སློབ་གླིང་རིག་གནས་དང་འབྲེལ་ཏེ་བོད་ཀྱི་སློབ་ཆེན་ སློབ་མའི་དུས་ཀྱི་འགན་འཁྲིའི་སྐོར་གླེང་བ།

དཔལ་ལྡན་རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


[གནད་བཏུས] དཔྱད་རྩོམ་འདིར་སློབ་གླིང་རིག་གནས་དང་འབྲེལ་ཏེ། སློབ་ཆེན་པའི་མི་ཚེའི་འགན་འཁྲིའི་ཁྱབ་ཁོངས་སུ་འདུས་པའི་སློབ་སྦྱོང་དང་ཕུགས་བསམ། འགན་འཁྲི་སོགས་ལ་གཞི་བཅོལ་ནས་ཀུན་སྤྱོད་ཚད་ལྡན་ཅན་དང་། འཇོན་ནུས་ཁྱད་ཐོན་ཅན་དུ་གཏོང་བའི་དགོངས་གཞི་བཏོན་ཏེ། ཕུན་སུམ་ཚོགས་པའི་སློབ་གླིང་རིག་གནས་ཁོར་ཡུག་ནི། སློབ་མའི་མ་འོངས་སྤྱི་ཚོགས་ཁྲོད་དུ་འཚོ་སྡོད་བྱེད་པར་བསྐྲུན་པའི་རྨང་གཞིའི་འབབ་སྟེགས་ཡིན་པའི་ལྟ་ཚུལ་བསྒྲུབས་ཡོད།

[གནད་ཚིག] སློབ་གླིང་རིག་གནས། སློབ་ཆེན་པ། མི་ཚེ། ཕུགས་བསམ། འགན་འཁྲི།

དང་པོ། སློབ་ཆེན་པའི་རིག་གནས་སྣང་ཚུལ་བཀྲོལ་བ།

སྤྱིར་སློབ་ཆེན་སློབ་མ་རྣམས་ལ་མཚོན་ན། སློབ་གླིང་རིག་གནས་ཞེས་པའི་མཁའ་དབུགས་ཤིག་ཡོད་པ་དེའི་འོག་ནས་འཚར་ལོངས་བྱུང་བ་དང་། ཤེས་བྱ་སྡུད་གསོག དཔེ་ཀློག་ཐོས་བརྩོན། གཞན་དཔེ་མཉམ་ལེན། སྤྱོད་ལམ་ལེགས་བཅོས། བསམ་གཞིག་ཤེས་རྟོགས། ཚོད་ལྟའི་གསར་གཏོད་བཅས་ལ་ཞུགས་སུ་བཅུག་སྟེ། སློབ་མ་རང་གི་ཤེས་བྱའི་སྒྲིག་གཞི་འཐུས་ཚང་ཕུན་ཚོགས་སུ་གཏོང་བའི་གདམ་ང་དང་འོས་འགན་ཡོད་པ་བཞིན། རང་རང་སོ་སོའི་དགའ་ཕྱོགས་དང་ཁྱད་ནུས་ཕུན་ཚོགས་མངའ་བའི་ཁྱད་ཆོས་དེའང་། སློབ་སྦྱོང་གི་དུས་ཡུན་མ་བརླགས་པའི་ཞོར་དུ་སྒྲུབ་ཅིང་འགྲུབ་ཆོག་པ་ཡིན།

དེ་ལྟ་ནའང་། ང་ཚོ་མི་རིགས་སློབ་ཆེན་སོ་སོའི་སློབ་མ་རྣམས་ནས་ཀྱང་། རྒྱལ་ཡོངས་ཡུལ་གྲུ་སོ་སོའི་སློབ་མ་རྣམས་དང་འདྲ་བར་སློབ་གསོ་ཆིག་རྐྱང་བའི་རྣམ་པའི་འོག་ཏུ། སློབ་ཁྲིད་སྣ་མང་ལ་ཉན་ཞིང་། ལས་བྱ་སྣ་ཚོགས་པ་བྲིས་ཏེ། མཇུག་མཐར་མཐར་ཕྱིན་དཔྱད་རྩོམ་ལས་རྒྱལ་དགོས་ཤིང་། སློབ་ཆེན་སློབ་སྦྱོང་གི་འཚོ་བར་བཞི་ཤད་བཞག་སྟེ། སློབ་མཐར་ཕྱིན་པའི་དཔའ་གདེང་གིས་ཁེངས་ཤིང་ཚིམས་པས་ཆ་དེ་ཅུང་ཟད་ཡག་ནའང་། དངོས་ཡོད་འཚོ་བ་དང་སྤྱི་ཚོགས་དཔལ་ཡོན་གྱི་ཆ་ནས་བལྟས་ཚེ། གཉོམ་ཆུང་འཁོས་ཞན་དང་ཆིག་རྐྱང་ནུས་མེད་ཀྱི་རྣམ་པ་མངོན་ཡོང་གིན་པ་དེའང་།
དུས་རབས་ཀྱི་གདབ་གསིག་དང་སྤྱི་ཚོགས་ཀྱི་གནོན་ཤུགས་ཡིན་པའི་ངེས་ཤེས་རྙེད། དེ་ལྟར་འཛམ་གླིང་གི་མཁས་པ་ཡོངས་ནས། སློབ་གྲྭའི་ནང་ནས་སྦྱངས་པའི་ཤེས་བྱའི་ཚད་ནི་བརྒྱ་ཆའི་བཅུ་ཙམ་དང་། དེ་ལས་གཞན་བརྒྱ་ཆའི་དགུ་བཅུ་ནི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་འཚོལ་སྙེག་བྱེད་དགོས་པའི་ཁ་དན་ཡོད་པ་ནང་བཞིན། ང་ཚོའི་སློབ་ཆེན་པ་རྣམས་ལ་མཚོན་ནའང་།
སློབ་ཆེན་འཚོ་བའི་མི་ལོ་བཞིའི་གོ་རིམ་གྱི་ཁྲོད་ནས་ཤེས་བྱ་ཡོན་ཏན་སྦྱངས་ནས་མཁས་པ་ཉན་རྒྱུ་དེ་གཙོ་བོ་མིན་པར། མི་གཤིས་མཛེས་པར་འཚོལ་སྙེག་བྱ་རྒྱུ་དེ་གལ་ཆེན་དུ་ཆགས་ཡོད་པ་ཡིན། ང་ཚོས་ཞིབ་ཏུ་སོམས་དང་། སློབ་གླིང་རིག་གནས་ཀྱི་བྱ་འགུལ་སྣ་ཚོགས། བསླབ་གཞི་འཛུགས་སྐྲུན་དང་དཔེ་ཁྲིད་ཀྱི་རྒྱུན་ལ་འགྲན་ནས་འཕྱུར་གྱིན་པ་དེའི་ཡང་སྙིང་ཅི་ཞིག་མཚོན་གྱིན་ཡོད། དཔེར་ན། སྒྱུ་རྩལ་ཚོགས་པ་དང་རྩ་འཛུགས། མཉམ་སྤྲོ་ཁང་། དུས་དེབ་དང་ཚགས་པར་རྩོམ་སྒྲིག་ཁང་། སྤོ་ལོའི་ཚོགས་པ་སྣ་ཚོགས། སྐོར་བྲོའི་ཚོགས་པ། སློབ་མའི་ཚོགས་པ། གསར་རྩོམ་སྨྱུག་ཚོགས། སྙིང་རྗེ་ཚོགས་པ། དཔལ་ཡོན་ལས་སྐྱོང་སོགས་ཀྱིས་བསྒྲུབས་པའི་བྱ་འགུལ་སྣ་ཚོགས་ལས། ང་ཚོ་ལ་ཐུན་མོང་དང་གཞན་གཅེས། སྤྱི་སེམས་དང་འབྲེལ་འདྲིས། ཡ་རབས་དང་བརྩོན་འགྲུས། མཐུན་སྒྲིལ་དང་གཏོང་ཕོད་ཀྱི་བསམ་བློའི་ཕྱོགས་སུ་ངང་ངམ་ཤུགས་སུ་གཞེན་སྐུལ་གཏོང་གིན་པ་འདིའི་མཐར་གཏུགས་དམིགས་ཀྱིས་འཚོལ་ས་ནི། སློབ་སྦྱོང་ཙམ་ལས་རིང་དུ་འགོངས་པའི་མི་གཤིས་བདེན་འཚོལ་གྱི་མཛེས་པའི་སྟེང་ལ་དབབ་ཡོད་པས། གནད་འདི་ནི་རང་སྒེར་གྱི་སློབ་སྦྱོང་བྱེ་བྲག་པ་ལས་ཐུན་མོང་མཉམ་གནས་ཀྱི་སྤྱི་དོན་སྟེང་ལ་བབས་འདུག་པ་ཁད་ཀྱིས་མཐོང་སླ་བ་ཡིན། དེ་བས། སློབ་གླིང་རིག་གནས་ཀྱི་བྱ་འགུལ་སྣ་ཚོགས་བལྟས་ཚོད་ལ་དུས་ཚོད་ཆུད་ཟས་ཀྱི་ཉེས་པ་ཁུར་ཡོད་པ་ལྟར་མཐོང་ནའང་།
དོན་ལ་མི་གཤིས་ཀུན་སྤྱོད་ཀྱི་ཕྱོགས་སུ་སྦྱོང་བརྡར་བླ་ན་མེད་པ་བསྒྲོན་པའི་ཤེས་རབ་ཀྱི་འོད་ཟེར་ཕྲ་ཞིང་རྣོ་བའི་དབལ་ཁ་བླུགས་ཡོད་པ་ཤེས་དགོས། འདི་དག་ནི་མི་རེ་རེའི་མི་ཚེའི་ལམ་བུར་བསྙེག་སའི་འབབ་སྟེགས་ཡིན་ལ། མི་ཚེའི་འཚོལ་དཔྱོད་ཀྱི་སྙིང་སྟོབས་བརྡར་སའི་འགག་སྒོའང་ཡིན་སྙམ།

ཨ་རིའི་སློབ་གསོའི་ལམ་ལུགས་ཁྲོད་དུ་གྲགས་ཆེ་བའི་གསུང་རྒྱུན་མན་ངག་ཅིག་ཡོད་པ་འདིར་ཤིན་ཏུ་འཕྲོད་དེ། ཨ་རི་པས་སློབ་ཆེན་འགྲིམ་པ་ནི་དོན་གནད་རིམ་པ་གཉིས་སུ་བསྡུས་ནས་བཀྲམ་ཡོད་པ་སྟེ། སློབ་ཆེན་འགྲིམ་པའི་དམིགས་ཡུལ་དང་པོ་ནི། རང་གི་འཚོ་བ་ཇེ་ལེགས་སུ་གཏོང་བའི་དམིགས་འདུན་དང་།གཉིས་པ་ནི་མི་གཤིས་ཀུན་སྤྱོད་ཇེ་ལེགས་སུ་བསྒྱུར་བའི་ཕུགས་འདུན་ཡིན། འདི་གཉིས་ནི་འཛམ་གླིང་ཡུལ་གྲུ་གང་རུང་གི་སློབ་ཆེན་སློབ་མར་འཕྲོད་པའི་དངོས་ཡོད་དོན་མཐུན་གྱི་གཞེན་སྐུལ་ཞིག་ཏུ་ཡོད་ཅིང་།གནད་འདི་ལས་བསམས་ན། སློབ་སྦྱོང་བྱེད་པ་ནི་ཞི་བར་གནས་སྟངས་ཤིག་དང་མཛེས་པར་སྙེག་ཚུལ་ཞིག་ཏུའང་འདོད། དེ་བས་ང་ཚོ་བོད་ཀྱི་སློབ་ཆེན་པ་རྣམས་ནས་ཀྱང་། མི་རིགས་རང་གི་འདུ་ཤེས་དྲགས་པ་དང་དུང་ཞེན་ཟབ་པའི་བག་ཆགས་ཀྱིས། མཐའ་གཅིག་ཏུ་མི་རིགས་རིག་གནས་ལོ་རྒྱུས་དང་སྐད་ཡིག་དར་རྒུད་ཀྱི་ལས་དབང་སོགས་ལ་སེམས་ཁུར་དང་། མི་རིགས་སྤྱིའི་ཆགས་འཇིག་དང་ལས་དབང་ལ་དོ་སྣང་ལྷོད་པའི་ལང་ཚོའི་དཔའ་གདེང་ཡོད་པ་ཤིན་ཏུ་ལེགས་ནའང་། ཇི་ལྟར་སྲུང་འཛིན་དང་བདག་སྐྱོང་ལྷོད་དགོས་པའི་ཐབས་ཤེས་བྱེ་བྲག་པའི་སྟེང་ལ་དབབ་ནས། ཧ་ཅང་འཁོས་ཆུང་དུ་ཡོད་པའི་གནད་དོན་ལ་བསམ་གཞིག་གཏོང་དགོས་ཀྱི་ཡོད་པ་དང་། འཇིག་རྟེན་གྱི་བྱ་དངོས་སྣ་ཚོགས་པ་གང་དེ་སྤྱིའི་བམ་བཤད་དང་། ཆགས་སྡང་ཁོ་ནས་མི་ཡོང་བའི་གནས་ལུགས་ལ་མནོ་བསམ་འཐུས་ན་ཤིན་ཏུ་ཡག་སྙམ། དེ་བཞིན་སློབ་སྦྱོང་བྱེད་པའི་དམིགས་འབེན་ནི། རང་ཉིད་ལེགས་བཅོས་སུ་གཏོང་བའི་གོ་རིམ་ཞིག་ཡིན་པར་ངོས་ཟིན་ཐོབ་དགོས་ཤིང་། སྤྱི་ཚོགས་ཀྱི་ལས་དོན་མ་ལུས་པ་ཆུང་ས་ནས་རྨང་བཙུགས་ཏེ། རང་ཉིད་ནས་མགོ་འཛིན་དགོས་པའི་ཆོས་ཉིད་ལ་དོ་སྣང་ཡོད་པའི་གནས་ལུགས་བདེན་གྲུབ་ཀྱི་ཆ་ལ་གཞོལ་བར་གོམས་དགོས་སྙམ།

གཉིས་པ། སློབ་ཆེན་སློབ་མའི་ཁྲིད་གཞིའི་གལ་ཆེན་རང་བཞིན།

མི་རིགས་སློབ་གླིང་གང་དེའི་ཁྲིད་གཞིའི་བསླབ་དེབ་ནི་སློབ་ཁྲིད་རྩ་གནད་གཅིག་ཏུ་དྲིལ་བའི་སྲོག་ཤིང་དང་། དགེ་རྒན་རྣམས་ཀྱི་སློབ་ཁྲིད་བྱ་འགུལ་མངོན་པར་སྒྲུབ་བྱེད་ཀྱི་ཡོ་བྱད་ཡིན། དེ་བཞིན་སློབ་མ་རྣམས་སློབ་སྦྱོང་ལ་བདེ་བླག་ངང་འཇུག་པའི་ཤེས་བྱའི་སྒེའུ་ཁུང་ལྟ་བུའང་ཡིན། ཚོང་རའི་དཔལ་འབྱོར་གྱི་འཕེལ་རྒྱས་ཁྲོད་ནས་བསླབ་དེབ་ལའང་བཅོས་སྒྱུར་དང་གསར་སྐྲུན་གྱི་རྣམ་པ་གསར་དུ་བྱུང་ཞིང་། རྣམ་པ་གསར་པ་དང་ནང་དོན་སྣ་མང་ཅན་དུ་བྱས་པའི་མི་རིགས་རང་གི་སྐད་དང་ཡི་གེའི་བསླབ་དེབ་འདྲ་མིན་མང་པོ་བྱུང་ཡོད་ནའང་།དུས་ཡུན་རིང་བའི་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་ནས་དེ་དག་ལ་གསར་བཅོས་དང་ཁ་སྣོན་གྱི་རྣམ་པ་མེད་ཅིང་། སྤྱི་ཚོགས་དང་དུས་རབས་འཕེལ་གྱིན་པའི་གོང་ཁ་ནས་རང་ཅག་གི་སློབ་གླིང་སོ་སོའི་བསླབ་དེབ་རིམ་གྱིས་རྙིང་ཞད་ཅན་དུ་འགྱུར་གྱིན་པའི་སྣང་ཚུལ་མཐོང་།དེ་བས་བསླབ་དེབ་འཛུགས་སྐྲུན་གྱི་ངོ་བོ་ཅི་ཡིན་པ་དང་། དེ་དག་གི་གནད་དོན་གང་དུ་ཡོད་པ་སོགས་ལ་ཞིབ་འཇུག་དཔྱད་འཇོག་བགྱི་དགོས་པ་ནི། བསླབ་དེབ་རྩོམ་སྒྲིག་གི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་རྩ་བའི་གལ་གནད་ཀྱང་ཡིན། དེའང་གཅིག་ན་ང་ཚོའི་སློབ་གླིང་རེ་འགས་བསྒྲིགས་པའི་བསླབ་གཞི་དེ་དག་དུས་ཀྱི་འཕེལ་འགྲོས་དང་མཐུན་མིན། སློབ་མའི་བསམ་པའི་བློ་ངོ་དང་འཚམ་མིན་གྱི་བརྟག་དཔྱད་མང་དུ་སོང་མེད་པར། ཚོང་རའི་དཔལ་འབྱོར་ཁོ་ནར་དམིགས་ནས་བསྒྲིགས་ཡོད་པ་དང་། གཉིས་སུ་དེ་དག་གིས་མི་རབས་རྗེས་མའི་ན་གཞོན་ལང་ཚོའི་མྱུུ་གུ་འབུས་ཤིང་རྒྱས་ནས་ཡོང་གིན་པ་དེ་དག་གི་འགན་འཁྲི་ཐེག་ཡོད་མེད། གསུམ་དུ་བསླབ་དེབ་ལེགས་སྒྲིག་གི་གཙོ་འགན་དགེ་རྒན་རྣམས་ནས། ལས་གཞི་དང་ཁེ་ཕན་ཉི་ཚེ་བའི་མདུན་ནས་གནད་དོན་གྱི་གཙོ་ཕལ་ལ་རྨོངས་འགྲོ་བ་དང་། དཔལ་འབྱོར་དང་རིག་གནས་གཉིས་འགལ་ཟླར་འགྱུར་ངེས་པར་བརྗོད་པར་མི་ཐུབ་ནའང་། གང་ཞིག་དཔལ་འབྱོར་གྱི་བསླུ་བྲིད་ལས་བཟློག་མི་ནུས་པའི་དུས་སུ། རིག་གནས་ཉམས་ཆག་ཏུ་འགྲོ་ངེས་པ་ཆོས་ཉིད་བདེན་གྲུབ་ཀྱིས་འབྱུང་ངེས་པ་ཡིན། འདི་དག་ནི་སྤྱི་ཚོགས་དཔལ་འབྱོར་གྱི་བསླུ་བྲིད་དང་འཚོ་གནས་སྙིང་བོའི་སྲོག་ཤིང་དུ་བསླངས་པས། བཟློག་ཏུ་མེད་པ་གུ་ཡངས་བཟོད་པར་བྱས་ཆོག་མོད། འོན་ཏེ། རིག་གནས་སྲུང་འཛིན་དང་བདག་དམ་གྱི་དགོངས་པ་མཐར་གཏུགས་ན། རིག་གནས་ཞེས་པའི་ངོམས་སོ་གཏོས་ཆེ་བ་དེའི་སྟེང་ལ་འབབ་དགོས་པར་མ་ཟད། རིག་གནས་སྲུང་འཛིན་བྱེད་མཁན་གྱི་མིའི་སྟེང་ལ་བབས་ཡོད་པའང་ཤེས་དགོས། རིག་གནས་བདག་སྲུང་དང་དར་སྤེལ་བྱ་བའི་མི་གཙོ་བོར་གླེང་དགོས་པར་གྱུར་ཚེ། ངེས་པར་ན་གཞོན་ཕྱི་རབས་པ་སྟེ་སློབ་ཆེན་སློབ་གླིང་སོ་སོར་ཤེས་བྱའི་གནས་ལ་འབད་ཀྱིན་པའི་ཤེས་ལྡན་པ་རྣམས་ཀྱི་སློབ་གསོའི་སྒྲིག་གཞི་དང་དར་སྤེལ་ལ་རག་ལས་ཡོད་པ་ཡིན། དེ་བཞིན་རྒྱའི་སློབ་དཔོན་ཆེན་མོ་ཧུའུ་ཀྲུང་ཕིན་གྱིས།“མི་ལ་མཐོང་ཆེན་མ་མཛད་པ་དེ་སློབ་གསོར་མཐོང་ཆེན་མ་མཛད་པ་ཡིན་ལ། སློབ་གསོར་མཐོང་ཆེན་མ་མཛད་པ་དེ་དོན་གྱིས་མི་ལ་མཐོང་ཆེན་མ་མཛད་པའི་རྟགས་མཚན་ཡིན།”①ཞེས་པས། རིག་གནས་འཛིན་སྐྱོང་གི་སྲོག་ཤིང་མི་ཡིན་ཞིང་།མིའི་ཤེས་ཡོན་དར་སྤེལ་གྱི་སྲོག་ཤིང་སློབ་གསོར་རག་ལས་ཡོད་པའི་གཅིག་ལ་གཅིག་རྟེན་གྱི་ཆ་དེ་ལས། སློབ་གསོའི་རིན་ཐང་བླ་ན་མེད་པ་དེ་མིའི་ཤེས་ནུས་དང་འཇོན་ཐང་ལ་རག་ལས་ཡོད་པའི་བདེན་པ་བཀྲལ་ཡོད་པ་ཤེས་ཐུབ།དེ་བཞིན“སློབ་གསོའི་བཅོས་སྒྱུར་དང་ལེགས་སྒྲིག་ལས། མིའི་འཇོན་ནུས་སྔོག་འདོན་དང་ཕུན་སུམ་ཚོགས་པའི་མིའི་ལྷན་སྐྱེས་ཀྱི་ཤེས་རབ་ལ་འོད་ཟེར་སྣོན་ཐུབ་པས། ཡང་དག་པའི་སློབ་གསོའི་ཁ་ཕྱོགས་ནི་ཐུན་མོང་གི་དཔྱད་སྡུར་དང་སྟོབས་ཤུགས་ལས་འབྱུང་ངེས།”②ཞེས་པ་བཞིན། ང་ཚོའི་སློབ་ཆེན་སློབ་མའི་སློབ་གསོའི་ཡོ་བྱད་དམ་སྲོག་ཤིང་དུ་གྱུར་པའི་ཁྲིད་གཞིའི་བསླབ་དེབ་ལའང་། ཐུན་མོང་གི་ཤེས་རབ་ལས་གྲོས་ཁ་བསྡུར་ནས་ལེགས་སྒྲིག་དང་བཅོས་སྒྱུར་ཡོད་ན་ལེགས་པོར་མཐོང་ཞིང་། མི་བུ་སྒེར་ངོས་ནས་བསླབ་དེབ་སྒྲིག་པའི་ཆ་དེ་ལ་ཅིས་ཀྱང་ཆད་སྐྱོན་ཕྱོགས་ལྷུང་གི་ཆ་ཡོད་པར་མཐོང་ངེས་སོ། །

དེ་ལྟར་ང་ཚོས་ཐོག་མར་མི་དོན་ཁས་ལེན་པ་དང་དེ་ནས་རིག་གནས་གླེང་བར་དགའ་བའི་དམ་པ་རྣམས་ལ་སློབ་སྦྱོང་བྱེད་པ་དང་། ཐུན་མོང་རྩ་འཛུགས་སམ་སྤྱི་དོན་ལ་གཞོལ་བའི་བསམ་བློ་གཏོང་བའི་འདུ་ཤེས་གསོ་སྐྱོང་བྱ་དགོས་པར་འདོད། འཛམ་གླིང་ཡུལ་གྲུ་སྤྱི་དང་བྱེ་བྲག་རྒྱལ་ནང་གྲོང་ཁྱེར་ག་ས་གང་དུ་སོང་ནས། རང་ཁ་གསོས་ཤིང་རིགས་རྒྱུད་སྤེལ་ནས་དཀའ་སྡུག་ལ་གཞོལ་མོས་པའི་ཁ་ཆེ་མི་རིགས་ཀྱི་བློ་བརྟན་དང་ཡིད་ཆེས་ལས་ང་ཚོས་ཅི་ཞིག་མཐོང་ཐུབ། ང་ཚོ་རང་ཡུལ་གད་པ་ཡིན་རུང་སྐྱིད་སྣང་གི་བག་ཆགས་ཀྱིས་བཟི་ཞིང་། ཡུལ་ལུང་དང་ས་གནས་ཀྱི་འཐེན་འཁྱེར། གྲུབ་མཐའི་ཕྱོགས་རིས་ཉི་ཚེ་བའི་གོང་ཁ་ན་དུས་ཟད་ཀྱིན་པ་དེ་དག་མི་རིགས་གཞན་དང་བསྡུར་ན་ཤེས་ཡོང་ཞིང་། རིགས་ཀྱི་ཆགས་སྡང་མངོན་པར་གསལ་བའི་སྙན་ངག་པ་ཡི་དམ་ཚེ་རིང་གིས། བོད་ལ་མི་རིགས་ཀྱི་འདུ་ཤེས་ཕྲ་ཞིང་ས་ཁུལ་དང་ཚོ་བའི་འདུ་ཤེས་ཤུགས་དྲག་ཏུ་ཡོད་ཅེས་ཕངས་སེམས་ཤོར་བའང་དོན་ལ་གནས་པ་ཞིག་ཡིན་སྙམ། འདི་དག་ནི་ང་ཚོའི་རིག་གནས་ཀྱི་བསྡུས་གཟུགས་དངོས་མ་དེ་རེད། རིག་གནས་ཀྱི་རྒྱབ་ལྗོངས་མཚར་ཞིང་སྟུག་པ་དེ་ཡིན། དེ་འདྲའི་རིག་གནས་ཁོར་ཡུག་གི་འོག་ཏུ། ང་ཚོར་ཚད་ལྡན་དུ་བཅོས་ཆོག་ཅིང་ཕུལ་བྱུང་དུ་གདམ་ཆོག་པའི་སློབ་ཆེན་པ་ག་ཚོད་ཡོད་དམ། དྲི་བ་དེ་དག་བརྒྱུད་ནས། ང་ཚོས་ཤེས་དགོས་པ་ནི་སློབ་ཆེན་པའི་འགན་འཁྲི་ཡིན། སློབ་ཆེན་པའི་སྙིང་སྟོབས་ཡིན་ཏེ། ཇི་ལྟར་ཞེ་ན། སློབ་ཆེན་དུས་སྐབས་སུ་མི་རིགས་ཞེས་པའི་ལ་རྒྱ་དེ་ཁ་ནས་གླེང་རྒྱུ་ཞིག་མིན་པར་སྙམ། མི་རིགས་ཀྱི་ཆེད་དུ་ཞེས་པའི་དམིགས་པ་སྤྱི་པ་དེའང་རང་གི་ནུས་པའི་སྟེང་ལ་བསྒྱུར་ནས་མི་སྒེར་བྱེ་བྲག་པའི་སྟེང་ལ་དབབ་དགོས། ཡང་ན་སྐད་ཡིག་རྩེ་གཅིག་སྦྱངས་ཏེ་མཐའ་གཅིག་ཏུ་འཁྱོངས་དགོས་པའི་པའི་སྙིང་རུས་དམ་ཚིག་གི་སྟེང་ལ་འབབ་དགོས། ང་ཚོ་སློབ་མཐར་ཕྱིན་ནས་ཕྱིར་ལོག་ཡོང་དུས། མི་རིགས་ཞེས་པའི་མཛེས་སྡུག་གི་དག་ཞིང་དེའི་པང་ལ་ལོག་མེད་པར། མི་ཚེ་ཞེས་པའི་འཚོ་གནས་ཀྱི་བདེ་སྡུག་གི་འཐབ་ར་དེར་ལོག་ཡོད་པ་དོན་དངོས་ཡིན། དེ་བས་ང་ཚོས་འཚོ་གནས་ཀྱི་ཤེས་རབ་ལ་རྒྱབ་བཅོལ་ཞིང་དངོས་ཡོད་ལ་ཁ་གཏད་དེ། སྤྱི་ཚོགས་ཞེས་པའི་དེབ་ཐར་དེ་བཀླག་དགོས། མི་ནི་རྣམ་ཀུན་མཛེས་སྡུག་ཡིད་འོང་གི་རྨི་ལམ་ལས་སད་དེ་སྐྱོ་ངལ་འཐབ་འཛིང་གི་དངོས་ཡོད་ལས་གསོན་དགོས་ཕྱིར། མི་རིགས་གང་ཞིག་ཡིན་ཡང་རང་གི་ལས་དབང་དང་མཉམ་དུ་ཡལ་མེད་རྟག་ཏུ་འགྲོགས་ནས་ཡོད་པ་ནི། མི་རིགས་རང་གི་སྐད་དང་ཡི་གེ་ཡིན་ལ། མི་རིགས་མང་པོའི་ཁྲོད་དུ་ཡུན་རིང་འཚོ་ཞིང་འཕེལ་རྒྱས་སུ་འགྲོ་བའི་སྲོག་རྩའང་སྐད་དང་ཡི་གེ་ཡིན་ཕྱིན། དེ་ལ་བརྟེན་ནས་རིག་གནས་སྲུང་འཛིན་དང་མི་རིགས་མཉམ་གནས་སུ་གཏོང་དགོས་པ་ཡིན། དུས་རབས་གསར་པའི་སློབ་མའི་རིག་གནས་ཁྲག་རྒྱུན་གསར་པ་རྒྱུ་དགོས་ཚེ། སློབ་ཆེན་གྱི་ཆེད་ལས་གསར་འཛུགས་དང་བསླབ་གཞི་བཅོས་སྒྱུར་ནས་མགོ་རྩོམ་དགོས་པར་སྙམ་ཞིང་། རིག་ཚན་གསར་པའི་དཔེ་ཁྲིད་ནས་སྟ་གོན་བགྱི་དགོས་པར་འདོད།

གསུམ་པ། སློབ་ཆེན་སློབ་མའི་ཕུགས་བསམ་གྱི་རིན་ཐང་།

ད་ལྟའི་གནས་བབ་ལ་བརྟགས་ནས་དཔྱད་ན། རིགས་ཀྱི་ཞེན་པ་དེ་ང་ཚོས་ཁ་སྟོང་ནང་ནས་རླུང་གིས་སྤུར་རྒྱུ་ཞིག་མ་ཡིན་པར། དོན་ལ་གཞོལ་གྱིན་ལུས་ཀྱི་རྩ་ལམ་དང་རུས་པའི་རྐང་ལ་བཅུག་ནས་བསྲུང་རྒྱུ་ཞིག་རེད་སྙམ་པ་དང་། དེ་བཞིན་ཆོས་དང་གྲུབ་མཐའི་གོ་འཕང་བསྟད་ནས་ཕྱི་ལ་ངོམས་ཤིང་འུར་རྒྱུ་ཞིག་ཀྱང་མིན་པར། ནང་ལ་བསྙལ་ནས་ཞོ་བཞིན་ཆགས་སུ་བཞག་ན། རིག་གནས་རིན་ཐང་གི་རྒྱུན་ཡུན་རིང་བསྲིང་ཐུབ་པ་དངོས་ཡོད་ལོ་རྒྱུས་བདེན་དཔང་བྱ་ངེས་པ་ཞིག་ཏུ་ཡོད། རྣམ་ཀུན་དཔལ་འབྱོར་ནི་ཕར་ལ་བརྒྱུགས་ཏེ་བཙལ་རྒྱུ་ཞིག་ཡིན་དུ་ཆུགས་མོད། འོན་ཏེ། རིག་གནས་ནི་ཤུལ་དུ་བསྲུངས་ནས་ཉར་རྒྱུ་ཞིག་ཡིན་པའི་འདུ་ཤེས་ཟབ་ན། སློབ་གླིང་རིག་གནས་ཀྱི་འཚོ་བའི་ཁྲོད་དུ་སློབ་ཆེན་པ་རྣམས་ཀྱིས། དཔེ་ཀློག་ཤེས་བརྩོན་གྱི་ཞོར་དུ་ཉིན་ཐོ་འབྲི་བའམ་རྩོམ་རིག་སྒྱུ་རྩལ་གསར་རྩོམ་ལ་འཇུག་པ་དང་། དཔེ་ཀློག་རིས་མེད་དུ་འཇུག་པ་སོགས་ལ་ཤུགས་བསྣན་ཏེ། མི་ཚེའི་འཚོ་བ་ཕུན་ཚོགས་ཅན་དང་དཔེ་ལེགས་ཅན་དུ་འབད་ཅིང་། རྣམ་ཀུན་སློབ་སྦྱོང་ཁེངས་སྐྱུང་གིས་བྱེད་པའི་ལས་སུ་འཇུག་པར་བརྩོན་པ་ལས། ཁེ་གྲགས་ཙམ་གྱི་དོད་དུ་འབྲངས་ཏེ། རང་ཉིད་གྲགས་འདོད་ཀྱི་བསམ་བློ་དྲི་མ་ཅན་གྱི་ཆ་ལ་ཕྱོགས་ཏེ། འབོལ་རྩོམ་ཞེས་པའི་སྡིག་རྩོམ་དྲི་མ་ཅན་དེ་དག་ལམ་ཁ་ནས་འཐོམས་ཤིང་སྦྲིད་དེ། མི་རིགས་རང་གི་མཁས་པ་རྒན་པ་རྣམས་དང་། རིག་གནས་སློབ་གསོའི་ཐད་དུ་བྱས་རྗེས་ཅན་གྱི་ལྷག་བསམ་ཅན་རྣམས་ལ། ཁ་རྡུང་སྡིག་དམོད་གཏོང་བའི་ལས་དེའི་རིགས་ཐམས་ཅད་ཀྱང་།

ད་ལྟའི་ང་ཚོའི་སྤྱི་ཚོགས་དང་མི་རིགས་ཀྱི་གནས་བབ་ལ་འཚམ་མིན་བསམ་བློ་གཏོང་དགོས། གཅིག་བྱས་ན། སློབ་གླིང་གི་ཁོར་ཡུག་ནས་བསྡད་དེ་སྤྱི་ཚོགས་གླེང་བརྗོད་སྤེལ་བ་དེ་དོན་ལ་འབྱོར་བ་ཞིག་མིན། རྒྱུ་མཚན་ནི་སློབ་གླིང་རིག་གནས་ཀྱི་ཁོར་ཡུག་ཏུ་ཡོད་པའི་སློབ་ཆེན་པ་རྣམས་ནི། སྤྱི་ཚོགས་ཀྱི་ཉམས་མྱོང་དང་ཟབ་ཞུགས་མེད་པས། དེ་ལ་གཏིང་ཟབ་པའི་ཞིབ་འཇུག་དང་སྒོ་ཡངས་པའི་རྟོག་དཔྱོད་མེད། གཉིས་སུ། སློབ་ཆེན་གྱི་དངོས་གཞི་རིམ་པའི་ཤེས་བྱའི་ཚད་རིམ་དེ་ནི། སློབ་སྦྱོང་གི་གོ་རིམ་ཞིག་ཏུ་ཡོད་པ་ལས་དེ་ཉིད་སྤྱི་ཚོགས་གླེང་བརྗོད་ཀྱི་སྒྲིག་གཞིའི་ཚད་དུ་ཐོན་མེད་སྙམ། གསུམ་ནས། སློབ་སྦྱོང་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་ཀུན་སྤྱོད་ཡག་པོ་འཁྱོངས་རྒྱུ་དང་འཚོ་བ་ལེགས་བཅོས་བྱེད་པ། མདོར་ན་དངོས་ཡོད་འཚོ་བར་ཇི་ལྟར་འཇུག་རྒྱུའི་ཐབས་ལམ་འཚོལ་བའི་གོ་རིམ་ཞིག་དང་། མི་ཚེའི་འགན་འཁྲི་བསྲུང་རྒྱུའི་སྟ་གོན་དེ་ག་རང་ཡིན་པས། གཞན་སྐྱོན་ཁོ་ན་འདོན་པའི་དཔེ་དང་ལུགས་སུ་མ་ཡིན་སྙམ། ལག་ལ་མདུང་མོ་ཐོགས་ཏེ་གཡུལ་ལ་མ་སོང་བའི་ཡར་སྔོན་དུ། དྲག་རྩལ་ཡག་པོ་སྦྱང་དགོས་པའི་རྨང་གཞི་བརྟན་པོ་ཡོད་དགོས་པ་སེམས་སུ་ངེས་དགོས། དེ་བས། ང་ཚོའི་སློབ་ཆེན་པ་ཡོངས་ནས་མུན་ནག་གདོང་མཆོང་མི་བྱ་ཞིང་། རང་རང་གི་མདུན་དུ་ལྷག་ཡོད་པ་ནི་གསར་བརྗེ་དང་གཏོར་བཤིག་གང་ཡང་མིན་ཏེ། ཏན་ཏན་སློབ་སྦྱོང་བྱེད་དགོས་པའི་ཐོས་བརྩོན་དང་འོས་འགན་ཡིན། སློབ་སྦྱོང་གི་རྨང་གཞིའི་འོས་འགན་ཡག་པོ་མ་ཐེག་པ་ལས། ཕུགས་བསམ་གྱི་མཁར་རྫོང་ལེགས་པོ་ཞིག་བརྩིག་ཏུ་མེད་པ་ཡིན། དོན་གྱི་གནད་སོ་འདི་ཕུགས་བསམ་ལྦུ་བ་ཅན་དུ་གྱུར་པའི་གོ་རིམ་ཡིན་འདོད།

ཕུགས་བསམ་ནི་མི་སྒེར་གྱི་དགའ་ཕྱོགས་ལས་འབྱུང་ངེས་པ་ཡིན་ལ། མི་ལ་དགའ་ཕྱོགས་ཡོད་པས་ད་གཟོད་ཕུགས་བསམ་ཡོད་ངེས་པའང་ཡིན། དེ་ལྟ་ན། དེང་གི་ང་ཚོའི་སློབ་ཆེན་པ་རྣམས་ལ་དགའ་ཕྱོགས་ཅི་ཞིག་ཡིན་ཞེས་འདྲི་དུས། ཁོ་ཚོས་རང་གི་དགའ་ཕྱོགས་ཅི་ཞིག་ཡིན་པ་གསལ་བོར་ཤེས་ཀྱིན་མེད། དགའ་ཕྱོགས་གཅིག་ཐོག་ལ་འཇོག་ཐུབ་ཀྱིན་མེད་པ་དེས་ནི། ཕུགས་བསམ་ལྦུ་སོབ་ཅན་དུ་ཡོད་པའི་སྣང་ཚུལ་མངོན་ཡོང་བ་རེད། ད་ལྟའི་དུས་སུ་བརྡ་འཕྲིན་ཆེ་ཆེར་དར་ཞིང་འཛམ་གླིང་ཤར་ནུབ་སོ་སོའི་གསར་འགྱུར་ལག་མཐིལ་དུ་བླངས་ནས་བལྟ་ཐུབ་པའི་དུས་རབས་ཀྱི་ནང་དུ། སློབ་ཆེན་པ་ཡོངས་ནས་ཀྱང་ཁ་པར་དང་སྐད་འཕྲིན་བརྒྱུད་ནས་རྒྱལ་ཡོངས་སློབ་ཆེན་སོ་སོའི་དགེ་རྒན་ཆེན་མོ་རྣམས་ཀྱི་སློབ་ཁྲིད་ལ་ཉན་ཐུབ་ཅིང་། དཔེ་དེབ་སྣ་ཚོགས་ལ་བལྟ་ཐུབ་པས་སློབ་སྦྱོང་གི་ཆ་རྐྱེན་ཤིན་ཏུ་ལེགས་ཕྱིན། མ་འོངས་པའི་སྤྱི་ཚོགས་ཀྱི་དཀའ་རྙོག་ཚོར་མི་ཐུབ་ལ། མི་ཚེའི་འོས་འགན་མ་ཤེས་པའི་སྟབས་ཀྱིས། མི་ཚེའི་ཕུགས་འདུན་ལ་སྲ་བརྟན་གྱི་རང་བཞིན་ཆགས་མ་ཐུབ་ཅིང་གཏན་འདུན་གྱིས་སྤོབས་པས་སློང་མ་ཐུབ་པར་སྙམ།

ད་ལྟའི་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་ནས། མི་རིགས་ཀྱི་རིག་གནས་སེམས་ཁམས་དང་སྐད་ཡིག་བཀོལ་སྤྱོད་ཀྱི་རིན་ཐང་མ་དོར་བའི་རྨང་གཞིའི་སྟེང་ནས། སློབ་ཆེན་པ་རྣམས་ཀྱིས་རང་གི་དགའ་མོས་གང་ཡིན་པ་དང་། རང་ལ་འཇོན་ནུས་གང་ཡོད་པ་དེ་ཉིད་ལ་སྔོག་འདོན་དང་འཚོལ་རྟོག་བགྱི་དགོས་ཤིང་། དེ་ལྟར་བྱས་པས་ད་གཟོད་རང་ཉིད་ལ་ངོས་ཟིན་གསར་པ་འཐོབ་ངེས་ལ། མི་ཚེའི་བསྒྲུབ་འོས་ཀྱི་ཕུགས་བསམ་གསར་པའང་རྙེད་ངེས་པས་ན། རྣམ་ཀུན་རང་ཉིད་ལ་དྲན་སྐུལ་དང་སློབ་སྦྱོང་ལ་ཕྱིར་རྟོག་སྤྱི་བསྡོམ་བྱ་བར་གོམས་དགོས་ཤིང་། དེ་འདྲའི་ལས་སུ་དོ་ཁུར་གནང་བ་ནི། མི་ཚེ་ཕུགས་འདུན་གསར་འཛུགས་ཀྱི་སྔོན་འགྲོ་ཡིན།

བཞི་པ། སློབ་ཆེན་སློབ་མའི་འགན་འཁྲིའི་སྐོར།

འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་བའི་གོ་རིམ་དང་ཆོས་ཉིད་ལ་གཞིགས་ཡོང་ན། མི་རབས་རེ་རེར་མི་རབས་གང་དེའི་ལོ་རྒྱུས་ཀྱི་འོས་བབ་དང་འགན་འཁྲི་ཡོད་པ་ཡིན། དེའང་མི་རབས་དེའི་སྲིད་འབྱོར་རིག་གསུམ་གྱིས་ཐག་གིས་བཅད་པ་ཞིག་ཏུ་ཡོད་པ་ཡིན། དེ་བཞིན་མི་རིགས་གང་དེའི་ཤུལ་བཞག་རིག་གནས་རྗེས་འཛིན་དུ་གྱུར་པའི་སློབ་ཆེན་པ་རྣམས་ནི། སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སློབ་ཆེན་པ་དེ་རྣམས་ནི་ཚན་རིག་དང་། ལག་རྩལ་གསར་པ་བསུ་བའི་རུ་འདྲེན་པ་དང་། རིག་གནས་གསར་པ་དང་བསམ་བློ་གསར་པ་སྤེལ་བའི་སྔོན་སྐྱོད་པ་ཡིན་པས། རྒྱལ་ཁབ་ཀྱི་འཇོན་ཐང་ཅན་གྱི་མི་སྣ་དང་། མི་རིགས་ཀྱི་གསོན་ཤུགས་གསར་པར་གྱུར་པའི་རེ་བ་དང་ཡིད་ཆེས་སྙོལ་སའང་ཡིན།

དུས་རབས་གསར་པའི་ནང་དུ་སླེབས་པ་ན། རིག་གནས་གསར་པའི་ནང་འདྲེན་དང་བསམ་བློ་གསར་པའི་སྒོ་འབྱེད་སོགས་ཀྱིས། ལྟོས་འཇོག་གིས་བོད་རིགས་གཞོན་ནུ་རྣམས་ཀྱང་སློབ་ཆེན་འགྲིམ་པའི་སྐལ་བཟང་མིག་ལ་ཤར་ཞིང་ཁ་གྲངས་ཇེ་མང་དུ་སོང་བས། སྤྱི་ཚོགས་དཔལ་ཡོན་ལ་སྙེག་པའི་ཤེས་ལྡན་མི་སྣ་དང་།འགྲན་རྩོད་ཇེ་ཆེར་གྱུར་པའི་ཚོང་རའི་དཔལ་འབྱོར་གྱི་བརྡབ་གསིག་ཁྲོད་ནས་སྤྱི་ཚོགས་སུ་ཞུགས། འདིས་དེང་རབས་བོད་ཀྱི་སློབ་ཆེན་པ་རྣམས་ཀྱིས་ཀྱང་ཡང་དག་པའི་འཇིག་རྟེན་ལྟ་ཚུལ། མི་ཚེའི་ལྟ་ཚུལ། རིན་ཐང་གི་ལྟ་ཚུལ། གཤིས་ཡག་པའི་ཀུན་སྤྱོད་སྤུས་ཚད་སོགས་མཐོར་འདེགས་དགོས་པའི་དུས་རབས་ཀྱི་འགན་འཁྲི་ཁུར་དུ་ལེན་དགོས་པའི་ཆོས་ཉིད་མཛུབ་སྟོན་བགྱིས་ཡོད་པ་ཡིན།

གཅིག སློབ་ཆེན་སློབ་མས་སྤྱི་ཚོགས་གནས་ཚུལ་ལ་བརྟག་པར་གོམས་དགོས།

སྤྱི་ཚོགས་ཞི་བདེ་རུ་གནས་པས་མིའི་བསམ་བློ་ལའང་གཡོ་སྐྱོམ་ཆེན་པོ་བཟོ་མི་སྲིད། གལ་ཏེ་གཡོ་འགུལ་བཟོ་བའི་རྒྱུ་ཞིག་འཚོལ་དགོས་ཚེ། དཔལ་འབྱོར་གྱི་དགོས་མཁོ་དང་བརྡབ་གསིག་ཡིན་ངེས། འོན་ཏེ། མདོ་དབུས་མཐོ་སྒང་གི་ཡུལ་ནས་འཚར་ལོངས་བྱུང་བའི་ན་གཞོན་སློབ་ཆེན་པ་ཚོར་མཚོན་ན། དཔལ་འབྱོར་གྱི་འདུ་ཤེས་ཤུགས་དྲག་ཏུ་མེད་པས་ནང་སེམས་ལ་དེ་འདྲའི་གཡོ་འགུལ་སློང་མི་སྲིད། དེ་བས་ཞི་འཇགས་སུ་གྱུར་པའི་སྣང་ཚུལ་དྲོན་མོའི་འོག་ནས་ཕྱི་ཡི་སྤྱི་ཚོགས་ཀྱི་གནས་ཚུལ་དང་རྣམ་པ། འགྱུར་ལྡོག་སོགས་ལ་དོ་སྣང་ཆེ་ཆེར་མི་བྱེད་པ་ཡིན། དེ་ལྟ་ནའང་འཛམ་གླིང་སྤྱིའི་རིག་གནས་སྣ་མང་ཅན་དུ་འཕེལ་ཞིང་། སྤྱི་ཚོགས་ཚན་རྩལ་གསར་བརྗེའི་རང་བཞིན་གྱིས་དར་གྱིན་ཡོད་པས། མི་རྣམས་ཀྱི་ཤེས་རིག་གི་ཆུ་ཚད་དང་འཚོ་བའི་སྤུས་ཚད་དུས་དང་བསྟུན་ནས་ཇེ་མཐོར་འགྲོ་བཞིན་ཡོད་པ་ཡིན། དེ་བཞིན་སྤྱི་ཚོགས་ཀྱི་སྣང་ཚུལ་མི་གཅིག་པའི་ཁུགས་སོ་ཆེན་པོ་འདིའི་ནང་དུ། འདུ་ཤེས་འཛིན་སྟངས་མི་འདྲ་བའི་དབང་གིས་ས་ཁུལ་སོ་སོའི་འགལ་འདུ་དང་། མི་རིགས་སོ་སོའི་རིགས་ཞེན། ཡུལ་ལུང་སོ་སོའི་གུ་དོག ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་སོགས་རྫོབ་སྟུག་པའི་རིག་གནས་ཀྱི་སྣང་ཚུལ་སོགས་ལ་སློབ་ཆེན་པ་རྣམས་ནས་བརྟག་དཔྱད་དང་ཉམས་ཞིབ་གང་ལེགས་བྱས་ཏེ། སྤྱི་ཚོགས་དཔལ་འབྱོར་འཕེལ་བའི་དུས་རབས་ཀྱི་སྔུན་ནས་གདོད་མར་ལུས་པའི་ཡུལ་ཁམས་རིག་གནས་དང་། བསམ་བློའི་རིག་གནས་སོགས་ལ་གདམ་གསེས་ལེགས་སྒྲིག་ཡོད་པའི་སྒོ་ནས་འཛིན་སྐྱོང་སྲུང་གསུམ་བྱ་དགོས་པའི་འགན་འཁྲི་ཡོད་དགོས་པ་ཡིན།

དེ་ལྟར་སློབ་ཆེན་སློབ་མ་ནི། དཔེ་དེབ་ཁོ་ནར་སིམ་ནས་འདུག་པར་མི་རིགས་ཏེ། ངེས་པར་དུ་ཡུལ་སྐོར་རྟོག་དཔྱོད་ལ་འགྲོ་དགོས་ཤིང་། བསླབ་དེབ་ནང་ན་མེད་པའི་ཤེས་བྱའི་བོངས་ཚད་མཐོན་པོ་ཀུན་སློབ་གླིང་ཁོར་ཡུག་ལས་འདས་པའི་སྤྱི་ཚོགས་ཡུལ་ལུང་རིག་གནས་ཏེ་ཡུལ་གྲུ་སོ་སོ་དང་དགོན་སྡེ་ཁག དམངས་ཁྲོད་རིག་གནས་ཀྱི་བང་མཛོད་ན་ཡོད་པས། དེ་དོན་གསལ་བོར་དབྱེ་ཞིབ་དང་སྔོག་འདོན། ལེགས་སྒྲིག་སྒོས་ཡུལ་དངོས་རྟོག་དཔྱོད་ཀྱི་ལམ་ནས་ཟིན་ཐོར་འགོད་དགོས། འདི་ལྟར་ན། སློབ་ཆེན་སློབ་མའི་རིག་གནས་སྔོག་འཚོལ་དང་སྤྱི་ཚོགས་སྣང་ཚུལ་བརྟག་དཔྱད་ཉིས་ཆར་དུ་གྲུབ་པ་ཡིན་པས། སློབ་ཆེན་སློབ་མ་ཞིག་ལ་མཚོན་ན། ཡུལ་དངོས་རྟོག་དཔྱོད་ནི་མེད་དུ་མི་རུང་བའི་སློབ་ཆེན་འཚོ་བའི་ཁྲོད་ཀྱི་རང་གདམ་གྱི་བསླབ་ཚན་ཞིག་ཡིན་སྙམ། 《བོད་ཁུལ་ཡུལ་སྲོལ་རིག་གནས་རྟོག་དཔྱོད》③ ལ་མཚོན་ནའང་། སྡེ་བ་རེ་ལ་དཔེ་དང་ལུང་བ་རེ་ལ་ཆུ་ཞེས་པ་བཞིན། བོད་མདོ་དབུས་ཁམས་གསུམ་གྱི་སློབ་བུ་ཚོས། རང་རང་གི་ཡུལ་ལུང་བྱེ་བྲག་པའི་རིག་གནས་བྱེ་བྲག་པར་བཅར་འདྲི་དང་། རྟོག་དཔྱོད་བགྱིས་ནས་ཟིན་ཐོར་བཀོད་པ་རྣམས་ཕྱོགས་སུ་བསྒྲིགས་པས། སློབ་བུ་ཁོ་ཚོའི་སྤྱི་ཚོགས་སྣང་ཚུལ་རྟོག་ཞིབ་དང་རིག་གནས་ཉམས་ཞིབ་བྱས་པའི་རིན་ཐང་བླ་མེད་ཆགས་ཡོད་པས་ན། སློབ་ཆེན་པ་ཞིག་གི་མི་ཚེའི་སློབ་སྦྱོང་གི་གོ་རིམ་ཁྲོད་དུ་བཞག་ནས་བལྟས་ཚེ། རིན་ཐང་ཅུང་ཟད་ཆགས་འདུག་པའི་བློ་སྤོབས་མཐོང་ཞིང་། དགེ་སློབ་ཀུན་ནས་རྩོལ་པ་བསྐྱེད་པའི་རྔུལ་ཆུའི་འབྲས་བུར་བརྩིས་ཆོག་པ་ཡིན།དེ་བས། སློབ་ཆེན་སློབ་མ་རྣམས་ནི། རྣམ་ཀུན་ཁ་མིག་བསླབ་དེབ་ཁོ་ནར་འབྱར་ནས་འདུག་པའི་སྲོལ་དེ། དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་ཁྲོད་ནས་ཅུང་ཟད་རྙིང་ཞན་ཅན་དུ་འདུག་སྙམ་པས། སློབ་ཆེན་སློབ་མས་བསླབ་གཞི་ཧུར་བརྩོན་གྱིས་སྦྱང་དགོས་པའི་ཞོར་ལ། སྤྱི་ཚོགས་འཕེལ་རྒྱས་དང་འགྱུར་ལྡོག་ལ་བརྟག་དགོས་པར་འདོད་ཅིང་། སློབ་ཕྱིའི་བྱ་འགུལ་སྣ་ཚོགས་ལའང་ཞུགས་ཏེ། ཡུལ་དངོས་རྟོག་དཔྱོད་དང་སློབ་གླིང་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཤིང་འབད་འབུངས་བགྱིས་ན་ལེགས་པར་སྙམ།

གཉིས། སློབ་ཆེན་སློབ་མས་རིག་ཚན་གསར་པར་སློབ་སྦྱོང་བྱ་དགོས།

གོང་གསལ་ཁྲིད་གཞི་རྙིང་ཞན་ཅན་དང་བསྐྱར་ཟློས་ཅན་དུ་ཡོད་པ་ལས་གནད་ཅིག་ཤེས་རྟོག་བྱུང་བ་ནི། རིག་ཚན་གསར་པ་འཛུགས་སྐྲུན་མ་ཐུབ་པའི་གྱོང་ཡིན། དེ་ལྟར་སློབ་གླིང་གི་ཆེད་ལས་བསླབ་གཞི་དང་དངོས་ཡོད་བར་ལ་ཧེ་བག་ཤོར་བའི་ཕངས་སེམས་དེ་མེད་པར་བཟོ་ཆེད། སློབ་ཆེན་པ་ཡོངས་ནས་རིག་ཚན་གསར་པའི་རྣམ་གྲངས་ལ་སློབ་སྦྱོང་བྱ་འོས།ང་ཚོའི་མི་རིགས་སློབ་གླིང་སོ་སོ་ན་བཙུགས་ཤིང་སྦྱང་བཞིན་པའི་ཆེད་ལས་དེ་ཉིད། སློབ་གླིང་གང་དེའི་ཕྱི་རོལ་ཏེ་འཚོ་བ་དངོས་ལ་ཞུགས་ཏེ་ཆེད་ལས་ཀྱི་ལས་ཀ་གཉེར་བསམ་དུས། སྟོད་བྱེད་སྒ་ཡོད་རུང་བསྟད་བྱའི་རྟ་མེད་པའི་ཕངས་སེམས་དང་འུ་ཐུག་གིས་གཅུན་ཡོད་པ་དེ། མི་རིགས་སོ་སོའི་མདུན་དུ་ལྷག་པའི་ཐུན་མོང་གི་གནད་དོན་ཞིག་དང་། དཀའ་ཁག་གཏོས་ཆེ་བའི་ཆེད་ལས་འཛུགས་སྐྲུན་དང་། བསླབ་གཞི་བཅོས་སྒྱུར་གྱི་གནད་དོན་ཡིན་པས་འདིར་གླེང་བར་མ་གྱུར་ཀྱང་།ང་ཚོ་སློབ་ཆེན་སོ་སོར་རྐང་རྟེན་ཆགས་ཟིན་པའི་སློབ་མ་རྣམས་ནས། རང་གི་མདུན་སར་ཡོད་པའི་སྐད་ཡིག་བེད་སྤྱོད་དང་། མིག་སྔར་སློབ་གླིང་སོ་སོར་སྤྱི་མཐུན་གྱིས་གྲུབ་པའི་རྩོམ་རིག་དང་ལོ་ཙཱའི་ཆེད་ལས་ཏན་ཏིག་གིས་སྦྱང་དགོས་རྒྱུ་ཡོད་ཅིང་། དེ་དག་ལས་མགོ་བརྩམས་ནས་རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་པའི་རིག་ཚན་གསར་པར་སློབ་སྦྱོང་བྱེད་དགོས།

དེ་ལྟར། ཤེས་བྱ་སྣ་འཛོམས་སུ་གཏོང་བ། རྩོམ་རིག་བློ་སྦྱོང་ཡངས་པོར་བྱེད་པ། ལྷག་དོན་བསམ་གཞིག་ནུས་པ་སྐྱེད་སྲིང་བྱེད་པ། མི་གཤིས་ཀུན་སྤྱོད་མཐོར་འདེགས་གཏོང་བ་བཅས་ཀྱི་འགན་ནུས་ཡོད་པ་དེ་དག་ལ་བརྩོན་ལེན་བྱ་དགོས་པ་རེད། སྤྱི་ཚོགས་ལས་གནས་ཀྱི་རྒྱུགས་གཞི་ཁོ་ནའི་ཆེད་དུ། བོད་ཡིག་སྣང་མེད་དུ་འཇོག་པ་དེ་ནི་མིག་རྒྱང་ཐུང་བའི་སྐྱོན་ཡིན་ཏེ། དུས་རབས་དང་སྤྱི་ཚོགས་ཀྱི་ཁ་གཏད་ལས། མི་རིགས་རང་གི་སྐད་དང་ཡི་གེར་སྤྱོད་སྒོ་ཆུང་ཞིང་ཉམས་ཞན་དུ་འགྲོ་བའི་སྣང་ཚུལ་ཡོད་ནའང་། རིག་གནས་རྒྱུད་འཛིན་མཁན་གྱི་སློབ་ཆེན་པ་ཞིག་གི་ངོས་ནས་བར་སྟོང་དེ་ལྟ་བུ་སྙོམས་པོར་འཇུག་པ་ལ། རིག་ཚན་གསར་པར་སློབ་སྦྱོང་བྱས་ནས་དམིགས་བྱའི་ཚད་ཤིང་ལོན་པར་འབད་དགོས། དེ་ལས་ལྡོག་སྟེ་མི་རིགས་རང་གི་སྐད་ཡིག་ལ་མཐོང་ཆུང་དང་། བཀོལ་སྤྱོད་ཀྱི་རིན་ཐང་མེད་པར་བསྙད་པ་ནི་རང་ཚུགས་མེད་པའི་རྟགས་སུ་མངོན། །
 
①扈中平 教育的出发点是人 [J] 成才之路 2012(9)
② 胡粥成 周珍 教育的原价值探析 [J] 高教探索 2017(6)
③ དཔལ་ལྡན་རྒྱ་མཚོས་བསྒྲིགས། བོད་ཁུལ་ཡུལ་སྲོལ་རིག་གནས་རྟོག་དཔྱོད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ།
                                 征稿启事
为进一步帮助指导我省各地中小学用好国家统编语文、道德与法治(含
普通高中思想政治)、历史“三科”教材,全面贯彻党的教育方针,坚持立德
树人、发挥“三科”教材铸魂育人功能,推动全省中小学提高“三科”教学规
范化、教师专业化和教研系统化水平,本刊将开设“实践探索 •‘三科’教学”
专栏。欢迎投稿


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1