སྙིང་གི་དབུས་ནས་ཕ་མ་སྤུན་མཆེད་ལ་བཅངས་པའི་རུས་གདུང་དང་། སེམས་ཀྱི་གཏིང་ནས་སྐྱེས་ས་སྐྱེས་ཡུལ་ལ་བཅངས་པའི་ཡུལ་གདུང་། དྲན་པའི་ཀློང་ནས་གངས་རིའི་མི་རིགས་ལ་བཅངས་པའི་རིགས་གདུང་གི་བརྩེ་བའི་འདུན་མ་དྲག་པོ་ཞིག་གིས། ས་ཆེན་པོ་རྐང་པས་འཇལ་ཏེ། ཆགས་ཞེན་དང་སྣང་ཡུལ་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས། ཕྱིར་མིག་དང་འཁྲེང་སེམས་ཀྱི་ཉམས་འགྱུར་ཕྲ་མོ་ཙམ་ཡང་མེད་པར་སློབ་གསོ་ཞེས་པའི་གཟི་བརྗིད་ལྡན་ཞིང་འོད་སྟོང་འབར་བའི་གར་སྟེགས་ཀྱི་ཟབ་ཚད་འདི་འཇལ་ཐེངས་རེར། ཁོ་བོ་ནི་རང་བཞིན་ངང་མཛེས་སྡུག་གི་དབྱིངས་ཆེན་པོའི་བར་སྟོང་ཞིག་ཏུ་ཞུགས་འགྲོ་ཞིང་། བྱིན་རླབས་ཀྱི་ཚན་ཁ་འབར་བའི་ལས་རིགས་འདི་ཉིད་སྨྲ་བསམ་བརྗོད་འདས་ཀྱི་མི་ཚེའི་ནོམ་པ་རྩ་ཆེན་ཞིག་ཡིན་པར་ངེས་ཤེས་སྐྱེ་འགྲོ་མོད། གཞན་དག་ནི་ཅི་ཆ།
བསྡུར་ཐབས་བྲལ་ཞིང་དཀའ་ཚེགས་ཆེ་བའི་རླབས་ཆེན་གྱི་བྱ་གཞག་འདི་ཉིད་དགའ་བས་དང་དུ་ལེན་དུས། གཡག་ལྟོགས་ཀྱིས་རྩྭ་སྔོན་ཟ་བ་ལྟ་བུའི་འདུན་པ་དང་། དབུལ་བོ་ནོར་ལ་ཕྲད་པ་ལྟ་བུའི་དགའ་ཚོར། བྱེས་གྱར་མ་བུ་ལྷན་འཛོམས་བྱུང་བ་ལྟ་བུའི་བདེ་སྣང་སོགས་ཀྱང་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་ཚོར་བ་ནར་མར་འབྱུང་། དེ་བཞིན། བུ་ཡི་བརྩེ་འདང་ཡོད་པའི་སློབ་མ་དག་ལ་ཆེ་རྒྱལ་ཁབ་ཀྱི་སྟོབས་འབྱོར་མངའ་ཐང་ནས་འབྲིང་མི་རིགས་ཀྱི་འཆམ་མཐུན། ཆུང་ཁྱིམ་ཚང་གི་མཐུན་རྐྱེན་ཕྲན་ཚེགས་རྣམས་ཀྱང་གཟུགས་དང་གྲིབ་མ་ཇི་བཞིན་ཕན་ཚུན་སོ་སོར་འགེར་ཐབས་མེད་པའི་བདེན་པ་འཆད་དུས། ང་ལ་གཡའ་དྭངས་ཤིང་མཐོངས་ཡངས་པ། སེམས་བསྐྱེད་ཀྱི་མཁའ་དབྱིངས་གཤགས་པའི་ཁྱུང་ཆེན་ལྟ་བུའི་ངར་ཤུགས་བླ་མེད་ཅིག་ངང་གིས་འཕེལ་བའི་མུར། སློབ་གསོ་ཞེས་པའི་གླེང་གཞི་ལྕི་མོ་དེ་ནི་གུས་པོའི་ཐུང་ཐུང་མི་ཚེ་འདི་ཡི་ཚེ་གྲོགས་དང་། གོམ་གང་མདུན་དུ་སྐྱོད་པའི་ལམ་གྲོགས། མ་འོངས་འཚོ་བར་བཞི་ཤད་འབྲི་བའི་སྨྱུ་གུ་དེའོ་ཞེས་པའི་འདུ་ཤེས་འཇམ་དུང་དུང་ཞིག་ཀྱང་ཞར་དང་ཞོར་ལ་རྒྱུན་པར་སྐྱེས། གང་ལྟར་བདམས་ཟིན་པ་ཞིག་བསྒྲུབ་དགོས་པ་དང་། བཞུད་ཟིན་པ་ཞིག་མཐུད་དེ་རྒྱུན་བསྐྱང་དགོས་པ་ཡིན་པས། ནམ་ཡང་ཁ་དན་ཚིག་ལ་གནས་ཤིང་དྲང་བདེན་བླ་རུ་འདེགས་པའི་ལམ་སྣ་འཁྲིད་མཁན་གཙོ་བོ་དེར་འགྱུར་རྒྱུ་ཞེས་ན་ལབ་ཏུ་སྣང་མོད། ཕྱིར་འོང་བྲལ་བའི་མགྲོན་པོ་ཀུན་གྱི་ཐོག་མ་དེ་ནི་རང་ཉིད་དོ་ཞེས་པ་ནི་རྒྱུན་པར་སེམས་ལ་འཁོར་བ་ཞིག་གོ།
ལུས་ཀྱི་ལེའུ།
ཁོ་བོ་སྒེར་ལ་མཚོན་ན། ཆེས་སྤྱིར་བཏང་བའི་མི་སྐྱ་ཕལ་བ་ཞིག་གི་ཚུལ་དུ་འཇིག་རྟེན་འདིར་ཡོད་ཅིང་།རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་གནང་མཁན་དང་། སློབ་གཉེར་ལས་ལ་མཐུན་རྐྱེན་སྐྲུན་པའི་དྲིན་ཆེན་ཕ་མ། ཤེས་བྱའི་ནུ་ཞོ་ཕངས་མེད་སྦྱིན་པའི་སློབ་དཔོན་དམ་པ་རྣམས་ཀྱི་སྐུ་དྲིན་གྱིས། འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཏུ་བསྐྱངས་ནས་བྱུང་། དེ་ལ་བརྟེན་ནས། རང་ཡང་བརྒྱ་ཚོགས་སྟོང་འདུས་ཀྱི་མི་ཚོགས་ཁྲོད་ནས་མགོ་བོ་གྱེན་དུ་དགྱེ་ཞིང་བྲང་ཁོག་ཕྱི་རུ་ལྡིར་ཏེ། ངར་གྱིས་བགྲོད་ཆོག་པར་བྱས་ཡོད་ལ། དེང་འདིར་སློབ་གསོའི་ལས་རྐང་སྟེང་ལུས་སེམས་བདེ་ལ་བབས་ཏེ་རྒྱལ་ཁབ་ཀྱི་ཕོགས་དངུལ་རེ་ལེན་གྱིན་པ་འདི་ཡང་།
ཁོང་རྣམ་པའི་བཀའ་དྲིན་དང་སྐུ་དྲིན་གྱིས་ཚིམས་པར་གསོས་པའི་དོན་ཁོ་ནའི་དབང་གིས་ཡིན་སྟབས། ཁོང་རྣམ་པར་ལྷག་བསམ་ཧ་ཅང་དག་ཅིང་། དུངས་པ་རབ་ཏུ་ཟབ་མོའི་ངང་ལ། ནམ་ཡང་དད་པའི་སྟོབས་ཀྱིས་མགོ་བོ་ཡང་ཡང་སྒུར་བཞིན་ཡོད།
སློབ་མ་ཚོར་མི་རིགས་ལ་དམིགས་ཏེ་རང་གི་སྐད་དང་ཡི་གེ་སྦྱོང་བ་དང་། རྒྱལ་ཁབ་ལ་དམིགས་ཏེ་རྒྱ་ཡིག་སྦྱོང་བ། འཛམ་གླིང་ལ་དམིགས་ཏེ་དབྱིན་ཡིག་སྦྱོང་བ། སྤྱིར་མ་འོངས་པའི་བྱ་གཞག་ལ་དམིགས་ཏེ་གློག་ཀླད་སྦྱོང་བ་བཅས་ཀྱིས་མཚོན་པའི་རིག་གནས་ཤེས་བྱའི་གཞུང་ཤིང་འཛུགས་སྐྲུན་དང་། ཆེ་བཀུར་ཆུང་བྱམས་དང་ཡ་རབས་གཞུང་དྲང་སོགས་ཀྱི་སྤྱོད་བཟང་དང་ལེན་ལ་ཧུར་ཐག་བྱེད་པའི་བརྩོན་སེམས་སློང་བ་ནི། ང་རང་དགེ་རྒན་ཞིག་ཡིན་པའི་ལྡོག་མེད་ཀྱི་འགན་འཁྲིར་བསམ་བཞིན་ཡོད་ཅིང་། མ་རབས་ཐ་ཤལ་གྱི་བྱ་སྤྱོད་ཡོད་ཚད་རིང་དུ་འདོར་བར་མི་གཤིས་ཀུན་སྤྱོད་ཀྱི་སློབ་གསོ་དམིགས་སུ་བཟུང་སྟེ། ཐོག་མར་རང་གི་འགྲོ་འདུག་སྤྱོད་གསུམ་ཚད་ལྡན་ཅན་དུ་གཏོང་བར་ཐབས་ཤེས་ཀྱི་སྐྱོར་མ་བཙལ་བ་ཡིན་ལ། དེ་ཡང་། རང་གི་སློབ་ཁྲིད་སྐབས་ཀྱི་སྐད་ཆ་དང་ཕྱག་རྒྱ། གྱོན་པ། སྤྱོད་ལམ་མཐའ་དག་ཀྱང་ཀུན་གྱི་སེམས་ལ་འབབ་པ་ནས་བརྩམས་ཏེ། འབད་པ་བརྒྱ་འགྱུར་ལ་བརྩོན་པ་ཡིན། སློབ་གྲྭའི་སྙན་གྲགས་གར་ཡོད་དང་སློབ་གྲྭའི་སྲོག་ཤིང་གང་ཡིན། སློབ་གྲྭའི་ཁ་ཕྱོགས་གར་འཚོལ་སོགས་མཚོན་པའི་སློབ་གསོའི་དམིགས་འབེན་བགྲོ་གླེང་བྱ་དུས། ངས་ནི་རྒྱུན་པར་མི་གཞི་དྲང་བོར་སྲོང་རྒྱུར་དམིགས་པའི་སློབ་གསོའི་ཐབས་ཤེས་ཤིག་ལ་གཞི་བྱས་ཀྱིས་བསམ་གཞིག་བྱས་པ་ཡིན་ཞིང་། མི་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ནས་སློབ་ཁྲིད་སྐབས་ཀྱི་འཛུམ་མདངས་ཀྱི་ཉམས་འགྱུར་དང་། ལག་པའི་ཕྱག་རྒྱ་ཡི་འདེག་འཇོག་གི་མྱུར་བུལ། སྐད་གདངས་མཐོ་དམའི་འགྱུར་ཁུགས་ཀྱི་དྲག་ཞན། ལག་པས་ས་སྨྱུག་འཛིན་སྟངས་ཀྱི་ཆ་སོགས་ལའང་དང་དོད་བླ་མེད་བྱས་པ་ཡིན་ལ། ལུས་དྲང་བས་རྩ་དྲང་། རྩ་དྲང་བས་རླུང་དྲང་། རླུང་དྲང་བས་སེམས་དྲང་ཞེས་པ་ལྟར། མདོར་ན་ན་བའི་གཙེ་བ་དང་ཚ་བའི་སྡུག་བསྔལ་གྱི་མིང་བརྡ་ཡོད་ཚད་རིང་དུ་དོར་ཏེ། གཉིད་བཅག་ཟས་བརྗེད་ཀྱིས་སློབ་ཕྲུག་དག་གི་སང་ཉིན་གྱི་བདེ་སྐྱིད་དེའི་སླད་དུ་ཁོམ་པ་མེད་པའི་སྐྱེ་བ་བླངས་སྟབས། ཡུལ་ཁྱིམ་མི་རྣམས་དང་མཉམ་དུ་ལྷན་འཛོམས་ཀྱི་བཟའ་བཏུང་ཞིམ་པོ་ཞིག་ལའང་སྐྱིད་པོར་ཐེངས་གཅིག་རོལ་བའི་སྐལ་བས་དབེན་པར་གྱུར། སློབ་ཁྲིད་ཚོགས་གྲོལ་ཚུན་ཆད་ཀྱི་དུས་ཚོད་དག་ཀྱང་དགའ་བའི་ལྟད་མོ་མཚར་ཉམས་ཅན་དང་། ཐུན་མོང་མིན་པ་ཅན། ཀུན་ཡིད་འགུག་པའི་སྨོན་ཡུལ་ངོ་མ་ཅན་གྱི་བར་སྐབས་རེ་རེར་སྒྱུར་ཆེད། ཐོ་རངས་བྱ་ཕོའི་སྐད་གསང་དང་མཉམ་དུ་མལ་ལས་ལངས་ཤིང་། མཚན་མོའི་ཟླ་འོད་ཤར་བ་དང་ཆབས་ཅིག་ཕྱིར་རང་ཁྱིམ་དུ་ལོག་པ་དང་།ལས་ཚོགས་ཀྱི་ཅོང་སྒྲ་སང་སང་གྲགས་པ་དང་མཉམ་དུ་སློབ་ཁང་དུ་འཛུལ་ཞིང་། སླར་ཡང་ཅོང་སྒྲ་སང་སང་གྲགས་པ་དང་ལྷན་དུ་སློབ་ཁང་ལས་ཕྱིར་ཐོན་པ་ཡིན་ལ། འདི་ནི་གུས་པོ་ང་ཡི་རྒྱུན་ལྡན་གྱི་གོམས་སྲོལ་འབའ་ཞིག་ཀྱང་ངོ་། ། དེའི་དབང་གིས། གཟབ་ནན་གྱི་ཞོགས་ཀློག་རེ་རེ་དང་། འཆར་ལྡན་གྱི་ནངས་ཀློག་རེ་རེ་སློབ་མ་ཚོ་དང་ལྷན་དུ་རོལ་བཞིན་ཡོད་ཅིང་། གཟའ་ཉི་མའི་སྔ་དྲོའི་དུས་ཚོད་ཐམས་ཅད་ཀྱང་ཁོ་ཚོའི་གྲིབ་གཟུགས་དང་འགྲོགས་ནས་ཕར་ལ་འདས་པར་བྱས། གསོང་པོར་སྨྲས་ན།ཟླ་གནང་དང་དབྱར་དགུན་གནང་ཇི་ལྟར་སྐྱེལ་བའི་དུས་ལ་བསམ་གཞིག་གཏོང་ཐེངས་རེ་རེར་ཡང་། ལས་བྱ་ཅི་ཞིག་བགོ་བའི་སྐོར་ལ་སེམས་ཁྲལ་དང་དོ་ཁུར་གྱི་ཁྲོད་ནས་ཉི་མ་མ་བསྐྱལ་བ་ཞིག་ངོ་མ་ཡོད་མྱོང་མེད་ལ། ལྷག་ཏུ་གཟའ་ཉི་མའི་དགུང་ཚོགས་ཀྱི་དུས་ཚོད་དེ་ལ་མཚོན་ནའང་། སློབ་མས་སློབ་མར་གསབ་ཁྲིད་བྱེད་པ་ནས། གཏམ་བཤད་སྤེལ་བ་དང་ཡིག་གཟུགས་སྦྱོང་བ་དག་མ་ཟད། མལ་ཁང་ནང་ནས་དགོང་མ་རེ་རེར་སྐར་མ་བཅུ་ནས་བཅོ་ལྔའི་བར་དུ་དཔེ་དེབ་གཞན་པར་བལྟ་བ་དང་སྐད་རིགས་གསུམ་གྱི་མིང་བརྡ་གསུམ་རེ་བློར་འཛིན་བྱེད་པའི་དཔེ་ཀློག་གི་གོམས་སྲོལ་བཙུགས་པ་ཡིན་ལ། ཁོམ་སྐབས་ཀྱི་བྱ་བའི་བར་གླགས་རེ་བྱུང་མཚམས་གང་ལའང་དགེ་གྲོགས་དམ་པ་དག་དང་ལྷན་དུ་སློབ་ཁང་སློབ་ཁྲིད་གོང་སྤེལ་སྐོར་ལ་བགྲོ་གླེང་བྱས་པ་ཡིན། འདི་ལྟར། རིག་པའི་གཅེས་ལོར་འབོད་པ་དང་མ་ཡུམ་གངས་ལྗོངས་འཛུགས་སྐྲུན་བྱེད་པའི་སློབ་བུ་རྣམས་དང་མཉམ་ཟ་མཉམ་འཐུང་། མཉམ་ལངས་མཉམ་འདུག མཉམ་ཀློག་མཉམ་སྦྱོང་གིས་དཔུང་བ་གཤིབས་ཏེ། སློབ་གསོའི་ལས་དོན་འདི་ཐོད་རྒལ་དང་གསར་གཏོད་ཉིས་འདུས་ཀྱི་བདག་ཉིད་ཅན་ཞིག་ཏུ་གཏོང་ཆེད། བརྟུན་པ་ཡང་ཡང་བསྐྱེད་ཅིང་འབད་པ་ཤ་ཐང་དུ་བྱེད་བཞིན་པ་ནི། གུས་པོའི་ལུས་ཀྱི་གར་གྱི་སྟངས་སྟབས་ཐོག་མ་ཡིན་ནོ། །
ངག་གི་ལེའུ།
ཕྲན་ནི་རྣམ་ཀུན་ངག་ན་ལེགས་བཤད་མེད་ཅིང་ཚིག་ལ་སྒྱུ་རྩལ་མེད་པའི་ལྐུགས་པ་ཞིག་ཡིན་ན་ཡང་།བདེན་དགེ་མཛེས་གསུམ་གྱིས་གྲུབ་པའི་བརྗོད་བྱ་ཅི་ཡོད་ངག་གི་རྟ་རུ་མ་དྲངས་པ་གཅིག་ཀྱང་མེད་ལ། རྫུན་ངན་བཙོག་གསུམ་གྱིས་སྦགས་པའི་གནས་དང་། ཚོགས་རའི་ཟུར་དང་ངོས་སོགས་གཞོགས་མི་འདྲ་བ་གང་ཡིན་ནའང་། སློབ་གསོ་ཞེས་པ་འདི་སྙིང་ལ་ནར་མར་བཅངས་ཏེ་སྙིང་གཏམ་དྲོན་མོ་ཚ་ལམ་ལམ་ཞིག་དང་། སེམས་གཏམ་དམར་པོ་འོད་ལམ་ལམ་ཞིག་གིས་ཁ་ཏ་བྱས་པ་ཡིན་ཞིང་། ད་དུང་བདེན་གཏམ་དྲོན་མོ་རྐྱང་ལ་བརྒྱུས་ནས་གསལ་གསལ་དག་དག་གི་སྐད་ཆའི་ཞུན་བརྡར་དང་།
གཅོད་མཚམས་ཀྱི་གྲིམ་ལྷོད། སྒྲ་གདངས་ཀྱི་ལྕི་ཡང་།བརྗོད་བྱ་ཡི་སྙིང་པོ་སོགས་འབུར་དུ་ཨེ་ཐོན་ལ་འབད་པ་བྱེད་ཀྱིན་ཡོད། བཤད་དགོས་པའི་གཙོ་ཕལ་གྱི་ཁྱད་ཕྱེ་བ་རྒྱལ་བློན་གྲལ་དུ་བཞུགས་པ་ལྟ་བུ་དང་། སྔ་ཕྱི་དམ་དུ་སྦྲེལ་བ་ཀ་གདུང་གི་འཕལ་ག་འཕྲོད་པ་ཇི་བཞིན་ཡིད་དུ་འོང་ཞིང་། མང་ཉུང་གི་གྲངས་རན་པ་རྡེའུ་ཤོ་མིག་ཏུ་བཀྲམ་པ་ལྟར་དུ་འགྱུར་བ་དང་། བསྒྲུབ་བྱའི་གནད་དཀྱུས་གཅིག་ཏུ་དྲིལ་བ་ཕྲེང་རྡོག་སྐུད་པར་བརྒྱུས་པ་དང་འདྲ་ལ། བརྡ་དག་པས་གསུང་གི་རྗོད་པ་གཙང་ཞིང་།
སྡེབ་ལེགས་པས་སྙན་པའི་འགྱུར་ཁུགས་རྫོགས་པ། གོང་འོག་ཟློས་སྐྱོན་བྲལ་ཞིང་ངོ་མཚར་བློ་འགུག་གི་ཆ་དེ་ལྷང་ལ་འབུད་དགོས་པ་གནད་ཀྱི་དོན་པོར་མཐོང་བ་ལ་བརྟེན། སློབ་གྲོགས་ཀུན་ལ་ཁ་ཏ་སློབ་གསོ་ཚུད་པའི་བརྡ་སྤྲོད་པའི་སྐབས་གང་ལའང་། གཏན་ཚིགས་ཀྱི་གོ་རིམ་གསལ་ཞིང་། བརྡ་སྤྲོད་ཀྱི་ནུས་པ་འབུར་དུ་ཐོན་པའི་སྒོ་ནས་བགྱིས་པ་ཡིན་ལ། རིན་ཐང་གི་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་ནས། འཇིག་རྟེན་ལྟ་ཚུལ་བར་གྱི་དོན་སྙིང་ཡོད་ཚད་ནང་དོན་ཕུན་སུམ་ཚོགས་ཤིང་སྐད་ཆར་འགུག་ཤུགས་ལྡན་པར་བྱས། ཡང་། སློབ་ཕྲུག་གང་དག་བསྟོད་པས་སྐྱོང་སླ་བ་དང་། གང་དག་སྨད་པས་སྐུལ་སྐྱེན་པ། གང་དག་བྱ་དགས་ཚིམས་སླ་བ་དག་ལ་དཔྱད་པ་ཐིགས་མོར་བྱས་ཏེ། ཇི་ལྟར་རྔོ་ཐོགས་པ་དེ་བཞིན་ལག་ཏུ་བསྟར་བ་ཡིན་ལ། འཁྲིད་དགོས་པའི་གཞུང་གི་སྤྱི་ཁོག་མ་ངེས་པ་ཁ་ཐོར་དུ་སོང་བ་ཕྲེང་རྡོག་ས་ལ་ཐོར་བ་ལྟ་བུ་དང་། མི་ཁྲིད་པ་ཁྲིད་པའི་ལྟ་བའི་གནད་ལ་བརྡར་ཤ་མི་ཆོད་པར། ཡིན་མིན་བཅོ་བརྒྱད་ཀྱི་རྗེས་སྙེག་པ་རྔོན་པས་ཕག་རྒོད་བདའ་བ་དང་འདྲ་བས། སློབ་ཁྲིད་དངོས་གཞིའི་སྐབས་ལ་ལྷག་ཏུ་ནན་ནན་ཏིག་ཏིག་དང་གཙིགས་ཆེན་དང་དོད་བྱས་པ་ཡིན། སློབ་བྱོལ་མཁན་དང་རྣམ་གཡེང་ཅན་ལ་མི་ལུས་རིན་ཆེན་རྙེད་པར་དཀའ་ཚུལ་དང་། དྲིན་ཆེན་ཕ་མ་སྙོར་སྐྱོང་ཇི་ལྟར་བགྱིད་ཚུལ། རིག་པ་རྟུལ་བོར་རིགས་ལམ་འབྱེད་པའི་རྣམ་དཔྱོད་ཇི་ལྟར་སྦྱང་ཚུལ་བཅས་ནི། ནམ་དུས་གང་ལའང་ཅི་འོས་བཞིན་བུམ་པ་གང་བྱོ་བྱེད་བཞིན་ཡོད་ཅིང་། སློབ་སྦྱོང་ལ་དཀའ་ཁག་ཆེ་བའི་སློབ་མར་མཚང་མིང་སྣ་ཚོགས་འདོགས་པ་དང་། ལུས་ཆད་གཅོད་པ། གཅར་རྡུང་བྱེད་པ་དག་གིས་མཚོན་པའི་མི་གཤིས་རང་དབང་ལ་ཁྱད་གསོད་གཏོང་བའམ། མ་འོངས་ཕུགས་འདུན་བརླག་པའི་གསོན་པོའི་ནང་གི་ཤི་བོ་ལྟ་བུའི་བྱ་ངན་སྤྱོད་ངན་གྱི་ནག་ཉེས་མཐའ་དག་དྲུངས་ནས་ཕྱུང་བ་དང་། སྙན་གྲགས་དང་ཆོ་ལོ། བཀུར་བསྟི་ཙམ་གྱིས་བཅོས་མའི་རྣམ་ཐར་འབྲི་བར་སྔར་ནས་སྡང་ཞིང་ཡོད་པས། སློབ་ཁྲིད་ཞིབ་འཇུག་ཚད་ལྡན་ཅན་ནས་དེང་རབས་སྔོན་ཐོན་ཅན་གྱི་སློབ་མ་སྐྱོང་ཐབས། རྨང་གཞི་གཏན་ཆགས་ཅན་ནས་བསམ་གཞིག་སྣ་མང་ཅན། ཤེས་བྱ་གཙོ་གནད་ཅན་ནས་གསར་གཏོད་ཐོད་རྒལ་ཅན་གྱི་ལམ་བུ་རེ་རེར་རྟ་ཕོར་ཞོན་ཞོར་དང་། མེ་ཏོག་འཐུ་ཞོར་གྱི་ཐབས་མཆོག་དམ་པ་སྤྱད་དེ་འཆད་ཉན་དང་འབྲི་ཀློག ནོར་འཁྲུལ་ཡོ་བསྲང་། ཟུར་ཁྲིད་སློབ་སྟོན་སོགས་མཚམས་འཇོག་མེད་པར་རྒྱུན་བསྐྱངས། དོགས་གནད་དཔྱད་སྡུར་ཟ་སར་འཕྲུག་པ་ནང་བཞིན་གནད་དུ་ཁེལ་བ་དང་དཀའ་གནད་གསབ་ཁྲིད་འབེན་གྱི་གཟས་སར་ཕོག་པའི་ཟིལ་ཤུགས་ལྡན་པ། སྦྲགས་སྐད་དོར་ཏེ་མི་མངོན་གསང་གནས་ཀྱི་ནུས་པ་སྔོག་འདོན་བྱ་བ། ཤེས་བྱ་འགྲན་སྡུར་གྱི་བྱེད་སྒོ་སྟབས་བདེ་ཙམ་ནས། མེས་པོའི་རིག་གཞུང་རྒྱུན་སྐྱོང་གི་ཕྱོགས་སུ་དམིགས་ཀྱིས་གཞོལ་བ་ལྟ་བུ་ནི། གུས་པོའི་འགྱུར་བ་བཏང་མ་མྱོང་བའི་བྱེད་ཕྱོགས་ཤིག་ཡིན་ལ། སློབ་གྲོགས་ཡོངས་ཀྱི་ནང་རིག་གནས་ཤེས་བྱའི་གཞུང་ཤིང་འཛུགས་སྐྲུན་ནས་ཕྱིའི་འགྲོ་འདུག་སྤྱོད་གསུམ་དང་། འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ་རྣམས་ནི་སློབ་མའི་བསམ་ཕྱོགས་དང་འདོད་འདུན། དགའ་སྣང་།
བརྩེ་ཞེན་སོགས་དགེ་བའི་ལམ་དུ་བཀྲི་བའི་ཐབས་ཤེས་རྨ་མེད་པ་དེ་ཡིན་པས། སློབ་ཕྲུག་མང་པོའི་སེམས་ཁམས་ལེགས་པར་གསོ་སྐྱོང་གིས། འབྱུང་འགྱུར་ཤེས་ལྡན་མི་སྣའི་ལྗོན་དབང་གི་རྩ་བ་ཚུགས་ཤིང་འཕྲིན་ལས་ཀྱི་རྩེ་མོ་རྒྱས་ཏེ། རྒྱལ་ཁ་ཡི་གྲུབ་འབྲས་སྨིན་པར་འབད་འབུངས་བྱ་རྒྱུ་ནི། དགེ་རྒན་ཞིག་གི་མ་མཐའི་རེ་བའོ་ཞེས་འབད་པ་ཤ་ཐང་དུ་བྱས། དེ་ལྟར། ཡོད་ཚད་སློབ་མའི་ཆེད་དུ་འབུལ་བ་དང་། ཐོབ་ཤོར་གང་ཡིན་རང་ཉིད་ལ་བཞག་ཅིང་། རྒྱལ་ཕམ་ཅི་བྱུང་རང་ཉིད་གཅིག་པུའི་ཕྲག་ཏུ་འཁུར་བའི་རྣོ་ལྕགས་ངར་མོ་ལྟ་བུའི་དམ་བཅའ་ནི། གུས་པོས་འདི་ལྟར་བཙོ་སྦྱང་བགྱིས་པ་ཡིན།
ཡིད་ཀྱི་ལེའུ།
གུས་ཕྲན་ཁོ་བོ་རྒྱུད་ན་ཡོན་ཏན་ཅང་མེད་པའི་ཁོག་སྟོང་མིན་པ་ཙམ་ཞིག་ཡིན་ན་ཡང་། འདིར་སྣང་སེམས་ཅན་མཐའ་དག་གི་འདས་མ་ད་གསུམ་དང་སྐྱིད་སྡུག་ལེགས་ཉེས། ཡོང་འབབ་ཚུན་ཆད་ལ་བསམ་ཤེས་དོ་སྣང་བྱེད་བཞིན་ཡོད་ཅིང་། བྱ་གཞག་ཆེ་ཆུང་གང་ཞིག་ཡིན་ཡང་། རང་གི་སེམས་ཀྱི་བཀོད་པའི་གྲས་ལས་ལོགས་སུ་དགར་རྒྱུ་མེད་པ་བདེན་པར་གྲུབ་པས་ན། དེ་ལ་སེམས་དཔང་མཐོན་པོས་བསམ་གཞིག་མཐར་ཆོད་པ་རེ་དགོས་སོ་སྙམ། གུས་པ་རང་གི་ལས་གནས་འདིར་མཚོན་ནའང་།ནམ་ཡང་ངོམ་རིན་ཡོད་པའི་གཟི་བརྗིད་ཆེ་ཤོས་ཤིག་དང་། མགོ་བོ་དགྱེ་ཆོག་པའི་ང་རྒྱལ་ཆེན་པོ་ཞིག སྤྱད་ཀྱང་རྫོགས་མཐའ་བྲལ་བའི་ཡོན་ཏན་དཔག་མེད་ཅིག་ཏུ་རྟག་པར་བསམས་ཤིང་། རྒྱུན་དུ་དེ་ཡི་ངོ་སོ་ཡར་ལ་བསྟོད་ཀྱིན་ཡོད། སྒོས་སུ་ཆེ་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་གོང་སྤེལ་དང་། འབྲིང་མི་རིགས་ཀྱི་ཕྱུག་སྒྱུར་ལས་དོན་མངོན་འགྱུར། ཆུང་ཁྱིམ་ཚང་གི་མཁར་ལས་ཁང་བརྩིགས་ལེགས་འགྲུབ་སོགས་གང་ལའང་སློབ་གསོ་ཞེས་པ་འདི་མེད་ཐབས་མེད་པ་ཞིག་ཡིན་པའི་གནས་ལུགས་ནི་ཡིད་ལ་དམ་པོར་བཟུང་ཡོད་ལ། ལྷག་ཏུ་སློབ་གྲོགས་ཡོད་ཚད་ཤེས་ནུས་རྩལ་གསུམ་རྫོགས་ཤིང་གཞན་དྲིང་མི་འཇོག་པའི་འཛམ་གླིང་གི་ཏོག་དང་སྲིད་པའི་རྒྱན་དུ་ཚུད་པ་ལ། རང་ཉིད་མ་གྲོལ་གཞན་དག་གྲོལ་བ་མེད་པའི་ཆོས་ཉིད་ལྟར། ཐོག་མར་དགེ་རྒན་རང་ཉིད་ལ་ཡོན་ཏན་ངེས་ཅན་ལྡན་ཞིང་གཞན་གཅེས་ཀྱི་བསམ་བློ་མངའ་བ། ཐུན་མིན་ཁྲིད་ཐབས་ལ་བྱང་བ་ཞིག་ཏུ་བརྩོན་པ་ལྷུར་ལེན་གྱིས་སྙིང་སྟོབས་ཀྱི་གོ་ཆ་བསྒོ་བཞིན་ཡོད་ལ། སྤྱི་སེམས་རྩ་བར་འཛིན་པའི་རྨང་གཞིའི་ཐོག་སློབ་ཕྲུག་འདི་རྣམས་ལ་ཕར་བཤད་ཚིག་གི་བརྡ་འཕྲོད་པ་དང་།ཚུར་བཤད་ཚིག་གི་དོན་གོ་དུས་ནས་ཆེ་བར་བཀུར་བསྟི་དང་མཉམ་པར་འགྲོགས་ཤེས། ཆུང་བར་བྱམས་སྐྱོང་།བོས་ན་ཨ་ལན་དང་བཅོལ་ན་ཡ་ལན་ཡོད་པར་གོམས་ཤིང་ལོབས་སུ་འཇུག་པའི་ཐབས་ཤེས་ལ་བློ་བསྒྲིམས་པ་ཡིན། དཔེར་ན། སྒྲིག་འགལ་སློབ་མ་ཡིན་ན་འོས་འཚམ་གྱིས་ཉིན་གཅིག་གི་རེས་མོས་པར་བསྐོ་བཞག་བྱེད་པ་དང་། ཚབས་ཆེ་མཁན་ཚོར་ཁྱིམ་བདག་ལ་འབྲེལ་གཏུག་གོ་བསྡུར་བགྱིས་ནས། དུས་ཐོག་ཏུ་ཐག་གཅོད་བྱེད་པའི་ལམ་ལུགས་བཟོ་བ་སོགས། གང་ལྟར་སྒྲིག་འགལ་གྱི་སློབ་མ་དང་སློབ་སྦྱོང་ལ་ཞན་པའི་སློབ་མ་རྣམས་ཐབས་བརྒྱ་ཇུས་སྟོང་གིས་བསྐྱངས་ཤིང་ཁྲིད་དེ། དོན་ཅི་ཞིག་བྱུང་མཚམས་ལ། སློབ་གྲྭ་ནས་འཕུད་རྐྱང་བྱེད་པའི་སྲོལ་ངན་རྨང་ནས་འདོར་བའི་ཇུས་འཐེན། ཁོ་ཚོའི་མདུན་ལམ་ལ་ཡང་སེམས་ཁུར་རྣལ་མ་བྱས་ཏེ་སློབ་སྦྱོང་གི་མཁའ་དབུགས་བཟང་ཞིང་ཡངས་མོ་ཞིག་ཆགས་སུ་བཅུག་སྟེ། སློབ་ཁང་ནང་ནས་བོད་ཀྱི་སྤྱི་སྐད་བཀོལ་ལ། ཕྱི་ནས་རྒྱ་ཡི་སྤྱི་སྐད་སྨྲ་བ་དང་། སྡོད་ཤག་ཏུ་དབྱིན་སྐད་སྦྱོང་བརྡར་སྤེལ་ཞིང་གོན་པ་ཐམས་ཅད་གཅིག་མཐུན་གྲལ་དག་གིས་གྱོན་པའི་སྲོལ་བཙུགས། དེ་སྔར་འཛིན་གྲྭ་གཅིག་གི་ནང་ནས་སློབ་གྲོགས་གཅིག་རེ་བདམས་ཏེ། བསླབ་བྱ་གཅིག་རེའི་འགྲན་བསྡུར་བྱེད་སྟངས་ལ་ཐོད་རྒལ་བྱས་ཏེ། བསླབ་བྱ་ལྔ་རེར་མཉམ་དུ་འགྲན་རྩོད་བྱེད་པའི་བྱ་འགུལ་སྤེལ་ཏེ། སློབ་གྲོགས་ཐམས་ཅད་ཧྲིལ་གྱིས་མཉམ་ཞུགས་ཀྱང་བྱེད་དུ་བཅུག འཛིན་གྲྭའི་ནང་ཁུལ་ལ་མཚོན་ནས་བཤད་ནའང་། གཏམ་བཤད་སྤེལ་བ་དང་རྩོམ་ཡིག་འབྲི་བ། གླུ་དབྱངས་ལེན་པ། བྲོ་གར་འཁྲབ་པ་སོགས་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་ལ། ཅི་སྒྲུབ་ཐམས་ཅད་ལ་འཇོན་ནུས་སྐྱེད་སྲིང་གི་ཁྱད་ཆོས་ལྡན་ཞིང་། དུས་རབས་གསར་པར་ཁ་ཕྱོགས་པ་དང་། ཁྱད་པར་ཆེད་ལས་དགེ་རྒན་གདན་འདྲེན་དང་སློབ་གྲོགས་ཕན་ཚུན་ཉམས་མྱོང་བརྗེ་རེས་ཀྱིས། ཕན་ཚུན་རམ་འདེགས་བྱེད་པའི་གོམས་སྲོལ་ཡར་ལྡན་དུ་སྤེལ་བར་མ་ཟད། རྩོམ་ཡིག་མྱུར་འབྲི་དང་ཡིག་གཟུགས་གྲལ་དག བརྡ་སྤྲོད་ཚད་ལྡན་གྱི་ཕྱོགས་སུ་འབད་དེ་རྩོམ་ཡིག་གི་དབྱེ་བ་ལྟར། ལེགས་རྩོམ་ཅི་ཡོད་རྩོམ་སྒྲིག་ཁང་དུ་བསྐུར་བ་ཡིན། རྒྱུགས་གཞི་བཟོ་སྟངས་ཀྱང་སྐད་ཡིག་ཤེས་བྱ་ནས། སྐད་ཡིག་བཀོལ་སྤྱོད་ཀྱི་གྲས་སུ་གོམ་པ་མྱུར་སྤོ་བྱེད་པའི་ཆ་རྐྱེན་བསྐྲུན་ཆེད། གཟའ་སྤེན་པའི་སྔ་དྲོར་རྒྱ་བོད་དབྱིན་གསུམ་སྦྱོང་བ་དང་། ཉིན་གུང་ལྭ་བ་བཀྲུ་བ། ཕྱི་དྲོར་རྩིས་དངོས་རྫས་གསུམ་སྦྱོང་བ། རེས་གཟའ་ཉི་མའི་སྔ་དྲོར་ས་ཁམས་དང་ཆབ་སྲིད། ལོ་རྒྱུས་ཀྱི་བསླབ་བྱ་སོགས་ལ་དུས་ཚོད་གཅིག་རེར་སློབ་པ་དང་། ཕྱི་དྲོ་ངལ་གསོ་བྱེད་ཅིང་། དགོང་མོར་བསླབ་བྱ་གཉིས་རེའི་དཀའ་གནད་དགེ་རྒན་ལ་བཀའ་འདྲི་དང་།དོགས་གནད་ཐག་གཅོད་ཀྱི་རྒྱུན་སྲོལ་བཙུགས། གཙོ་གནད་སེམས་འཛིན་གྱི་བྱེད་སྒོ་ཐབས་ཤེས་སྐྱོར་མའི་ངང་ལ་སྤེལ་བ་ཕུད། གུང་གསེང་གི་དུས་སུ་འབྲེལ་ཡོད་དཔེ་ཆ་དང་ཚགས་པར་ཀློག་ཏུ་བཅུག་པ་དང་། གཟེབ་གྲུག་དང་རྐང་གྲུག་ཀྱང་ཆེད་ལས་གཉིས་པར་དམིགས་ཏེ་སྐྱེད་སྲིང་བྱས་པ་ཡིན། ད་དུང་དབྱར་གནང་དང་དགུན་གནང་གི་སྐབས་སུའང་རང་གི་ཆུ་ཚད་སྔར་ལས་འཕེལ་རྒྱས་སུ་བཏང་སྟེ། ཁྲིད་ཐབས་གསར་པ་སྤྱད་དེ་གསབ་ཁྲིད་ཀྱི་ལས་ལ་འབད་པས་ཞུགས་ཤིང་། ལྷག་ཏུ་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོའི་ལག་ལེན་ནང་དོན་དུ་གཉེར་ཏེ།
ཤེས་ཡོན་གྱི་འཇོན་ནུས་སྣ་སྒོ་མོ་ནས་སྤེལ་བཞིན་ཡོད་དོ། །
སྦྱངས་འབྲས་རྩེར་སོན་གྱི་གུས་བརྩོན་སེམས་ཤུགས་ལྷོད་པ་མེད་པར་ཡིད་ལ་དམ་པོར་བཅངས་ཏེ་སློབ་གསོ་གཉེར་ན། སློབ་མར་སུན་སྣང་གི་ཀུན་སློང་ཡེ་ནས་མེད་པར་རང་བཞིན་དུལ་བའི་ངང་ལ་སློབ་སྦྱོང་བྱེད་ཅིང་།
ཁྱིམ་གཞི་ལྟ་བུའི་དྲོད་ཁོལ་ལྡན་པའི་སློབ་གྲྭའི་ནང་དུ་འཚོ་བར་ཁ་དོག་བསྒོས་ཏེ། ཤེས་བྱའི་རྣམ་གྲངས་ཁོད་སྙོམས་སྣ་འཛོམས་ཅན་དུ་འཕེལ་བར་ངེས་ལ། འཆད་རྩོད་རྩོམ་གསུམ་གྱི་གཤིན་ས་ཡངས་པོ་རང་གི་ནུས་པས་ཁ་ལོ་བསྒྱུར་བར་འབད་འབུངས་ཀྱི་སེམས་ཤུགས་སྐྱེད་པར་ངེས། སློབ་མའི་སློབ་སྦྱོང་གི་བཟང་ངན་གྱི་མཐར་ཐུག་དེ་སློབ་ཁང་སློབ་ཁྲིད་སྐབས་སུ་བྱུང་བ་ཁོ་ན་ཞིག་མ་ཡིན་པས། དབྱར་གནང་དགུན་གནང་གི་དུས་ཚོད་དག་ཀྱང་འཕྲོ་ལྷག་ཏུ་མི་གཏོང་བར་གསེར་བཞིན་བེད་སྤྱོད་ཀྱིས་ཟུར་བསྟེན་དགེ་རྒན་བཙལ་ཏེ། ཟུར་ཁྲིད་བྱེད་པ་འདི་ཡང་ཤིན་ཏུ་གལ་ཆེ་བ་ལགས་ཤིང་། དེ་བཞིན་སྒྲུབ་པར་ནུས་ན། འབུམ་རམས་པ་དང་ཤེས་རམས་པ། ལོ་ཙཱ་བ། ལྷ་རྗེ། ཉེན་རྟོག་པ། བཟོ་བཀོད་པ། གཟེབ་གྲུག་པས་མཚོན་པའི་བཟང་པོ་གསུམ་ལྡན་གྱི་རྒྱུགས་འཕྲོད་འཇོན་མི་གང་མང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་འབྱུང་ངེས་པ་ཐག་གིས་ཆོད་ལ། ཀ་ཆེན་ལྟ་བུའི་ཡར་འགྲོ་མི་བུ་རྒྱུན་ཆད་མེད་པར་བསྐྱང་རྒྱུའི་ཆེད་དུ། གུས་ཕྲན་ཁོ་བོས་ཉིན་མཚན་དབྱེ་བ་མེད་པར་ལུས་ངག་ཡིད་གསུམ་སློབ་གསོའི་ལས་དོན་འདི་ལ་སྟིམ་གྱིན་ཡོད་ཅིང་། འདི་ནི་ཁོ་བོ་ལས་འཁྱུར་ངལ་གསོའི་བར་དུ་བྲེལ་བ་སྟོང་གིས་ལངས་རྒྱུར་དམ་བཅའ་རི་བཞིན་བརྟན་པའི་དམིགས་ཡུལ་ཡང་ངོ་། །
* འཇམ་དཔལ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོ་རུ་ཕྱག་ལས་གནང་བཞིན་ཡོད།