ད་ལོ་ནས་བཟུང་། ཆུ་ཆེན་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བའི་རྨང་གཞིའི་ཐོག ཐོག་མཐའ་བར་གསུམ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཤིང་། སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ལ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། གཟའ་འཁོར་རེའི་གཟའ་པ་སངས་ལ་གཅིག་སྡུད་ཀྱིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་གི་བྱེད་སྒོ་ཐེངས་གཅིག་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་བྱས།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱ་ཆེད། ཆུ་ཆེན་རྫོང་གིས་རྨང་གཞིའི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ཞིང་། ན་ནིང་རྫོང་ཡོངས་ནས་གད་སྙིགས་རླངས་འཁོར་3དང་། གད་སྙིགས་སྒམ་420། སིལ་སྙིགས་སྒམ་230བཅས་ཉོས་པ་དང་། ཡུལ་ཚོ་དང་གྲོང་རྡལ་ལ་གཅིག་སྡུད་བཅོས་སྐྱོང་དང་ཡུན་ཕན་ལམ་སྲོལ་ཟུང་འབྲེལ་བྱས་ནས་གསང་སྤྱོད་ཁང་དང་། ར་བ། ཁྱིམ་ར་བཅས་སྒྱུར་བཀོད་ཀྱི་བྱེད་སྒོ་སྤེལ་བ་དང་། གང་འདོད་དུ་དངོས་རྫས་སྤུངས་པ་དང་གང་འདོད་དུ་འཛུགས་སྐྲུན་བྱས་ཡོད་པའི་བྱ་སྤྱོད་ལ་བཅོས་སྐྱོང་བྱས། གད་སྙིགས་རིགས་དབྱེ་བསྡུ་རུབ་དང་གཙང་སེལ་བྱས་ནས་གྲོང་སྡེ་དང་སྡེ་ཁུལ་མཐའ་འཁོར་གྱི་ཁོར་ཡུག་ལ་གཅིག་སྡུད་ཀྱིས་བཅོས་སྐྱོང་བྱས་ནས་གྲོང་སྡེའི་ཁོར་ཡུག་ཇེ་ལེགས་སུ་སོང་།
དེ་མིན། གྲོང་ཁྱེར་གྱི་མཁའ་རླུང་གི་སྤུས་ཚད་སྔར་ལས་ལེགས་སུ་གཏོང་ཆེད་དང་། རླུང་ཁམས་ཆེན་མོའི་སྦགས་བཙོག་དང་། ཆུའི་སྦགས་བཙོག་བཅས་བཅོས་སྐྱོང་ལས་དོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ཆུ་ཆེན་རྫོང་གིས་རླུང་ཁམས་ཆེན་མོའི་སྦགས་བཙོག་དང་ཁོར་ཡུག་གི་རྐྱེན་ངན་རིམ་བཤེར་བྱས་པའི་བཅོས་སྐྱོང་ལས་དོན་སྤེལ། རྡོ་སོལ་སྲེག་པའི་ཁྲོ་ཐབ་དང་། ཆུ་བོ་གལ་ཆེན། ཨར་སྐྲུན་ཐལ་རྡུལ། ཨར་ལས་ཀྱི་འཛེར་སྒྲ། འཐུང་ཆུའི་ཆུ་མགོ་སོགས་ལ་བཅོས་སྐྱོང་གི་བྱེད་ཤུགས་ཇེ་ཆེར་ཕྱིན་པ་དང་། གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་། རྫོང་ཁོངས་ཀྱི་རླངས་འཁོར་ཞིག་གསོ་བཟོ་གྲྭ་29ཡི་རྐྱེན་ངན་ཐག་བཅད་ཚུལ་དང་། སོ་ཕག་བཟོ་གྲྭ་50ཡི་སྦགས་བཙོག་དངོས་པོ་འབུད་ཚུལ། རླངས་འཁོར་འཁྲུད་ས་18ཀྱི་སྦགས་བཙོག་དངོས་པོ་འབུད་ཚུལ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་ཞིབ་བཤེར་བྱས་ལ། ཐུན་མོང་རང་བཞིན་གྱི་གནད་དོན་23ཤེས་རྟོགས་བྱུང་བ་དང་། དག་ཐེར་བྱེད་ཐབས་23བཏོན་ཏེ་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དཀའ་གནད་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཐག་གཅོད་བྱས་ཡོད་དོ།།