ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་9ཚེས་10ཉིན། མོང་གོལ་རྒྱལ་ཁབ་ཀྱིས་དེ་སྔོན་ཞལ་འདེབས་བརྒྱབ་པའི་ལུག་ཁྲི་3འབྱོར་རྒྱུ་རེད། ཚོང་ལས་པུའུ་ཡ་གླིང་སིའི་འགན་འཁུར་བས་ཚེས་10ཉིན་ངོ་སྤྲོད་བྱས་དོན། མོང་གོལ་ཕྱོགས་ཀྱིས་ཀྲུང་གོར་ཞལ་འདེབས་རྒྱག་པའི་འདུན་པ་བསྟན་རྗེས། ཚོང་ལས་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་དང་ལེན་ལས་དོན་གྱི་ཇུས་འགོད་བཟོས་པ་ཡིན། ཉེ་ཆར། ཀྲུང་གོ་ཕྱོགས་ཀྱི་སྔོན་བཤེར་ཕྱུགས་རིགས་སྨན་པ་དང་ལག་རྩལ་མི་སྣ་མོང་གོལ་ལ་བསྐྱོད་ནས་ལས་ཀ་གྲ་སྒྲིག་བྱེད་བཞིན་ཡོད། མོང་གོལ་རྒྱལ་ཁབ་ཀྱིས་ཞལ་འདེབས་བརྒྱབ་པའི་ལུག་ལོགས་བཀར་དང་དགོས་ངེས་ཀྱི་རིམས་ནད་ཞིབ་བཤེར་བྱས་རྗེས་སུ་ཀྲུང་གོ་ཕྱོགས་ལ་སྤྲོད་རྒྱུ་རེད།
འགན་འཁུར་བ་དེས་མོང་གོལ་རྒྱལ་ཁབ་ཀྱིས་ཀྲུང་གོར་ལུག་ཁྲི་3ཞལ་འདེབས་བརྒྱབ་ཡོད་པ་དེས་མོང་གོལ་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ལ་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་བྱེད་པ་མཚོན་ཞིང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་མངོན་ཡོད། དུས་མཚམས་ཤིག་རིང་། ཕྱོགས་གཉིས་པོས་ལུག་རྩིས་སྤྲོད་རྩིས་ལེན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
འགན་ཁུར་བ་འདིས་ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པའི་ཇུས་གཞི་ལྟར། ཀྲུང་གོ་ཕྱོགས་ཀྱིས་ནང་སོག་གི་ཨར་ལན་ཧའོ་ཐི་རུ་ལུག་ལ་དགོས་ངེས་ཀྱི་རིམས་ནད་ཞིབ་བཤེར་དང་བཤས་གཏོང་ལས་སྣོན་བྱས་རྗེས། ཧུའུ་པེ་ཞིང་ཆེན་ལ་སྤྲད་ནས་ཞིབ་ཕྲའི་བཀོད་སྒྲིག་བྱ་རྒྱུ་དང་། ཚོང་དོན་པུས་མོང་གོལ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མོང་གོལ་རྒྱལ་ཁབ་ཀྱི་ཞལ་འདེབས་ལུག་དང་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད་ཅེས་བཤད།
(http://tibet.people.com.cn/15823835.html)