༄༅།།སྙིང་གཏམ་ཉི་ཤུ་བ།

ཨ་སྨྱོན་བཀྲ་ཤིས་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 09-11




——བུ་ཆུང་ཀརྨ་དོན་གྲུབ་བོད་ཡིག་སློབ་ཏུ་འགྲོ་ཁར་བྲིས་པ།
        འགལ་བ་དེ་སེལ་ཆེད།  ཕ་མ་གཉིས་ཀྱིས་ལོ་ངོ་དུ་མའི་སྔོན་ནས་ཁྱོད་ལ་བོད་ཡིག་ཁྲིད་པ་ཡིན།   ཁྲིད་དོན་དེ་ཡང་མདོར་དེད་ན་ཁྱོད“གཞན་ཕན”བསམ་པའི་མི་ཞིག་ཏུ་སྐྱེད་སྲིང་བྱ་ཆེད་དེ།   སྐྱེད་སྲིང་དེའི་གོ་རིམ་ནང་ཕ་མ་གཉིས་ཀྱིས་རང་ཚོད་ཀྱིས་ཧུར་བརྩོན་ཆེན་པོ་བྱས་མྱོང་།  ཉིན་རེ་རེའི་འུ་ཅག་གི་ལྷན་འཛོམས་ནི་བོད་སྐད་བཤད་པ་དང་བོད་ཡིག་སློབ་པའི་བརྒྱུད་རིམ་སྟེ།  བརྒྱུད་རིམ་དེ་མུ་བསྐྱངས་པའི་དྲིན་ལ་ཁྱོད་ཀྱིས་བོད་སྐད་ཤེས་པའི་མཚུངས་སུ།    བོད་ཡིག་ཀྱང་རན་ཚོད་ཅིག་ཤེས་སོང་།
        སྙིང་གི་བུ་ཆུང་ལགས།   སང་ཉིན་ཁྱོད་ཨ་ཕའི་ཕ་ཡུལ་ཁྲི་ཀའི་བཅའ་སྡོད་སློབ་གྲྭ་རུ་བོད་ཡིག་སློབ་ཏུ་འགྲོ་དགོས།
        ཨ་མ་ཁྱོད་གཉིས་གཉིད་ཀྱི་ཞིང་ཁམས་སུ་ཉུག་པ་ཧ་ཅང་མགྱོགས།   འོན་ཀྱང་ཨ་ཕ་ཡུན་རིང་ལ་གཉིད་རྒྱུ་མི་ཡོང་བས་མལ་ལས་ལངས་ཏེ་དཔེ་ཁང་དུ་ཡོང་ནས་ཡོད།   མགོ་བོ་གྱེན་དུ་འགྱོག་ཐེངས་རེར།  ཕ་ཡུལ་དུ་འགྲོ་སའི་ལམ་ཁའི་གློག་བཞུ་མཐའ་དག་ཁྲ་ཆིལ་དགུ་ཆིལ་དུ་བདོག་པ་མཐོང་འོང་།   སང་ཉིན་ཕྱི་དྲོ།  ཨ་མ་འུ་གསུམ་པོ་ཨ་རྒྱ་ཚེ་བྷོའི་རླངས་འཁོར་ལ་བསྡད་ཅིང་ཡ་གིའི་ལམ་ཆེན་དེ་དེད་ནས་ཨ་ཕའི་ཕ་ཡུལ་ཁྲི་ཀའི་ཕྱོགས་སུ་ཆས་དགོས།
        ཆས་དགོས་པ་སེམས་ལ་དྲན་ཐེངས་རེར།  གཉིད་ཀྱི་རྨུ་གབ་ནི་མགོ་ལས་ཕྱིས་ཏེ་འཇའ་ཚོན་ནང་བཞིན་རྒྱང་རིང་དུ་ཡལ་ནས་འགྲོ།   གཉིད་ཀྱི་བདེ་བ་ཡལ་ཤུལ་དེར།  ཨ་ཕ་གཅིག་པུས་མདུན་ཅོག་གམ་དུ་འགྲམ་པ་ལག་པས་སྐྱོར་ནས་རྒྱང་རིང་དུ་བལྟ་དགོས་བྱུང་།    མདུན་ཕྱོགས་ཀྱི་ཁང་རྩེག་མཐོན་པོ་ཚང་མ་ཉེ་ནས་ཉེ་རུ་བཅར་ཏེ་འུ་ཚང་གླེབས་ལ་ཉེ་ཞིང་།  ལྷོ་ཕྱོགས་ཀྱི་མྱུར་བགྲོད་ལམ་དུ་རླངས་འཁོར་སྐོར་ཞིག་ད་དུང་གློག་འོད་སྤྲོ་བཞིན་སྨྱོན་པ་ནང་ལྟར་ཡར་རྒྱུག་མར་རྒྱུག་བྱེད་ཀྱིན་གདའ།
        སང་ཉིན།   ཨ་མ་འུ་གསུམ་པོ་ཡ་གིའི་སྐུ་འབུམ་ཕྱོགས་སུ་འཐེན་པའི་མྱུར་བགྲོད་ལམ་དེར་ཞུགས་དགོས།   ཁྱོད་ཆུང་དུས་ཕ་མ་གཉིས་ཀྱིས་རེས་མོས་སྒོས་པང་ནས་ལམ་དེའི་ཕྱོགས་སུ་ལན་མང་སོང་མྱོང་།   དེའི་དུས་མྱུར་བགྲོད་ལམ་དེ་འགྲུབ་མེད་ཐོག་ལམ་ཞེང་ཡང་ཆུང་ནའང་།    ཁྱོད་གཙོ་བོ་ཨ་ཡེའི་རེ་བ་ལྟར་སོང་བ་ཡིན།   ཨ་ཡེས་ཁྱོད་དྲན་ཐེངས་རེར་ཕ་མ་གཉིས་ཀྱིས་ཁྱོད་པང་ནས་ཨ་ཕའི་ཕ་ཡུལ་ཁྲི་ཀའི་ཕྱོགས་སུ་ཆས།   ཆས་ཚུལ་དེ་དང་ཨ་ཡེ་ཁྱོད་གཉིས་མཉམ་འཛོམས་ཀྱི་དུས་སྐབས་དེ་ནི་ཅི་འདྲའི་སེམས་པ་གཡོ་སྐྱོམ་་གཏོང་བ་ཞིག་སྟེ།   ཁྱོད་ཀྱིས་ཨ་ཡེ་མཐོང་མ་ཐག་ཕ་མ་གཉིས་ཀ་མི་དགོས་པར་ཨ་ཡེའི་པང་དུ་རྔེའུས་རྔ་མོང་མཐོང་བ་བཞིན་འབྲལ་མི་ཕོད་པའི་ངང་དུ་གནས་པར་བྱེད།   འོན་ཀྱང་།  སང་ཉིན་འགྲོ་སའི་གནས་སུ་ཨ་ཡེ་མི་འདུག   ཨ་ཡེ་ནི་བགྲང་བྱ་བདུན་བརྒྱད་ཀྱི་སྔ་རོལ་ཏུ་འཇིག་རྟེན་དཀར་ངོགས་འདི་དང་བྲལ་སོང་།    འབྲལ་ཁའི་དུས་ནང་མོས་ང་ལ“ཁྱོད་ཀྱིས་བུ་ཆུང་འདི་མ་འོངས་པའི་དུས་ན་ངེས་པར་རང་གི་ཕ་ཡུལ་ཕྱོགས་ཀྱི་བོད་ཡིག་སློབ་གྲྭར་བསྐྱལ་དགོས་ཏེ།    མ་བསྐྱལ་པའི་སྔོན་ལ་ཁྱོད་ཀྱིས་ཁོར་བོད་སྐད་བརྗེད་དུ་མི་འཇུག་པའི་ཐོག    བོད་ཡིག་ཀྱང་ཤེས་སུ་གཞུག་དགོས”ཞེས་བརྗོད་མྱོང་།
        ཁྱོད་ནི་ཅི་འདྲའི་སྐལ་བ་བཟང་བོ་དང་ལྡན་པ་ལ་ཨང་།   ལོ་ངོ་སུམ་ཅུའི་ཡར་སྔོན་དུ།    ཨ་ཕ་ཡང་ཁྱོད་དང་འདྲ་བའི་བྱིས་པ་བསམ་མེད་ཅིག་ཡིན།   སྤུན་ཟླ་ཆེ་བ་ཚང་མ་ལ་ལ་སློབ་གྲྭར་སོང་བ་དང་།   ལ་ལ་བུ་སྐལ་དུ་བྱིན་པ།   ལ་ལ་གནས་ལ་སོང་བས།   ཨ་ཕ་ཁྱིམ་དུ་ངལ་རྩོལ་མི་སྣས་འདང་དུས་སློབ་གྲྭར་འགྲོ་དགོས་པ་དང་།  མི་འདང་བའི་ཚེ་ན་ཟོག་རྫིར་འགྲོ་དགོས་པ་ཡིན།   ཟོག་ལུག་གི་རྗེས་སུ་ཨ་ཕའི་འདུག་རོགས་ནི་ཕུ་བོ་གཉིས་ཀྱིས་ཉོས་པའི《གེ་སར་རྒྱལ་པོའི་སྒྲུང》སོགས་དེབ་འགའ་རེའོ།    །དཔེ་དེབ་དེ་དག་གི་དྲིན་ལ་ཨ་ཕའི་བོད་ཡིག་གི་ཆུ་ཚད་ནི་ཡར་ངོའི་ཟླ་ལྟར་འཕེལ་བ་བྱུང་།  འཕེལ་རྒྱས་དེའི་དྲིན་ལ་ང་ཚོ་འཛིན་གྲྭ་ལས་སློབ་ཆུང་སྐབས་སུ་བོད་ཡིག་བཟང་བ་རྣམས་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་རྒྱུགས་འཕྲོད་པ་བྱུང་ལ།  རྒྱུགས་འཕྲོད་པའི་རྐྱེན་གྱིས་ཨ་ཕས་ཕ་ཡུལ་དུ་ཟོག་ལུག་གི་རྔ་མར་བལྟས་ནས་སྡོད་མ་དགོས།
        ཆབ་ཆར་འགྲོ་བའི་ནངས་མོ་དེར།  ངའི་ཨ་ཕ་སྟེ་ཁྱོད་ཀྱི་ཨ་མེས་ཀྱིས་ང་ནི་རང་ཁྱིམ་གྱི་དྲེལ་རྒན་ནག་ལྡང་དེའི་འཕོངས་ལ་བཟུང་ནས་རྫོང་མཁར་ཕྱོགས་སུ་ཆས།    མུན་ནག་ནང་ཕ་རྒན་གྱིས་ལམ་རིང་བོར《བསམ་པ་མྱུར་འགྲུབ་མ》བཏོན་བྱུང་ལ།   འདོན་ཚུལ་དེ་ནི་ཅི་འདྲའི་གསལ་དག་སྙན་གསུམ་འཛོམས་པ་ལ་ཨང་།    “དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང་།  །ཐོས་པས་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས།  །ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ།  །སེམས་ཅན་ཀུན་གྱི་རྒྱུད་ལ་རབ་ཞུགས་ནས།  །འཇིག་རྟེན་བདེ་སྐྱིད་ལྡན་པར་དབུགས་དབྱུང་མཛོད།  །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས……”
        ཁ་ཏོན་ཟློ་བའི་སྒྲ་དང་དྲེལ་རྒན་གྱི་རྨིག་སྒྲར་བསྡོངས་ནས་ངེད་གཉིས་སྐྱ་རེངས་ཀྱི་འོད་དང་འགྲོགས་ཏེ་རྫོང་རླངས་འཁོར་ས་ཚུགས་སུ་འབྱོར་སོང་།   དེ་གར་མི་ཚོགས་ཅུང་མང་ལ།   མང་ཤོས་ནི་རང་གི་བུ་ཕྲུག་དང་གཉེན་ཉེ་སྐྱེལ་མ་བྱེད་མཁན་ཏེ།    གཉེན་ཉེ་སྐྱེལ་མཁན་གྱི་ནང་དུ་ངའི་ཨ་ཕའི་བཟང་ས་ཨ་མེས་མཁར་ཕྱུག་ཟེར་བ་དེ་ཡང་འདུག    ཁོས་སྐད་འཛེར་འཛེར་གྱི་ངང་དུ་ངའི་ཨ་ཕར“ཁྱོད་ཀྱིས་བུ་ཆུང་མཐེ་བོང་ཙམ་ལས་མེད་པ་འདི་འདྲ་ཞིག   ས་ཐག་རིང་ཆབ་ཆའི་ཕྱོགས་སུ་འགྲོ་རུ་འཇུག་པར་སེམས་ཀྱིས་བཟོད་ཨང”ཟེར།    ངའི་ཨ་ཕས་ཅི་མི་སྙམ་པར“བུ་ཆུང་གི་མདུན་ལམ་བསམས་ན།   སེམས་ཀྱིས་བཟོད་མི་ཐུབ་པ་ཅི་ཡོད་ཨང”ཞེས་ལན་ལྡོན་སོང་བ་ངས་ད་ལྟའང་ད་དུང་གསལ་ལྷང་ངེར་དྲན་འོང་།
        ལྗིད་ཏིག་ཏིག་གི་སྐད་ཆ་དེ་བཤད་ནས་ལོ་ངོ་སུམ་ཅུ་འགོར་སོང་།   ལོ་ངོ་སུམ་ཅུའི་རྗེས་སུ།   འདས་ཟིན་པའི་ཨ་མེས་དེའི་ཚ་བོ་ཁྱོད་ཨ་ཕས་ཕྱིར་ཕ་ཡུལ་ཕྱོགས་སུ་བསྐྱལ་དགོས་བྱུང་།   རྒྱུ་མཚན་ནི་ཁྱོད་ཀྱི་ཨ་མེས་ཀྱིས་ཨ་ཕ་ཐག་རིང་ཆབ་ཆ་ལ་བསྐྱལ་ནས།  ང་ནི་བོད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྲས་ཀྱི་ཤེས་ལྡན་ཞིག་ཏུ་སྐྱེད་སྲིང་བྱས་སོང་བ་དང་།   བོད་ཡིག་ལ་བརྟེན་ནས་ཟ་མ་ཟ་མཁན་ཞིག་ཏུའང་འགྱུར་ཐུབ་སོང་།   ཟ་མ་དེར་བརྟེན་ནས་ཁྱོད་ཀྱིས་སྡུག་ཅི་ཡང་མྱང་མ་དགོས་པར་ཕོ་ལོ་བཅུ་གཉིས་ལ་སླེབས་ཟིན།
        སླེབ་ཚུལ་དེའི་ནང་དུ་ཁྱོད་ཀྱིས་རྒྱ་ཡིག་སྦྱངས་ནས་རྨང་གཞི་ངེས་ཅན་ཞིག་བཏིངས་འདུག   གོ་རིམ་དེ་བརྒྱུད་མཐར།  ཁྱོད་དང་ཨ་མ་གཉིས་ལ་ལྟ་བའི་ཐད་ནས་ནམ་རྒྱུན་ཁ་རྩོད་འབྱུང་གིན་འདུག་སྟེ།   རྩོད་པའི་གཞི་དེ་མདོར་དྲིལ་ན།   ཁྱོད་ཀྱིས“རང་ཕན”མང་བོ་ཞིག་བསམ་གྱིན་འདུག་ལ།   ཨ་མས་ཁྱོད“གཞན་ཕན”གྱི་ལམ་དཀར་ནང་དུ་འཇུག་ཨེ་ཐུབ་ལ་འབད་བཞིན་མཆི།   འདོད་ཚུལ་རིགས་མི་འདྲ་བ་དེ་གཉིས་ད་ལྟའི་སྤྱི་ཚོགས་སུ་ཡོངས་ཁྱབ་ཀྱིས་ཆེ་རུ་འགྲོ་བཞིན་འདུག་སྟེ།   འགྲོ་ཚུལ་དེས་ཨ་ཕ་སྡུག་པའི་ཨར་ལ་གཏད་ནས་ཡོད།
        འགལ་བ་དེ་སེལ་ཆེད།  ཕ་མ་གཉིས་ཀྱིས་ལོ་ངོ་དུ་མའི་སྔོན་ནས་ཁྱོད་ལ་བོད་ཡིག་ཁྲིད་པ་ཡིན།   ཁྲིད་དོན་དེ་ཡང་མདོར་དེད་ན་ཁྱོད“གཞན་ཕན”བསམ་པའི་མི་ཞིག་ཏུ་སྐྱེད་སྲིང་བྱ་ཆེད་དེ།   སྐྱེད་སྲིང་དེའི་གོ་རིམ་ནང་ཕ་མ་གཉིས་ཀྱིས་རང་ཚོད་ཀྱིས་ཧུར་བརྩོན་ཆེན་པོ་བྱས་མྱོང་།  ཉིན་རེ་རེའི་འུ་ཅག་གི་ལྷན་འཛོམས་ནི་བོད་སྐད་བཤད་པ་དང་བོད་ཡིག་སློབ་པའི་བརྒྱུད་རིམ་སྟེ།  བརྒྱུད་རིམ་དེ་མུ་བསྐྱངས་པའི་དྲིན་ལ་ཁྱོད་ཀྱིས་བོད་སྐད་ཤེས་པའི་མཚུངས་སུ།    བོད་ཡིག་ཀྱང་རན་ཚོད་ཅིག་ཤེས་སོང་།
        འུ་བཟའ་མི་གསུམ་གྱི་འགྲུས་ཚུལ་དེ་དང་།  ཁྱོད་གཞི་རིམ་གྱི་སློབ་གྲྭར་བསྐྱལ་བའི་སྦྱོར་བ་དངོས་དེར།   ཁོར་ཡུག་གི་བོད་མི་མང་བོ་ཞིག་ཡ་མཚན་བཞིན་འདུག་སྟེ།  ཁོ་ཚོ་ཡ་མཚན་དོན་ནི་ཁྱོད་གྲོང་ཁྱེར་གྱི་ཆ་རྐྱེན་ལེགས་པའི་སློབ་གྲྭར་མི་སྐྱེལ་བར།   གཞི་རིམ་གྱི་ཆ་རྐྱེན་ཞན་པའི་སློབ་གྲྭར་བསྐྱལ་རྒྱུ་ཟེར་བ་དེ་རེད།  ཁོ་ཚོའི་བསམ་ཚུལ་ནི་གྲོང་ཁྱེར་དུ་རྒྱ་ཡིག་བཏོན་ན་རྗེས་སུ་བྱ་བ་རེག་ཐུབ་ཟེར་བ་དང་།  གཞི་རིམ་དུ་བོད་ཡིག་བཏོན་ཚེ་རེ་བ་ཅི་ཡང་མེད་ཟེར་བ་རང་རེད།
        བྱ་བ་རེག་ཐུབ་ཀྱང་ཆོག་ལ་མ་ཐུབ་ཀྱང་རུང་།  ཕ་མ་གཉིས་ཀྱི་རེ་བ་ནི་ཁྱོད་གཞི་རིམ་གྱི་མི་རིགས་སློབ་གྲྭར་སོང་ནས་ང་ཚོ་དང་འདྲ་བའམ།   ཡང་ན་དེ་ལས་ལྷག་པའི་སློབ་གསོ་མྱང་རྒྱུ་དེ་རང་ཡིན་ཏེ།   གསལ་བོར་བཤད་ན་མ་འོངས་པའི་དུས་སུ་ཁྱོད་ནི“གཞན་ཕན”བསམ་མཁན་གྱི་བུ་ཕོ་ཞིག་ཏུ་འགྱུར་རྒྱུའི་རེ་བ་དེའོ། །
        “གཞན་ཕན”གྱི་ལྟ་བ་ནི་ཟབ་ཅིང་རྒྱ་ཆེ་བའི་བོད་ཀྱི་རིག་གནས་ཀྱི་སྙིང་བོ་སྟེ།   ད་ལྟའི་སྤྱི་ཚོགས་ཀྱི་ནད་ཡམས“རང་ཕན”དང་ཁ་གཏད་དུ་འགྲེང་ནས་ཡོད་པ་ཞིག་རེད།   ལྟ་བ་དེའི་སྒྲོམ་གཞིའི་ནང་འགྲོ་བ་མིའི་རིགས་ཁོ་ནར་ཕན་པར་སྐུལ་བ་ཙམ་མ་ཡིན་པར།   “རིགས་དྲུག”སེམས་ཅན་ཡོངས་ལ་ཕན་པའི་ལས་བསྒྲུབ་དགོས་པའི་རིག་གནས་མ་ལག་ཁ་ཚང་ཞིག་གཏན་ལ་ཕབ་ཡོད་པས།  བློ་གཤོག་འདི་ལས་ཆེ་བ་དང་རིན་ཐང་འདི་ལས་མཐོ་བའི་རིག་གནས་ཤིག་འཇིག་རྟེན་དུ་མིག་སྟོང་སྤྲུལ་ནས་བཙལ་ཀྱང་རྙེད་རེ་རྐན།   དེ་ཡང་མཁས་པ་འགའ་རེས“བོད་ཀྱི་ཡི་གེ་ནི་གསེར་གྱིས་བྲིས་པའི་ཡི་གེ་ཡིན”དེ་འདྲ་གསུངས་ཡོད།   འདི་ནི་དགོན་སྡེ་ཁག་ལ་མཇལ་སྐོར་དུ་ཕྱིན་དུས་དེ་སྔོན་མཐོང་མྱོང་བའི་གནའ་དཔེ་དག་ཁོ་ན་བསྟན་པ་མ་ལགས་པར།   གོང་གསལ་བོད་ཀྱི་རིག་གནས་ཀྱི་རྩ་བའི་རིན་ཐང་དེ་རིན་ཆེན་གསེར་ལས་ཀྱང་དཀོན་པར་དམིགས་ནས་གསུངས་པ་གོ་བར་གྱིས།
        དེ་འདྲའི་རླབས་ཆེན་གྱི་རིག་གནས་ཤིག་དྲག་ཆར་རླུང་ཚུབ་གང་མང་བརྒྱུད་དེ་ད་ནི་སྐྱ་ཟད་སྔོ་ཐུག་དང་རྒས་གཅོང་ཉམ་ཐག་གི་མཐའ་ལ་སླེབས་པར་ཉེ་སྟེ།  ལྷག་པར་ཁོར་ཡུག་གི་ཚ་གཅུན་དྲག་པོས་བཙིར་གནོན་དང་རང་ངོས་ཀྱི་ཤེས་མེད་སྣང་བྲལ་གྱི་འཐོམ་སྦྲིད་ལས།   མེས་དབོན་བར་དུ་ལོ་ཙཱ་དགོས་པ་ནི་ཁྱོད་ཀྱི་ཆུང་དུས་ཀྱི་རྩེད་གྲོགས་ཚོའི་སྟེང་ནས་ཀྱང་མཐོང་ཐུབ་པ་ཡིན།   ཆོས་གཞུང་ཁག་ཏུ“རང་ཉིད་རང་གི་མགོན་ཡིན་གྱི།།   གཞན་ལྟ་སུ་ཞིག་མགོན་དུ་འགྱུར”ཞེས་གསུངས་ཡོད་པ་ལྟར།  ད་ནི་རང་མི་རིགས་ཀྱི་སྐད་དང་ཡི་གེར་མཚོན་ནའང་།  མགོ་དགུ་ལག་དྲུག་ཐོགས་པའི་སྐྱབས་དང་སྐྱོབ་པ།   མགོན་དང་དཔུང་གཉེན་མཐུ་བོ་ཆེ་ཞིག་མཁའ་ནས་དབབ་རྒྱུ་མེད་ལ།   ས་ནས་ཡང་སྐྱེ་རྒྱུ་མེད་པས།   སྐྱོབ་མཁན་ཞིག་ཡོད་དགོས་ན་ང་ཚོའི་མི་རབས་འདི་ཡིན་ལ།   སྲུང་མཁན་ཞིག་ཡོད་དགོས་ཀྱང་ང་ཚོ་མི་རབས་འདི་ལས་འདའ་ས་མེད།  དེ་བས་ཁྱོད་ཀྱིས་དུས་རྒྱུན་སེམས་སུ་འཛིན་རྒྱུ་ཞིག་ནི།  ང་ཚོ་མི་རིགས་ལ་མཚོན་ན་སྐད་དང་ཡི་གེ་ནི་ཡོད་ཚད་ཀྱི་རྩ་བ་ཡིན་པར་བརྟེན།   འཆི་བ་སྲོག་ལ་གཏུགས་ཀྱང་རང་གི་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་སྲུང་སྐྱོང་བྱ་དགོས་པ་དེའོ། །
        སང་ཉིན་ནས་བཟུང་།  སྐྱེས་སྟོབས་ཀྱི་དཔལ་འབར་བའི་བུ་ཆུང་ཁྱོད་ཀྱང་འུ་བཟའ་མི་གསུམ་པོས་གྲོས་རྔ་བསྡུམས་པ་བཞིན་བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོང་བྱེད་མཁན་གྱི་དཔུང་སྡེའི་ནང་དངོས་སུ་ཞུགས་པ་ཡིན་ལ།   འུ་བུ་ཅག་གིས་ཨ་ཡེའི་ཞལ་ཆེམས་དྲོད་མ་ཡལ་བར་དེ་ཡང་དངོས་འབེབས་བྱེད་ཐུབ་སོང་བ་ཡིན།   འདིར་ཁྱོད་ཀྱིས་ཤེས་རྒྱུ་ཞིག་ལ་རང་འགྲོ་སའི་དཔུང་སྡེ་དེའི་གྲོགས་པོ་མཐའ་དག་ནི་རབ་ཡངས་ཁོད་སྙོམས་ཀྱི་འབྲོག་པའི་རྩྭ་ཐང་དང་རི་མཐོ་ལུང་ཟབ་ཀྱི་རོང་བའི་ཡུལ་སྡེ་ནས་ཡོང་བ་སྟེ།   ཁོ་ཚོ་ནི་ཕ་མ་བྱང་ཆུབ་སེམས་དཔའ་མང་བོའི་སློབ་གསོའི་གྲིབ་བསིལ་སྣུམ་པོའི་འོག་འཚར་ལོངས་བྱུང་བའི་བོད་པའི་གཅེས་ཕྲུག་རྐྱང་རྐྱང་ཡིན་པས་ན།  ཆུང་དུས་ནས་ཨ་མ་དང་མ་ཎི་མཉམ་དུ་ཤེས་མཁན་དག་ཡིན་པར་མ་ཟད།   ཁོར་ཡུག་གི་དབང་གིས་ཡ་རབས་དང་རྣམ་དག   གཞུངས་བཟང་།  ལྷད་མེད།   ཞི་དུལ།   བག་ཡོད།  ཚུལ་ལྡན།  ཁེངས་སྐྱུངས་སོགས་རྒྱན་གྱི་འཁོར་ལོ་མི་ཟད་པས་འཆིང་བའི་སྤུན་མཆེད་ཀྱི་ཚོགས་རྒྱ་ཆེན་པོ་ཞིག་ལགས་ན།   ངེས་པར་མ་རབས་དང་པྲ་ཆལ།   བསམ་ངན།  ཁེངས་རློམ།   གཡོ་སྒྱུ།   བག་མེད།  ཚུལ་མིན།   ང་རྒྱལ་བཅས“རང་ཕན”གྱི་ཁོར་ཡུག་ནས་རྒྱུད་ལ་གོས་པའི་དྲི་མ་བཙོག་པོ་ཅི་ཡོད་ཆུ་ནག་གི་བཀྲུ་བ་དང་ཆུ་དཀར་གྱིས་བཤལ་བའི་ཆར་ཅི་ནུས་གང་ཐུབ་ཀྱིས་བརྩོན་དགོས།
        བརྩོན་པ་བསྐྱེད་ཚེ་འཇིག་རྟེན་དུ་མི་འགྲུབ་པའི་བྱ་བ་ཅི་ཡང་མེད་དེ།  གོང་གསལ་བསམ་སྦྱོར་གྱི་ཐིག་ཤིང་སྲོང་བར་སེམས་གཏིང་ནས་ཧུར་ཐག་འབད་ཐག་བྱེད་དགོས་པའི་མཚུངས་སུ།   ཤེས་བྱ་རིག་པའི་གནས་ལ་འཇུག་པར་ཡང་དེ་ལས་ལྷག་པའི་བརྩོན་པ་བསྐྱེད་དགོས།
        འཛམ་གླིང་མི་རིགས་སོ་སོའི་ཁྲོད་ཀྱི་རླབས་ཆེན་མི་སྣ་སུ་ཡིན་ཡང་བརྩོན་པའི་ཤུགས་ལ་མ་བརྟེན་པར་གླིང་དུ་གྲགས་པ་མེད་ཚུལ་ཀུན་གྱིས་ཤེས་གསལ་ཏེ།  ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཚོན་ནའང་དེ་ལྟར་ཡིན།  ཁོང་གིས་བསླབ་ལ་བརྩོན་པའི་དུས་སུ་སྨྱོན་པའི་བརྟུལ་ཞུགས་བཟུང་བ་དང།  ལས་ཀར་འཇུག་པའི་ཚེ་ན་མི་དྲག་གི་བཟོ་ཟོལ་མེད་དུ་མངོན་པར་མཛད་པས་ན།   ཀུན་གྱིས་ཁོང་ལ་གདེང་འཇོག་བྱེད་དུས“སྨྱོན་པ་བཞིན་དུ་སློབ་སྦྱོང་བྱེད།  །མི་དྲག་ནང་བཞིན་ལས་ཀར་བརྩོན”ཞེས་གང་སར་བསྒྲགས་སོང་བ་མ་ཡིན་ནམ།   བོད་ལ་མཚོན་ནའང་བསླབ་ལ་བརྩོན་པའི་སྲོལ་རྒྱུན་བཟང་བོ་དེ་གྲ་མ་ཆག་ཅིང་གྲུ་མ་ཉམས་པར་མི་རབས་ནས་མི་རབས་སུ་བརྒྱུད་ནས་ཡོང་ཡོད་དེ།   སྔོན་བྱོན་མཁས་པའི་གསུང་ཚིག་ཁག་ཏུ“གཞུང་ཆེན་རི་ལ་འཛེག་པའི་ལམ་ནི་བརྩོན་འགྲུས་ཡིན།  །རིག་པའི་རྒྱ་མཚོ་བརྒལ་པའི་གྲུ་ནི་དཀའ་སྤྱོད་རེད”ཅེས་གསལ་བོར་བསྟན་ཡོད་ལ།  དཀའ་བ་སྤྱོད་པ་དང་བརྩོན་འགྲུས་སྐྱེད་པ་ནི་རང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་བྱེད་སྤྱད་ཀྱི་ཐབས་ལམ་ཉག་གཅིག་ཏུའང་གྱུར་ཡོད་པ་རེད།  ཚུལ་དེ་ཨ་ཕ་སོགས་ནུབ་བྱང་མི་རིགས་སློབ་གླིང་དུ་ཡོད་དུས་རྒན་དོར་ཞི་ཚང་གི་ངག་ལས་ཀྱང་རྒྱུན་དུ་ཐོས་མྱོང་ལ།   ཁོང་གི་གསུང་ནི་ཁ་གསལ་ཞིང་གོ་བདེ་བ་ཅན་ཏེ“ཤེས་རབ་ཅན་གྱིས་རྡུལ་གཙུབས་ཤིང་།  །བརྩོན་འགྲུས་ཅན་གྱིས་རི་ཡང་ཕུག”ཅེས་པ་དེ་རེད།  གསུང་ཚིག་སྔ་ཕྱི་གང་ཡིན་རུང་དོན་གྱི་སྙིང་བོ་ནི་ཤེས་བྱ་ཡོན་ཏན་ཁོང་དུ་ཆུད་པར་བརྩོན་འགྲུས་བསྐྱེད་པ་སྟེ།    ཕལ་སྐད་ཀྱིས་བརྗོད་ན་དཀའ་སྤྱད་སྡུག་རུས་བྱ་དགོས་ཞེས་པ་དེའི་སྟེང་དུ་བབས་ཡོད་པ་ཡིན།   ཚུལ་དེ་ཆུང་དུས་ནས་ཨ་ཕས་ཁྱོད་ལ“སློབ་སྦྱོང་སློབ་སྦྱོང་ཡང་སློབ་སྦྱོང”ཞེས་རྒྱ་ཡིག་བོད་ཡིག་གཉིས་ཀའི་ལམ་ནས་ལན་མང་བཤད་ཅིང་བྲིས་མྱོང་བ་དེ་ལགས་པས།   ཁྱོད་ལ་སུན་སྣང་སྐྱེས་སྲིད་ཀྱང་།   གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་དོ་དགོང་ཡང་ལན་གཅིག་བཟློ་དགོས་བྱུང་།
        དེ་ཡི་འཕྲོས་སུ་ཆེས་མཉམ་འཇོག་གམ་དང་དོད་བགྱི་དགོས་པ་ནི“མཐུན་སྒྲིལ”ཏེ།   བོད་ཕྱི་རབས་པ་དག་ལ་ཆ་བཞག་ན་དེ་ནི་ཆེས་གལ་ཆེ་བ་ཡིན།   རྒྱ་ནག་པ་ཚོས“ཁྱིམ་ནང་འཆམ་ཚེ་དོན་ཀུན་དར་བར་འགྱུར”ཞེས་སྨྲ་བར་བྱེད་དེ།  མི་རིགས་ཤིག་ལ་མཚོན་ནའང་ནང་ཁུལ་གྱི་མཐུན་སྒྲིལ་ཡོད་ཚེ་རང་བཞིན་གྱིས་དར་བའམ་འཕེལ་རྒྱས་ཀྱི་ལམ་བུར་ཞུགས་འགྲོ་ངེས།   ཉེ་བའི་ལོ་འགའི་ནང་བོད་ཁུལ་དུ་དེ་ཉིད་བརྗོད་སྙིང་དུ་བྱས་པའི་གླུ་དབྱངས་ཇེ་མང་ལ་འགྲོ་བཞིན་ཡོད་ཅིང་།   ཁྱོད་ཀྱང་གླུ་དབྱངས་དེའི་རིགས་ལེན་པར་དགའ་བའི་ཆར་ཕ་མ་གཉིས་ཀ་སྤྲོ་བས་ཁེངས་ཡོད།   ཡིན་ནའང་།  དེ་ནི་ངག་ཐོག་ཏུ་བླངས་པ་ཙམ་གྱིས་མི་ཆོག་པར།   གཙོ་བོ་སྤྱི་ཚོགས་ཀྱི་འབྲེལ་འདྲིས་ཁྲོད་དངོས་སུ་སེམས་ངོར་སྦྱོར་རྒྱུ་གལ་ཆེ།   སློབ་གྲྭའི་ནང་ཁྱོད་དང་དགེ་རྒན་བར་དང་དོ་དམ་པའི་བར།   སློབ་གྲོགས་བར་དང་ཕོ་མོའི་བར་ཏེ།  ཡོད་ཚད་ལ་སེམས་ཕུལ་ནས་མཐུན་སྒྲིལ་བྱེད་པར་སྒོ་ཀུན་ནས་འབད་དགོས།  དེ་ལྟ་མིན་ཚེ་མཐུན་སྒྲིལ་གྱི་རྒྱབ་ཕྱོགས་སུ་ལངས་ཡོད་པ་ནི“གཏོར་བརླག”ཅེས་པའི་ཡིག་འབྲུ་གཉིས་ཏེ།   ཡིག་འབྲུ་དེ་གཉིས་དར་དུ་ཕྱར་བའི་མིའང་སྤྱི་ཚོགས་སུ་གང་མང་མང་མཐོང་རྒྱུ་འདུག   མི་དེ་དག་ནི“རང་ཕན”ཁོ་ན་བསམ་མཁན་ཡིན་པར་བརྟེན།   ཚོགས་པ་ཞིག་གི་ནང་དུ་གཅིག་གཉིས་རེ་ཡོད་ཚེ་བོད་ཀྱི་གཏམ་དཔེ་རུ“འོ་མའི་རྒྱ་མཚོའི་ནང་དུ་ཁྲག་གི་ཐིགས་པ་འཕེན”མཁན་དུ་གྱུར་ཏེ།    རིང་བོ་མི་ལོན་པར་མཐུན་སྒྲིལ་འོ་མའི་ཁ་དོག་དམར་པོ་ཁྲག་གི་ཁ་དོག་ཏུ་བསྒྱུར་པར་ངེས་ལ།   ལེགས་ཚོགས་རྩིག་པ་ཇི་སྙེད་ཀྱི་རྩ་བ་དོང་དུ་ཕབ་ནས་རང་གཞན་གཉིས་ཀ་ཐལ་ཕུང་དུ་བཟོ་བར་བྱེད་པས་ན།  དེ་འདྲའི་དྲན་ཚུལ་ཡིད་ལ་ཤར་བ་ཙམ་ནས་མཐའ་སྐྲོད་དང་འབུར་འཇོམས་ལ་ཆུང་དུས་ནས་གོམས་པར་རིགས་སོ།།
        དེ་ལས་ཀྱང་གལ་ཆེན་དུ་འཛིན་དགོས་པ་ནི“དྲང་བོ་དྲང་བདེན”དང“རང་ཚུགས་རང་སྲུང”བྱ་བར་མི་ཚེ་མགོ་གང་ལ་འབད་ཅིང་བརྩོན་རྒྱུ་དེ་ཡིན།   བོད་ཀྱི་བསྟན་བཅོས་ཁག་ཏུ་སྔ་མའི་ཆ་ལ“དྲང་བོས་གཞུང་བསྲངས་ན་སྒོ་ངས་རྟ་ཁྱོགས”ཞེས་གདེང་འཇོག་ཚད་མཐོན་པོ་གནངས་ཡོད།    དེ་ནི་ད་ལྟ་གཞུང་ཕྱོགས་སུ་བསྒྲགས་པའི“དངོས་ཐོག་བདེན་འཚོལ”ཞེས་པ་དང་།   དམངས་ཕལ་བའི་སྐད་དུ“དྲང་གཏམ་དྲང་བཤད”ཅེས་པ་དང་ཆེས་འདྲ་བ་ཡིན།  དེའི་ནང་དོན་ནི་མི་ཞིག་ལ་མཚོན་ན་སྐད་ཆ་བདེན་པ་བཤད་པ་དང་ལས་ཀ་དྲང་བོ་ལས་དགོས་ཞེས་པ་རང་རེད།   འདི་ནི་མེས་པོ་གོང་མ་ལས་བརྒྱུད་པའི་སྲོལ་རྒྱུན་ཡག་པོ་ཡིན་པས།   མི་ཡི་ཀུན་སྤྱོད་ཀྱི་ལྗོན་པར་བཟང་བོའི་རྩ་བ་རྒྱས་བྱེད་ཀྱི་ས་གཞི་ཡིན་ལ།    “གཞན་ཕན”གྱི་ལས་གང་རུང་རྩོམ་པར་འཇུག་པའི་འཇུག་ངོགས་དམ་པ་ལགས་པར་མ་ཟད།   “རྐུན་དང་རྫུན་ལ་གཅིག་ཞུགས་པའི།  །མི་དེར་རྟག་ཏུ་དོགས་པ་སྐྱེ”སོགས་འགོག་པའི་ལྕགས་རིའང་ཡིན་པར་བརྟེན།    “རྫུན”སོགས་སྨྲ་བ་སྒོ་ཀུན་ནས་བཀག་སྟེ།  དྲང་བདེན་གྱི་ལམ་ཁ་ཇེ་ཡངས་སུ་གཏོང་བར་བློ་གྲོས་གྱི་འཇུག་པ་མི་དམན་པར་ཞུ།
        ཡང་ཕྱི་མ“རང་ཚུགས་རང་སྲུང”ལ་མཚོན་ན་མི་ཚེའི་མཐར་ཐུག་གི་རེ་བ་ཡིན།  དེ་ལ་ནང་དོན་གཉིས་ཙམ་འདུས་པར་སེམས་ཏེ།  གཅིག་ནི་རང་ཚུགས་ཡོད་པར་བྱེད་པ་སྟེ།   ད་ལྟ་དར་སོ་ཆེ་བའི་སྐད་དུ་བརྗོད་ན“སྒལ་ཚིགས་ཡོད་དགོས”ཞེས་པ་དེ་རེད།   མི་ཚེ་འདིར་དཔེ་བླངས་ན་ང་ཚོ་སྐྱེས་ས་ནི་བོད་གངས་རི་རྩེ་དགུའི་ཡུལ་ལྗོངས་ཡིན་ལ།   རིགས་རུས་ཀྱི་ཆ་ནི་གདོང་དམར་བོད་པའི་རྒྱུད་པ་ཡིན།   ཆུང་དུས་ནས་བོད་ཡུལ་མཐོ་སྒང་གི་རི་ཆུ་ནགས་གསུམ་དང་དེ་ལས་བྱུང་བའི་ཟས་ནོར་ལོངས་སྤྱོད་ཀྱིས་ལང་ཚོ་བསྐྱེད་པས་ན།  བོད་ལ་ཕན་པའི་ལས་ཀ་ཞིག་ཡིན་ཚེ་སྔོན་དུ་མཆོངས་ནས་འགྲུབ་རེག་བར་དུ་ཤི་འཐམ་རོ་འཐམ་བྱེད་དགོས་པ་དང་།  བོད་ལ་གནོད་པའི་བྱ་བ་ཞིག་ཡིན་ཚེ་ཕྱི་རུ་བསྒྱངས་ཅི་ཐུབ་ཀྱིས་གཏན་འགོག་ཡོང་བར་ཤི་འཐམ་རོ་འཐམ་བྱེད་དགོས་པ་དེའོ།  །རང་ཚུགས་དེ་མེད་ཚེ་སྒལ་ཚིགས་ཆག་སོང་བ་དང་གཉིས་སུ་མེད་པས་མི་གྲལ་དུ་སྡོད་པ་ཕར་ཞོག     ཁྱི་གྲལ་དུའང་ཆུད་དཀའ་བའི་གནས་སུ་གྱར་འགྲོ།    ནང་དོན་གཉིས་པ་ནི་རང་ཚུགས་ཡོད་པ་ཙམ་ཁོ་ནས་མི་ཆོག་པར།  དུས་དང་རྣམ་པ་ཀུན་ཏུ་དེ་ཉིད་ཡང་དག་པར་བརྟན་སྲུང་བྱ་རྒྱུ་རང་ངོ་།  །གཞོན་དུས་རང་ཚུགས་ཡོད་པའི་བུ་ཕོ་གང་ཞིག    ཐོབ་དང་གོ་ས།   མཚན་དང་སྙན་གྲགས།    རྒྱུ་དང་ལོངས་སྤྱོད་བཅས་ཀྱི་བསླུ་བྲིད་འོག    རྐང་འདྲུད་ཤོར་ཏེ་རང་ཚུགས་འཆོལ་བ་མོད་པོ་མཐོང་དུ་ཡོད་དེ།  དེ་དག་ཀྱང་རྒྱུ་མ་ཕུ་འདེད་བྱས་ཚེ་སེམས་ཀྱི་བཙན་ས་རུ“གཞན་ཕན”གྱི་དར་དཀར་ལོག་སྟེ“རང་ཕན”གྱི་དར་ནག་བསྒྲེངས་པ་ལས་བྱུང་བས་ན།   ཨ་ཕའི་རེ་བ་མཐའ་དག་གཅིག་ཏུ་དྲིལ་ཚེ།   ཁྱོད་ནི་ཀུན་སྤྱོད་ལེགས་ཤིང་ཤེས་བརྩོན་ཟུང་དུ་སྦྲེལ་ལ།   མཐུན་སྒྲིལ་ཆེ་བར་མ་ཟད།   རང་ཚུགས་ལྡན་ལ་དེ་སྲུང་ནུས་མཁན་ཏེ།   མི་ཚེ་ཧྲིལ་པོ“གཞན་ཕན”གྱི་ལས་སུ་ཟད་འགྱུར་གྱི་སྐྱེས་བུ་མཚན་ཉིད་དང་ལྡན་པ་ཞིག་ཏུ་འགྱུར་རྒྱུ་དེ་ཡིན།
        ཕ་མ་ག་འདྲ་ཞིག་ཡིན་ཡང་།  རང་གི་བུ་ཕྲུག་ལ་རེ་བ་མཐོ་དམའ་ཅི་རིགས་བཏོན་ཆོག་ཆོག་ཡིན།   ཡིན་ནའང་རེ་བ་མངོན་འགྱུར་དང་སྟོང་ཟད་དུ་གཏོང་མིན་གཙོ་བོ་བུ་ཕྲུག་དག་ལ་རག་ལས་པས།  ཁྱོད་ཀྱི་ཕྲག་ལ་འབབ་བཞིན་པའི་འགན་འཁྲི་ནི་ཅི་འདྲའི་ལྕི་བ་ལ་ཨང་།    འོན་ཀྱང་ཕ་མ་གཉིས་ཀ་ཁྱོད་ལ་ཡིད་ཆེས་ཀྱི་ཁེངས་ཡོད།   ཁྱོད་ཀྱི་ཤེས་རབ་དང་ཁྱོད་ཀྱི་བརྩོན་སེམས།    ཁྱོད་ཀྱི་གཞུངས་བཟང་སྟེ།   ཡོད་ཚད་ཀྱི་ཆ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།   ཡིད་ཆེས་ཀྱིས་ཁེངས་ངེས།
        ཤེས་མིན་ཚོར་མིན་གྱི་བར་དུ།  ད་ནི་ནམ་ཡང་གསལ་ལ་ཉེ་འདུག  ཨ་ཕའི་ཕ་ཡུལ་དུ་འགྲོ་སའི་ལམ་ཁའི་གློག་བཞུ་མཐའ་དག་སྔར་ལྟར་ཁྲ་ཆིལ་དགུ་ཆིལ་དུ་བདོག    གཉིད་ཀྱི་རྨུ་གབ་ཟེར་བར་ཡང་གཞི་ནས་ནུས་པ་ཐོན་བཞིན་པ་འདྲ་སྟེ།   ཨ་ཕའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ཕྱོགས་ཀུན་ནས་བཟུང་སྟེ་གླལ་སྒྱིང་བར་མེད་དུ་བྱ་དགོས་བྱུང་།    ཕྱོགས་ཀྱི་ཁང་རྩེག་ལས་ཀྱང་བརྩོན་བསྲིས་ཅན་གྱི་ཁྱིམ་བདག་འགའ་རེས་སྔ་ཕྱིར་སྒེའུ་ཁུང་གསལ་ལེར་བཏང་སོང་བས།    ངས་གཞི་ནས་དཔེ་ཁང་གི་གློག་འོད་གཟིམས་ཏེ་རྐང་འཇབ་ལག་འཇབ་ངང་ཁྱོད་ཀྱི་མལ་ཐུལ་ནང་དུ་འཛུལ་བ་ཡིན།   
        སྙིང་གི་བུ་ཆུང་ལགས།   ཁྱོད་ལ་ཤེས་རབ་འཕེལ་བར་ཤོག   ཁྱོད་ལ་རང་ཚུགས་ལྡན་པར་སྨོན།

2013ལོའི《བོད་ཀྱི་སློབ་གསོ》དེབ་དང་པོ་ལས་བདམས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1