རིམས་ནད་ཡང་བསྐྱར་ཐོན་པར་ཁ་གཏད་གཅོག་ཆེད་གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོའི་རིམས་འགོག་བྱེད་ཐབས་ནན་དུ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-08


 
  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས། ཏོག་གསར་གློ་ཚད་ཀྱི་རིམས་ནད་གོ་ལ་ཧྲིལ་པོར་མཆེད་དེ་ལོ་ཕྱེད་ལྷག་ཙམ་སོང་བ་དང་དཔལ་འབྱོར་དང་དམངས་འཚོར་གནོན་ཤུགས་ཕྲད་པས། རྒྱལ་ཁབ་མང་པོས་ཟླ་བཞི་པ་དང་ལྔ་པ་ནས་རིམས་འགོག་ཚོད་འཛིན་བྱེད་ཐབས་རིམ་བཞིན་ལྷོད་དུ་བཏང་སྟེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་ཡོད། དེས་ན་ཟླ་བརྒྱད་པ་ནས་བཟུང་རྒྱལ་ཁབ་ཁ་ཤས་ཀྱིས་དོ་དམ་ཚོད་འཛིན་བྱེད་ཐབས་ལྷུག་ཏུ་གཏོང་བ་སྔ་དྲགས་པ་དང་མང་ཚོགས་ཀྱི“རིམས་འགོག་ལ་ཞེན་པ་ལོག་པའི”རྐྱེན་གྱིས་རིམས་འགོག་བྱེད་ཐབས་ལ་བརྩི་སྲུང་ནན་པོ་ཞུ་མ་ཐུབ་པ་སོགས་ཀྱི་དབང་གིས་རྒྱལ་ཁབ་མང་པོར་རིམས་ནད་ཡང་བསྐྱར་ཐོན་ཡོད། རིམས་ནད་སྔར་བས་ཁྱབ་མཆེད་མི་ཡོང་བ་བྱ་ཆེད་རྒྱལ་ཁབ་མང་པོས་སླར་ཡང་རིམས་འགོག་བྱེད་ཐབས་ནན་དུ་བཏང་བ་རེད།
    ཉེ་དུས་ཡོ་རོབ་ཀྱི་རྒྱལ་ཁབ་གཙོ་བོ་ཁ་ཤས་ཀྱི་རིམས་ནད་ཚད་གཞི་མི་འདྲ་བར་ཡང་བསྐྱར་ཐོན་པ་དང་ཧྥ་རན་སེའི་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་དཔེ་ཉེ་དུས་འཕར་མྱུར་ཞིང་། རིམས་ནད་ཀྱི་བསྡོམས་རྩིས་སྟོན་རྟགས་སྣ་ཚོགས་ཕྱོགས་ཡོངས་ནས་འཕར་བ་རེད།
   རིམས་ནད་ཡང་བསྐྱར་ཐོན་པར་ཁ་གཏད་གཅོག་ཆེད་ཧྥ་རན་སེ་སྲིད་གཞུང་གིས་བཙན་ཤེད་ངང་ཁ་རས་རྒྱག་པའི་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་། སློབ་གྲྭའི་སློབ་འགོ་ཚུགས་པར་ཁ་གཏད་གཅོག་པའི་སྔོན་ཇུས་ལ་ཤུགས་སྣོན་རྒྱག་པ། རྒྱང་རིང་གཞུང་སྒྲུབ་ལ་སྐུལ་མ་གཏོང་བ་དང་རྒྱལ་ཡོངས་ཀྱི་ནད་དུག་ཞིབ་བཤེར་བྱེད་ནུས་ཆེ་རུ་གཏོང་བ་སོགས་ཚུད་པའི་རིམས་ནད་བྱེད་ཐབས་སླར་ཡང་ནན་དུ་བཏང་སྟེ་འབད་བརྩོན་གང་ཡོད་བྱས་ནས་རྦད་དེ་སྒོ་སྡོམ་པའི་བྱེད་ཐབས་སྤྱོད་མི་དགོས་པར་བྱས་པ་རེད།
    དབྱི་ཐ་ལི་ནི་དེ་གོང་ཡོ་རོབ་ཀྱི་རིམས་ནད་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་འདས་ཟིན་པའི་ཟླ་བ་གཉིས་རིང་རིམས་ནད་རིམ་བཞིན་ཞི་ལྷོད་དུ་སོང་མོད། འོན་ཀྱང་ཉེ་དུས་སླར་ཡང་རིམས་ནད་ཡང་བསྐྱར་ཐོན་ཡོད། ཚེས་17ཉིན་ནས་བཟུང་དབྱི་ཐ་ལིས་ཏི་སི་ཁོ་ཞབས་བྲོ་ཁང་དང་། ཞབས་བྲོའི་སྤྲོ་སྐྱིད་ཁང་། དེ་བཞིན་མང་ཚོགས་ཀྱི་ཞབས་བྲོ་འཁྲབ་ཡུལ་མཚོ་གྲམ་སོགས་ཚུད་པའི་རྒྱལ་ཡོངས་ཀྱི་སྤྱི་དམངས་ལ་ཕྱོགས་པའི་ཞབས་བྲོ་འཁྲབ་ཡུལ་ཚང་མ་གནས་སྐབས་སྒོ་བརྒྱབ་པ་དང་བྱེད་ཐབས་དེ་ཟླ་9ཚེས་7ཉིན་བར་ལག་བསྟར་བྱ་རྒྱུ་རེད། དབྱི་ཐ་ལི་སྲིད་གཞུང་གིས་ཚེས་16ཉིན་ད་དུང་བཀའ་རྒྱ་ཞིག་ལ་གྲོས་འཆམ་བྱུང་སྟེ་ཉིན་ལྟར་ཕྱི་དྲོའི་ཆུ་ཚོད་18ནས་ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་6པ་བར་སྤྱི་དམངས་ཀྱིས་འདུ་འཛོམས་རང་བཞིན་གྱི་ཉེན་ཁ་ཡོད་པའི་གྲོང་ཁྱེར་གྱི་ཐང་ཆེན་དང་མཚོ་གྲམ་སོགས་སུ་ཁ་རས་རྒྱག་དགོས་པ་དང་ཁུལ་ཆེན་ཁག་གི་སྲིད་གཞུང་གིས་བྱེད་ཐབས་དེ་བས་ནན་པོ་སྤྱོད་ཆོག་པའི་གཏན་འབེབས་བྱས་པ་རེད།
    རྒྱལ་སའི་ཁུལ་གྱི་ཆོས་ལུགས་ཚོགས་པའི་བྱེད་སྒོ་དང་གཞི་ཁྱོན་ཆེ་བའི་འདུ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནས་ཉེ་དུས་ཧན་གོའི་རིམས་ནད་ཚབས་ཆེ་རུ་ཕྱིན་ཡོད། ཛ་དྲག་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་ཆེད་ཧན་གོ་སྲིད་གཞུང་གིས་རིམས་འགོག་བྱེད་ཐབས་ནན་དུ་བཏང་ནས་ཚེས་23ཉིན་ནས་བཟུང་རྒྱལ་ཡོངས་སུ་སྤྱི་ཚོགས་འབྲེལ་གཏུག་གི་བར་ཐག་རིང་དུ་གཏོང་བའི་དུས་མཚམས་གཉིས་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་ཁང་པའི་ནང་དུ་མི་50དང་ཁང་ཕྱིར་མི་100ཡན་གྱི་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་བཀག་འགོག་བྱས་པ་དང་སྤྱི་པའི་སྒྲིག་བཀོད་དང་ཉེན་ཆེའི་ཁུལ་གནས་སྐབས་སྒོ་འབྱེད་མཚམས་བཞག་པ་རེད། ཧན་གོ་སྲིད་གཞུང་གིས་ཉེ་དུས་ད་དུང་སྤྱི་ཚོགས་འབྲེལ་གཏུག་གི་བར་ཐག་རིང་དུ་གཏོང་བའི་དུས་མཚམས་གཉིས་པའི་སྲིད་ཇུས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་ཧྲོའར་དང་། རེན་ཁྲོན། ཅིང་ཅི་ཏའོ་སོགས་རྒྱལ་སའི་ཁུལ་གྱི་ས་ཁུལ་དུ་རིམས་འགོག་བྱེད་ཐབས་ནན་པོ་རབ་དང་རིམ་པ་ཡོངས་བསྒྲགས་བྱས་པའི་ནང་ལུས་སྦྱོང་ཁང་སོགས་ཁང་པའི་ནང་གི་ལུས་རྩལ་སྒྲིག་བཀོད་གནས་སྐབས་ལས་གཉེར་བྱེད་མཚམས་འཇོག་པ་དང་ཟུར་ཁྲིད་འཛིན་གྲྭས་ངོ་འཕྲད་གདོང་ཐུག་གི་སློབ་ཚན་གནས་སྐབས་མཚམས་འཇོག་པ་སོགས་ཚུད་པ་རེད།
    ཁུ་པའི་ས་ཁུལ་ཁག་ཏུ་ཟླ་6ཚེས་18ཉིན་ནས་བཟུང་བཀག་རྒྱ་གློད་པའི་དུས་མཚམས་སུ་སླེབས་མོད། འོན་ཀྱང་ཟླ་8ཚེས་8ཉིན་ནས་བཟུང་རིམས་ནད་ཡང་བསྐྱར་ཐོན་འགོ་ཚུགས་རྐྱེན་ཁུ་པ་སྲིད་གཞུང་གིས་ཚེས་27ཉིན་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཡང་བསྐྱར་ཐོན་རྗེས་ཁ་ཐོར་ངང་མཆེད་པའི་ཁྱད་ཆོས་ལ་དམིགས་ནས་ཧ་ཝ་ནར་ཟླ་9ཚེས་1ཉིན་ནས་བཟུང་ཉིན་ལྟར་དགོང་མོའི་ཆུ་ཚོད་19པ་ནས་ཉིན་གཉིས་པའི་ཆུ་ཚོད་5པ་བར་མཚན་འགྲུལ་བཀག་སྡོམ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1