ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་འཕྲིན་ལྟར་ན། ཟླ་9ཚེས་16ཉིན། སོ་ཏི་ཨ་རབ་རིག་གནས་པུའུ་ཤུལ་བཞག་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་དོན། གནའ་རྫས་རྟོག་ཞིབ་རིག་པ་བས་སོ་ཏི་ཨ་རབ་བྱང་རྒྱུད་ཐའེ་པུའུ་ཁེ་ས་ཁུལ་ནས་ལོ་ངོ་ཁྲི་12ལྷག་སྔོན་གྱི་གནའ་མི་དང་སྲོག་ཆགས་ཀྱི་རྐང་རྗེས་རྙེད་པ་རེད། དེ་ནི་ད་ལྟའི་བར་ཨ་རབ་ཕྱེད་གླིང་ནས་རྙེད་པའི་ཆེས་སྔ་བའི་མིའི་རིགས་ཀྱི་ཚེ་སྲོག་ཡོད་པའི་དཔང་རྟགས་ཤིག་རེད།
ཤུལ་བཞག་རིག་གནས་ཨུ་ཡོན་ལྷན་ཁང་གི་དབུ་བཞུགས་ལག་བསྟར་དཔོན་པོ་ཅ་ཞིར· ཧེར་པི་ཧྲི་ཡིས་ཉིན་དེར་ལི་ཡ་ཏེར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྤེལ་བའི་ཐོག་ཏུ། སོ་ཏི་ཨ་རབ་ཀྱི་ཞིབ་འཇུག་མི་སྣ་ཚུད་པའི་རྒྱལ་སྤྱིའི་གནའ་རྫས་རྟོག་ཞིབ་པའི་ཚོགས་པ་ཞིག་གིས་ཐེ་པུའུ་ཁེ་ས་ཁུལ་དུ་གནའ་བོའི་མིའི་རིགས་ལ་གཏོགས་པའི་རྐང་རྗེས་7དང་། ད་དུང་རྔ་མོང་107དང་། གླང་ཆེན་43 སྲོག་ཆགས་གཞན་དག་གི་རྐང་རྗེས་རྙེད་ཡོད། དེ་དང་ཆབས་ཅིག་ད་དུང་འགྱུར་རྡོ་བརྒྱ་ཕྲག་ཁ་ཤས་རྙེད་ཡོད། དེའི་ནང་གླང་ཆེན་དང་གཙོད་ཀྱི་ཀེང་རུས་233ཡོད། ཀེང་རུས་སྟེང་གི་སོའི་རྗེས་ཤུལ་ཞིབ་བཤེར་བྱས་པ་བརྒྱུད། གནའ་རྫས་རྟོག་ཞིབ་རིག་པ་བས་ད་དུང་ཤ་ཟན་སྲོག་ཆགས་ཡོད་པའི་རྗེས་ཤུལ་གསར་རྙེད་བྱུང་ཡོད་ཅེས་བཤད།
ཧེར་པི་ཧྲི་ཡིས། འདི་ནི་ཨ་རབ་ཕྱེད་གླིང་དུ་རྙེད་པའི་ཆེས་སྔ་བའི་མིའི་རིགས་ཀྱི་ཚེ་སྲོག་ཡོད་པའི་དཔང་རྟགས་ཤིག་ཡིན་ལ། ཡུལ་འདིའི་སྐབས་དེའི་རང་བྱུང་ཁོར་ཡུག་དང་སྲོག་ཆགས་སྣ་མང་རང་བཞིན་གྱི་གནས་ཚུལ་ཞིབ་འཇུག་བྱེད་པར་ཁུངས་སྣེ་མཁོ་འདོན་བྱས་པ་རེད་ཅེས་བཤད།
ཧེར་པི་ཧྲི་ཡིས། སོ་ཏི་ཨ་རབ་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་ལས་བརྒལ་བའི་ཕུན་སུམ་ཚོགས་པའི་ཤུལ་བཞག་མང་པོ་ཡོད། གནའ་རྫས་རྟོག་ཞིབ་བྱས་པ་དེས་མི་རྣམས་ཀྱིས་སྔོན་བྱོན་པ་རྣམས་གནའ་བོའི་ཤེས་རིག་ནས་ད་ཆའི་འགྲུལ་བཞུད་ལ་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོད། སྔ་དུས་ཀྱི་མི་རྣམས་ཨ་རབ་ཕྱེད་གླིང་དང་བྱེ་ཐང་ས་ཁུལ་དུ་གནས་སྤོ་བ་དང་གཏན་སྡོད་བྱེད་པའི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་ཆོག་ཅེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། ཤུལ་བཞག་རིག་གནས་ཨུ་ཡོན་ལྷན་ཁང་གིས་མིག་སྔར་གནའ་རྫས་རྟོག་ཞིབ་རྗེས་ཤུལ་མང་པོ་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་ལྟ་སྐུལ་བྱེད་བཞིན་ཡོད་པ་དང་རྗེས་ཤུལ་དེ་དག་མཐར་ཡུལ་སྐོར་བར་སྒོ་འབྱེད་རྒྱུ་རེད། གཞན་ཡང་། སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་ཕྱི་ནང་དུ་གནའ་རྫས་རྟོག་ཞིབ་འགྲེམས་སྟོན་བྱེད་པའི་འཆར་གཞི་ཡང་སྤེལ་བཞིན་ཡོད་པ་རེད།
ཞིབ་འཇུག་འདི་ནི་ཨ་རིའི་《ཚན་རིག་འཕེལ་རྒྱས》དུས་དེབ་ཀྱི་གསར་ཤོས་ཐོག་སྤེལ་ཡོད།
http://tibet.people.com.cn/15824618.html