ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པ་གཙོ་སྐྱོང་གནང་།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-11
ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པ་གཙོ་སྐྱོང་གནང་སྐབས། དེང་རབས་ཀྱི་འཁོར་རྒྱུག་མ་ལག་བསྐྲུན་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ།
ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཕེབས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་9ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པ་གཙོ་སྐྱོང་གནང་ནས། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་ཤར་གཏོང་དང་དེང་རབས་འཁོར་རྒྱུག་མ་ལག་བསྐྲུན་པའི་གནད་དོན་ལ་ཞིབ་འཇུག་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་བྱས་པ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རྒྱལ་དམངས་དཔལ་འབྱོར་ཁྲོད་དུ་འཁོར་རྒྱུག་མ་ལག་གིས་རྨང་གཞིའི་རང་བཞིན་གྱི་ནུས་པ་ཐོན་བཞིན་ཡོད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ངེས་པར་དུ་དེང་རབས་ཀྱི་འཁོར་རྒྱུག་མ་ལག་བསྐྲུན་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དེང་རབས་འཁོར་རྒྱུག་མ་ལག་གི་མཁྲེགས་ཆས་དང་མཉེན་ཆས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། འཁོར་རྒྱུག་གི་ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་འཕེལ་རྒྱས་གཏོང་བ། འཁོར་རྒྱུག་ཁྱབ་ཁོངས་ཀྱི་ལམ་ལུགས་ཚད་ལྡན་དང་ཚད་མཐུན་ཡོང་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཀྱི་ཟོག་འགྲེམས་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་དེང་རབས་ཀྱི་འཁོར་རྒྱུག་མ་ལག་བསྐྲུན་རྒྱུ་ནི་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཚོགས་ཀྱི་ཐོན་སྐྱེད་བསྐྱར་མ་བྱེད་རིང་འཁོར་རྒྱུག་གི་ལས་ཆོད་དང་ཐོན་སྐྱེད་ཀྱི་ལས་ཆོད་གཉིས་ཀ་གལ་ཆེན་ཡིན། དེ་ནི་རྒྱལ་དམངས་དཔལ་འབྱོར་སྤྱི་ཡོངས་འཁོར་སྐྱོད་ཀྱི་ལས་ཆོད་ཆེ་རུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། ཕན་ནུས་ཆེ་བའི་འཁོར་རྒྱུག་མ་ལག་གིས་ཁྱབ་ཁོངས་དེ་བས་ཆེ་བའི་སྒོ་ནས་ཐོན་སྐྱེད་དང་འཛད་སྤྱོད་ཟུང་འབྲེལ་ཐུབ་སྟེ། ཉོ་ཚོང་གི་ཁྱབ་ཁོངས་རྒྱ་ཆེར་འགྲོ་བ་དང་། ལས་བགོས་ཁ་གསལ་གཏིང་ཟབ་ལ་སྐུལ་འདེད་ཐུབ་པ། ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་འགྲོ་བ། རྒྱུ་ནོར་གཏོད་རྒྱུར་སྐུལ་འདེད་ཐུབ་པ་བཅས་ཡོང་གི་ཡོད། རྒྱལ་ནང་གི་འཁོར་སྐྱོད་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀ་ཕན་ནུས་ཆེ་བའི་དེང་རབས་ཀྱི་འཁོར་རྒྱུག་མ་ལག་དང་ཁ་འབྲལ་ཐབས་མེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་འཁོར་རྒྱུག་མ་ལག་བསྐྲུན་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རྒྱལ་ཁབ་ཀྱི་རྐང་འཛིན་འཁོར་རྒྱུག་དྲ་རྒྱ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། འཁོར་རྒྱུག་ཁྱབ་ཁོངས་ཀྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཐོན་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་མགྱོགས་མྱུར་བསྐྲུན་པ། ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་ལམ་ལུགས་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད་འཁོར་རྒྱུག་ལས་རིགས་ཀྱིས་ནུས་པ་གལ་ཆེན་ཐོན་ཡོད། དེ་དང་དུས་མཚུངས་རང་རྒྱལ་གྱི་འཁོར་རྒྱུག་མ་ལག་དེང་རབས་ཅན་གྱི་ཆུ་ཚད་སྔར་བཞིན་མཐོ་པོ་མེད་པས། ད་དུང་འགག་གནད་མི་ཉུང་བ་ཞིག་འཕྲལ་མར་སེལ་དགོས།
ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ནང་གི་གཅིག་གྱུར་ཁྲོམ་ར་ཆེན་པོ་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས་མཁོ་སྤྲོད་མཉམ་སྐུལ་དང་ཐོན་ཚོང་མཉམ་སྤེལ་གྱི་འཁོར་སྐྱོད་བཟང་པོ་ཆགས་པར་བྱས་ཏེ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས་འགྲན་རྩོད་སྲིད་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། དེང་རབས་ཀྱི་ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་བསྐྲུན་ནས་གཅིག་གྱུར་སྒོ་དབྱེའི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་ཆགས་པ་བྱེད་པ་དང་། ཕྱོགས་བསྡུས་སྐྱེལ་འདྲེན་བགྲོད་ལམ་གྱི་བཀོད་པ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། མྱུར་བགྲོད་ལྕགས་ལམ་གྱི་ཟོག་འདྲེན་དང་རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་བྱེད་ནུས་བསྐྲུན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཕྱི་ནང་འབྲེལ་མཐུད་དང་བདེ་འཇགས་ནུས་ཆེའི་ཟོག་འགྲེམས་དྲ་རྒྱ་གང་མགྱོགས་ཆགས་པར་བྱེད་དགོས། དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གོ་ལ་ཧྲིལ་པོར་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་འཁོར་རྒྱུག་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་པ་དང་། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་སྒྱུར་བཀོད་དང་ལས་རིགས་ལས་བརྒལ་བའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གྲོང་མིའི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་ཡོད་པའི་ཚོང་དོན་འཁོར་རྒྱུག་གི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཐོན་རྫས་གལ་ཆེན་གྱི་ཁུངས་འདེད་མ་ལག་གང་མགྱོགས་བསྐྲུན་ནས་ཡིད་རྟོན་རྨང་གཞིར་བྱེད་པའི་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གིས་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན་པ་དང་སྡེ་ཚན་ཁག་གིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་ཇུས་དང་བྱེད་ཐབས་མང་པོ་བཏོན་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔར། རང་རྒྱལ་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས། གནད་དོན་མང་པོ་ཞིག་ངེས་པར་དུ་ཕུགས་ཀྱི་ཟུར་ཚད་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཇུས་འགོད་དང་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པའི་ཐབས་ཇུས་ཀྱི་དོན་ཚན་མང་པོ་ཞིག་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ཡུན་རིང་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་དོན་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་ལ་དམ་འཛིན་གྱི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་དོན་འཁྱོལ་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་རྒྱུ་དེ་འགག་རྩ་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་མིན་ལ་རག་ལུས་ཡོད། དེར་བརྟེན་དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ། ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་བྱེད་པར་གཙོ་བོ་ཕན་འབྲས་དངོས་ལ་ཐུག་པས་འགག་རྩ་ནི་སྲིད་ཇུས་གཏན་འབེབས་བྱེད་སྐབས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་མེད་ལ་རག་ལུས་ཡོད། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཐབས་ཇུས་གལ་ཆེན་དག་དུས་ཐོག་ཏུ་ཞིབ་ཕྲའི་སྲིད་ཇུས་དང་ཁྲིམས་སྲོལ་ལ་བསྒྱུར་བར་སྡེ་ཚན་ཁག་དབར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ཇུས་ཀྱི་གཅིག་གྱུར་རང་བཞིན་ཆེ་རུ་གཏོང་དགོས། ལས་ཀའི་རྩིས་ཁྲ་བཙུགས་ནས་དུས་ཐོག་ཏུ་རྩིས་ཁྲ་དང་བསྡུར་བ་དང་དཔྱད་དཔོག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐབས་ཇུས་གལ་ཆེན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས།