པད་མ་ཚེ་དབང་གིས་མཉམ་ལས་ཁང་དུ་ལུག་ཁྱུ་ལ་ལྟ་བཞིན་འདུག
པད་མ་ཚེ་དབང་ཆུང་དུས་ནས་ཨ་ཕའི་རྗེས་སུ་འབྲངས་ཏེ་ལུག་འཚོ་བ་དང་ཞིང་འདེབས་བཞིན་ཡོད། རྒུ་རུ་གྲོང་ཚོའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་4500ཡོད་སྟབས། ཁོང་གིས་བཏབ་པའི་ས་ཞིང་མུའུ་རེ་ལས་ནས་རྒྱ་མ་500ལྷག་ལས་ཐོན་གྱི་མེད་ལ། གཞན་ད་དུང་ཁོས་དཀའ་བ་ཆེན་པོ་སྤྱད་དེ་རྨོ་འདེབས་བྱས་པའི་པད་ཁའང་དཔལ་རྣམ་རྫོང་དང་བསྡུར་ན་ལེགས་པོ་ཞིག་ཐོན་ཐབས་མེད་པས། དེ་དག་ཚང་མའང་ལུག་ལ་མི་སྟེར་ག་མེད་བྱུང་། དེ་བས། ཁྱིམ་མི་ལྔ་བོའི་འཚོ་བ་སྔར་ལས་ཡག་པོ་ཡོང་ཆེད། ཁོ་ལོ་ལྟར་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་སར་སོང་ནས་གླ་བརྒྱབ་སྟེ་བཙལ་ཏེ་སྒོར་མོ་འཚོལ་གྱིན་ཡོད།
མཉམ་ལས་ཁང་གི་ལུག་ཁྱུ།
“དེ་སྔ་ཞོར་ལས་བྱེད་ས་ནས་ཉིན་གཅིག་ལ་སྒོར་བརྒྱ་རག་གིན་ཡོད་ཀྱང་། རང་ཁྱིམ་དང་ཐག་རིང་བས་རྟག་ཏུ་ལས་ཀ་མི་རྙེད་པ་དང་ཕར་འགྲོ་ཚུར་འོང་ཞིག་བྱས་ནའང་འགྲོ་སོང་ཆེ་བས་དངུལ་མང་པོ་གསོག་མི་ཐུབ། ད་ལྟ་ཇེ་ལེགས་སུ་ཕྱིན་ཡོད་དེ། ཁྱིམ་གྱི་ཉེ་འགྲམ་དུ་ཉིན་ལྟར་ཡོང་འབབ་སྒོར་བརྒྱ་དང་ཉི་ཤུ་ལེན་བཞིན་ཡོད་པ་མ་ཟད། ལས་ཀའང་རྒྱུན་འཇགས་སུ་གྱུར་ཡོད། 2018ལོའི་ཟླ་1པོར། གྲོ་མོའི་སྟོད་སྣ་ཁ་སྐྱིད་གམ་པ་ལུག་གསོ་ཚགས་ཞིང་འབྲོག་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། པད་མ་ཚེ་དབང་དང་གཞན་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་བཞི་དེ་གར་ལས་ཞུགས་བྱས་ནས། མཉམ་ལས་ཁང་གི་ལུག་སུམ་སྟོང་ལྷག་ཙམ་ལ་བདག་སྐྱོང་བྱེད་ཀྱིན་ཡོད།
མཉམ་ལས་ཁང་གི་ལུག་ཁྱུ།
མཉམ་ལས་ཁང་གི་གསོ་ཚགས་རྟེན་གཞིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་900ཡོད་པ་དང་། ད་ལྟ་ལས་མི་15ཡོད་ཅིང་། སྤྱིའི་མ་དངུལ་སྒོར་ཁྲི1200ཚང་མ་རྒྱལ་ཁབ་ཀྱིས་བཏང་བ་ཡིན། པད་མ་ཚེ་དབང་སོགས་མི་ལྔ་ལས་གཞན་པ་ཚང་མས་གྲོང་ཚོའི་ནང་དུ་མཉམ་ལས་ཁང་གི་ལུག་བཞི་སྟོང་ལྷག་ཁ་ཐོར་དུ་གསོ་བཞིན་ཡོད་པས། མཉམ་ལས་ཁང་གིས་རྒུ་རུ་གྲོང་ཚོའི་དུད་ཚང་75ཡི་མི་432ཀྱི་ལས་ཞུགས་ལ་ཐད་ཀར་སྐུལ་འདེད་བྱས་ཡོད་པ་རེད། པད་མ་ཚེ་དབང་གིས་“2018ལོར་མཉམ་ལས་ཁང་གིས་ཁེ་གཙང་སྒོར་ཁྲི་43ཟིན་པས། དུད་ཚང་རེར་ཆ་སྙོམས་སྒོར་2384བགོས་ཤིང་། ན་ནིང་ཁེ་གཙང་སྒོར་ཁྲི་62ཟིན་ནས་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་4700བགོས་ཡོད”ཅེས་བཤད།
གྲོང་ཚོའི་ཡུལ་མིའི་སྡོད་ཁང་།
རྒྱུས་ལོན་བྱུང་བ་ལྟར་ན། གྲོང་མི་ཚོས་ལུག་མ་རྐང་དུ་བཞག་ཡོད་པས། མ་རྐང་འཇོག་ཚད་100%སླེབས་ཡོད་པ་དང་། གཞན་ཡང་མཉམ་ལས་ཁང་གི་མིང་ཐོག་ནས་མིའི་ཐབས་ལ་བརྟེན་ནས་མུའུ་2200ལ་རྩྭ་བཏབ་ཡོད་པས། ལོ་ལྟར་མུའུ་རེའི་ནས་རྩྭ་གསར་པ་རྒྱ་མ་800བསྡུ་ཐུབ་ཅིང་། དེས་སྟོད་སྣ་ཤང་གི་གྲོང་ཚོ་8ཀྱི་ལུག་གསོ་བ་དང་ཁྲོམ་རར་ཕྱིར་ཚོང་བྱེད་པར་སྐུལ་ཁྲིད་བྱས་ཡོད་པ་རེད། པད་མ་ཚེ་དབང་གིས་“ད་ཆ་གྲོང་ཚོའི་ནང་དུ་ལུག་གི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། གྲོང་མི་ཚོའི་ཡོང་འབབ་ཇེ་མང་དུ་ཕྱིན་ཡོད་ཀྱང་། གྲོང་ཚོའི་ནང་དུ་ལུག་རྫིའི་དགོས་མཁོ་ཇེ་ཉུང་དུ་འགྲོ་བཞིན་ཡོད། སྔོན་ཆད་ལུག་10མི་གཅིག་གིས་འཚོ་དགོས་པས། ཆེས་མང་དུས་གྲོང་ཚོའི་ནང་དུ་ལུག་རྫི40ལྷག་ཡོད་མོད། ད་ལྟ་གྲོང་ཚོའི་ནང་དུ་ལུག་རྫིའི་དགོས་མཁོ་མེད་པས། ཐབས་ལམ་སྣ་ཚོགས་སྤྱད་ནས་ཡོང་འབབ་དེ་བས་མང་བ་གསོག་ཐུབ་ཀྱིན་ཡོད”ཅེས་བཤད།