现的吐蕃历史文书》[G],“第七届西藏考古与艺术国际学术研讨会”会议手册/论文摘要,2018年10月19-21日。
④རྩོམ་ཁུངས། བཙན་པོ་ཚང་། https://www.tsanpo.com/forum/29754.html
⑤ལབས། ཞེས་པ་མ་ཡིག་ནང་ཡི་གེ་གསལ་པོ་མཐོང་མི་ཐུབ་ཀྱང་། ཁྱུང་ལུང་ནས་རྙེད་སོན་བྱུང་བའི་དགེ་ཤིན་པའི་བཀའ་གཏན་ཞལ་བཤུས་ཀྱི་མ་ཕྱི་ཆ་ཚང་། ཞེས་པར་ལྷ་བབས། ཞེས་ཕབ་བཤུས་གནང་འདུག འདིར་ཡིག་ཕྲེང་མཚོན་བྱེད་ཀྱི་ཨང་ཀི་དག་ནི་རྩོམ་པ་པོས་སྟབས་བདེའི་ཆེད་དུ་བྲིས་པ་ཡིན།
⑥ཞོ་ཤ། སྟོབས་ཤུགས་ཀྱི་དོན། དབང་རྒྱལ་དང་བསོད་ནམས་སྐྱིད། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས་86 མཆན། [317].
⑦ཕོ་བྲང་སྲ་ཤོད་བི་བ་མཁར། འདི་ནི་སྐབས་དེར་བཙན་པོ་བཞུགས་ཡུལ་གྱི་ཕོ་བྲང་ཞིག་ཡིན་ངེས་ཀྱང་ས་ཆ་གང་དུ་ཡོད་མེད་མ་ཤེས།
⑧2005ལོར། བལ་པོའི་དོལ་པོ་གསུང་རབ་ཉམས་གསོ་ཁང་ནས་ཡང་སྒོམ་མི་འགྱུར་རྒྱལ་མཚན་གྱིས་བརྩམས་པར་གྲགས་པའི་རྒྱལ་གཤིན་ཡ་ངལ་གྱི་གདུང་རབས་ཞེས་པ་དཔེ་སྐྲུན་གནང་འདུག་མོད། འོན་ཀྱང་རྒྱེ་ཤིན་དང་རྒྱལ་གཤིན་བར་འབྲེལ་བ་ཡོད་མེད་མ་ཤེས།
⑨《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས། ཚེ་སྤོང་ནས་སེང་པྲིན་ཀྱིས། ཞེས་གསལ། དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ་བའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1992ལོ། མཆན། [190]པྲིན་ནི་འཕྲིན་གྱི་དོན་ཡིན་པར་བཤད། ཤོག་ངོས་86 འདིར་བརྗོད་པའི་བཀའ་གཏན་ཡི་གེ་ལྟར་ན། ཚེ་སྤོང་འཕྲིན་དང་ཚེ་སྤོང་ནས་སེང་པྲིན་གཉིས་མི་གཅིག་གི་མཚན་ཡིན་པར་སྣང་།
⑩ག་རྟམ་གྱི་རྒྱ་ཐང་ནི་ས་ཆ་ཞིག་གི་མིང་ཡིན་ངེས་ཀྱང་ཞིབ་ཕྲའི་གནས་ཚུལ་སྐོར་གྱི་དཔྱད་ཡིག་གཞན་མ་མཇལ།
⑾དཔའ་མཆན་དཔའ་མཚན་དང་དོན་གཅིག་ཡིན་ནམ་སྙམ།
⑿ཡུལ་ན་ནར་ཞེས་པ་ཡུལ་མིང་ཞིག་ཡིན་ངེས་ཀྱང་ས་ཆ་གང་དུ་ཡོད་མེད་མ་ཤེས། གཉི་འགོ་ནི་མཐའ་འཁོར་གྱི་རྒྱལ་ཁབ་དང་མི་རིགས་ཤིག་ཡིན་པར་སྣང་།
⒀རྒུ་ཁྲོམ་ཞེས་པའི་རྒུ་ནི་དགུ་དང་དོན་གཅིག་ཡིན་ཚུལ་ལོ་རྒྱུས་དེབ་ཐེར་གཞན་དུའང་གསལ།
⒁སྒོ་ནི་སྒོས་དང་དོན་གཅིག་ཡིན་ནམ་སྙམ།
⒂སུག་བྱད་ནི་མངའ་ཁོངས་ཀྱི་མི་དང་ནོར་ཕྱུགས་ལ་གོ་བ་ཨེ་ཡིན་སྙམ།
⒃རྒེ་ཡོན་ནི་སྒེར་ཡོན་ཨེ་ཡིན་སྙམ།
⒄ཤི་རི་ཤི་ཐང་བཀའ་ཁྲིམས་ཀྱི་ཡི་གེ་ཞིག་ལ་གོ་བ་ཨེ་ཡིན་སྙམ།
⒅རྟ་རབ་དགུ་ཞེས་པ་སོགས་ནི་འདས་པོའི་ཐོབ་ཐང་མཚོན་བྱེད་ཅིག་ཡིན་པར་སེམས་ཏེ། དེང་འོན་ཀེ་རུ་ལྷ་ཁང་གི་ཉེ་འཁོར་དུ་བཙན་པོའི་དུས་ཀྱི་བང་སོ་ཚོགས་མང་ཙམ་མཐོང་རྒྱུ་ཡོད་པ་དང་། བང་སོ་རེ་འགའི་ཉེ་འཁོར་དུ་རྟ་རོ་མང་པོ་སྦས་ཡོད་པ་མཐོང་རྒྱུ་ཡོད།
⒆བསོད་ནམས་སྐྱིད། 《བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1984ལོ།
⒇བར་ཁ་ངག་དཀོན། 《ལྷོ་བྲག་ལྡེའུ་ཅུང་བྲག་བརྐོས་ཡི་གེ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་གནད་དོན་སྐོར》 [J] 《ཀྲུང་གོའི་བོད་རིག་པ》 2014ལོའི་དེབ་2པ།
(21)བར་ཁ་ངག་དཀོན། 《དམངས་ཁྲོད་ཀྱི་བཀའ་གཏན་ཁག་གཉིས་ལས་ཚ་བ་རོང་དར་རྒྱས་དགོན་པ་དང་གསང་ཕུའི་འབྲེལ་བ་སྐོར་གླེང་བ》[J] 《བོད་ལྗོངས་ཞིབ་འཇུག》 2017ལོའི་དེབ་3པ།
(22)夏格旺堆:《西藏札达县琼隆遗址发现的吐蕃历史文书》[G],“第七届西藏考古与艺术国际学术研讨会”会议手册/论文摘要,2018年10月19-21日。
(23)དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།1992ལོ། ཤོག་ངོས་41
(24)མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་250
(25)ལྡེའུ་ཇོ་སྲས། 《ལྡེའུ་ཆོས་འབྱུང》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་107
(26)ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་414
(27)བར་ཁ་ངག་དཀོན། 《ལྷོ་བྲག་ལྡེའུ་ཅུང་བྲག་བརྐོས་ཡི་གེ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་གནད་དོན་སྐོར》 [J] 《ཀྲུང་གོའི་བོད་རིག་པ》 2014ལོའི་དེབ་2པ།
(28)དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།1992ལོ། ཤོག་ངོས་44
(29)འདིར་རྒྱ་དྲུག་ཅེས་པ་ནི། རྒྱ་དང་དྲུ་གུའམ། ཡང་ན་རྒྱ་དང་ཉེ་བའི་ཤར་གྱི་དྲུ་གུར་གོ་བ་ཨེ་ཡིན་སྙམ།
(30)(32)མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་252;253-254
(31)བྲུ་ཤ། གནའ་བོའི་བྲུ་ཤར་ཆེ་ཆུང་གཉིས་སུ་དབྱེ་བར་སྦལ་ཏི་ནི་བྲུ་ཤ་ཆེ་བ་དང་། བྲུ་ཤ་ཆུང་བ་ནི་དེའི་ནུབ་ཕྱོགས་སུ་ཡོད་པར་ངོས་འཛིན།
(33)དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།1992ལོ། ཤོག་ངོས་56
(34)(35)(36)མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་255; 264 ;301