ཕྱིར་མིག་ལྟ་བ། བགྲང་བྱ་40རིང་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་གྱི་གླེང་བྱ་གང་དག་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


སྤྱི་ཟླ་8པའི་ཚེས་28ཉིན་ནས་ཚེས་29ཉིན་བར། ཀྲུང་དབྱང་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་ནས་འཚོགས།


མིག་སྔར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ། ཞིང་ཆེན་ཞིག་གི་ཆེད་དུ་ཚད་གཞི་མཐོན་པོ་འདི་ལྟ་བུའི་བཞུགས་མོལ་ཚོགས་འདུ་འཚོགས་པ་བོད་ལྗོངས་དང་ཞིན་ཅང་མ་གཏོགས་མེད་པ་དང་། ཐེངས་བདུན་ལ་བསྟུད་མར་ཞིང་ཆེན་ཞིག་གི་ཆེད་དུ་འཚོགས་པ་བོད་ལྗོངས་ལས་མེད།

《 བོད་ལྗོངས་ཉིན་རེའི་ཚགས་པར།》སྟེང་2018ལོར་སྤེལ་བའི་《 བཅོས་བསྒྱུར་སྒོ་འབྱེད་ཚུན་གྱི་ཀྲུང་དབྱང་གི་བོད་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་རིམ་བྱུང་གི་ཁྱད་ཆོས་གཙོ་བོ་དང་ཤུགས་རྐྱེན་གལ་ཆེན།》 ཞེས་པའི་རྩོམ་ཡིག་ཁྲོད་བསྟན་དོན། བོད་དོན་བཞུགས་མོལ་ཚོགས་འདུ་ནི་ཀྲུང་དབྱང་གིས་བོད་དོན་ལ་ཆེད་མངགས་ཞིབ་འཇུག་དང་ཇུས་འགོད་བྱེད་པའི་ནུས་ལྡན་གྱི་རྣམ་པ་ཞིག་རེད།

བཞུགས་མོལ་ཚོགས་འདུ་ཐེངས་བདུན་པོ་སོ་སོ་1980ལོ་དང་། 1984ལོ། 1994ལོ། 2001ལོ། 2010ལོ། 2015ལོ་དང་2020ལོ་བཅས་སུ་འཚོགས་ཤིང་། དེ་ལས་ཀྲུང་དབྱང་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དང་ཐེངས་གཉིས་པ་ནི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་མིང་ཐོག་ནས་འཚོགས་པ་དང་། ཐེངས་གསུམ་པ་ནས་བཟུང་ཏང་ཀྲུང་དབྱང་གི་མིང་ཐོག་ནས་འཚོགས་འགོ་ཚུགས་པ་རེད།

ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལེན་ཞང་མིན་གྱིས་《མི་དམངས་ཉིན་རེའི་ཚགས་པར་ཕྱི་རྒྱལ་པར་གཞི།》ཡི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་མཚམས་སྦྱོར་བྱས་པ་ལྟར་ན། བཞུགས་མོལ་ཚོགས་འདུ་འཚོགས་པའི་དུས་ཚོད་ཚང་མ་“གལ་ཆེའི་དུས་སྐབས་”སུ་བདམས་པ་དང་། ཚོགས་འདུའི་ཐོག་བོད་སྐྱོང་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། ཁ་གཏད་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། མཇུག་མཐར་བོད་ལ་དམིགས་པའི་བརྒྱུད་རིམ་ལྡན་པའི་སྲིད་ཇུས་ཆ་ཚང་ཞིག་གཏན་འབེབས་བྱས་ཡོད།

《 མི་དམངས་ཉིན་རེའི་ཚགས་པར།》ལས་ཀྲུང་དབྱང་གི་བོད་དོན་བཞུགས་མོལ་ཚོགས་འདུ་རིམ་བྱུང་ལ་ཕྱིར་མིག་ལྟ་བའི་གསར་འཕྲིན་ལས་བསྟན་དོན། བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་རེ་རེར་བྱ་ཐབས་གལ་ཆེན་བཏོན་ནས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ལ་སྐུལ་འདེད་ཤུགས་ཆེན་བཏོན་ཡོད།


བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ།
1980ལོའི་ཟླ་3པའི་ཚེས་14ཉིན་ནས་ཚེས་15ཉིན་བར། ཀྲུང་དབྱང་གི་ཧྲུའུ་ཅི་ཁྲུའུ་ཡིས་པེ་ཅིང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཡའོ་པང་གིས་ཚོགས་འདུར་གཙོ་སྐྱོང་གནང་། བོད་རང་སྐྱོང་ལྗོངས་ཀྱི་པེ་ཅིན་དུ་ཡོད་པའི་འགན་འཁུར་བློ་མཐུན་ཁག་ཅིག་གིས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ལ་ལས་དོན་སྙན་སེང་ཞུས་པ་དང་། ཚོགས་འདུའི་ཐོག་《བོད་དོན་བཞུགས་མོལ་ཚོགས་འདུའི་ཟིན་བྲིས་གནད་བསྡུས།》གྲུབ་པ་རེད།

འདི་ནི་བོད་ལྗོངས་ཞི་བའི་བཅིངས་འགྲོལ་དང་དམངས་གཙོ་བཅོས་བསྒྱུར་བྱས་ཚུན། བོད་ལྗོངས་ལ་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་མངོན་འགྱུར་བྱུང་བའི་ཚོགས་འདུ་གལ་ཆེན་ཞིག་ཡིན། བཞུགས་མོལ་ཚོགས་འདུར་བོད་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏང་དགོས་པ་བསྟན་ཏེ། དེས་བོད་ལྗོངས་ཀྱི་ལས་ཀའི་ལྟེ་གནས་བསྒྱུར་བ་དང་། བོད་ལྗོངས་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འགོ་ཚུགས་པ་རེད།

ཚོགས་འདུ་གྲོལ་རྗེས། ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་ཚུལ་ལ་གཞིགས་ནས། བོད་ལྗོངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བར་མ་ཟད། དེར་བསྟུན་གྱིས་བོད་ལྗོངས་ལ་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་གཏན་འབེབས་བྱས།


བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ།
1984ལོའི་ཟླ་2པ་ནས་ཟླ་3པའི་བར། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ཚོགས་འདུར་བློ་མཐུན་ཧུའུ་ཡའོ་པང་གིས་གཙོ་སྐྱོང་གནང་བ་དང་ཀྲུང་དབྱང་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ། དེ་མིན་བོད་རང་སྐྱོང་ལྗོངས་ཏང་སྲིད་དམག་འགན་འཁུར་པ་དང་ས་གནས་དང་གྲོང་ཁྱེར་ཏང་ཨུའི་འགན་འཁུར་པ་བསྡོམས་པས་མི་70ལྷག་ཚོགས་འདུར་ཞུགས།

ཐེངས་འདིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་ལས་རྒྱལ་ཡོངས་རང་བཞིན་གྱི་བོད་སྐྱོར་ལས་གཞིའི་འགོ་ཚུགས་པ་མཚོན་ཡོད།

ཚོགས་འདུའི་ཐོག །ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན། ཅང་སུའུ། ཀྲེ་ཅང་། སི་ཁྲོན། ཀོང་ཏུང་། ཧྲན་ཏུང་། ཧྥུའུ་ཅན་སོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་9ཡི་ཆུ་གློག་པུའུ་དང་། ཞིང་ཕྱུགས་ཉ་ལས་པུའུ། རྒྱལ་ཁབ་འཛུགས་སྐྲུན་རྒྱུ་ཆ་ཅུས་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་བོད་ལྗོངས་ལ་ཉེ་དུས་ཁ་ཚ་དགོས་གཏུག་གི་ལས་གཞི་རྣམ་གྲངས་འབྲིང་ཆུང་43འཛུགས་སྐྲུན་བྱེད་རོགས་བྱས།
བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ།

1994ལོའི་ཟླ་7པའི་ཚེས་20ཉིན་ནས་ཚེས་23ཉིན་བར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས།

ཚོགས་འདུའི་ལས་འགན་གཙོ་བོ་ནི། ཏེང་ཞའོ་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ཏང་གི་གཞི་རྩའི་ལམ་ཐིག་གིས་མཛུབ་སྟོན་གནང་བ་དང་། བོད་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་བརླིང་གི་དོན་ཆེན་གཉིས་གཞིར་བཟུང་ནས། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད་བྱས་ཏེ། བོད་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་མཛུབ་ཁྲིད་བསམ་བློ་སྔར་ལས་ཁ་གསལ་བཟོས་པར་མ་ཟད། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས། ཧུར་ཐག་གིས་བོད་དོན་གྱི་རྣམ་པ་གསར་པ་བཏོད།

ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཀྲུང་དབྱང་གི་སྡེ་ཁག་སོ་སོ་དང་ཞིང་ཆེན་དང་གྲོང་ཁྱེར་15ཡི་“ཁ་གཏད་རོགས་སྐྱོར་དང་། ཆ་བགོས་འགན་འཁུར། དུས་བཀག་བརྗེ་རེས།”ཀྱི་ཇུས་ཆོད་གལ་ཆེན་བཏོན་པར་མ་ཟད། ཞིང་ཆེན་དང་ཆུས། གྲོང་ཁྱེར་ཁག་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་བོད་སྐྱོར་རྣམ་གྲངས་62འཛུགས་སྐྲུན་བྱས་པར་སྐུལ་མ་གནང་སྟེ། རྒྱལ་ཡོངས་ཀྱིས་བོད་སྐྱོར་བྱེད་པའི་རྣམ་པ་གསར་པ་བསྐྲུན།
བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ།
2001ལོའི་ཟླ་6པའི་ཚེས་25ཉིན་ནས་ཚེས་27ཉིན་བར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་ནས་བོད་དོན་བཞུགས་མོལ་ཚོགས་འདུ་ཐེབས་བཞི་པ་འཚོགས།

གྲོས་ཚོགས་ཀྱི་འོས་འགན་གཙོ་བོ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་ཏང་གི་གཞི་རྩའི་ལམ་ཕྱོགས་ཀྱིས་མཛུབ་སྟོན་བྱས་ཤིང་། བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་བོད་ལྗོངས་ལས་དོན་ཐད་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་བསྡོམས་དང་། དུས་རབས་གསར་པའི་ཐོག་མའི་དུས་རིམ་གྱི་བོད་ལྗོངས་ལས་དོན་ལ་འཕྲད་པའི་གནས་བབ་དང་འོས་འགན་ལ་དབྱེ་ཞིབ། གོམ་གང་མདུན་སྤོས་ཀྱིས་བོད་ལྗོངས་ལས་ཀའི་གནད་དོན་ཆེན་པོ་ཁག་ཅིག་ལ་ཞིབ་འཇུག་བྱས་ཏེ་བོད་ལྗོངས་སུ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་མངོན་དུ་འགྱུར་བར་སྐུལ་འདེད་བཏང་།

གྲོས་ཚོགས་ལས་བསྟན་དོན། བོད་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་ནས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་དང་། བོད་ལྗོངས་སྤྱི་ཚོགས་ཀྱི་གནས་བབ་གཞི་རྩའི་ཆ་ནས་བདེ་འཇགས་ཡིན་པ་ནས་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏང་དགོས་ཤིང་། འདི་ནི་ང་ཚོས་དུས་རབས་གསར་པར་ཁྱོན་ཡོངས་ནས་བོད་ལྗོངས་ལས་ཀར་སྐུལ་འདེད་གཏོང་བའི་འོས་འགན་གཙོ་བོ་ཡིན།

བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ།

2010ལོའི་ཟླ་དང་པོའི་ཚེས་18ཉིན་ནས་ཚེས་20ཉིན་བར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་ནས་བོད་དོན་བཞུགས་མོལ་ཚོགས་འདུ་ཐེབས་ལྔ་པ་འཚོགས།

ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ནི་རང་རྒྱལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གནད་འགག་གི་དུས་རིམ་དང་བོད་ལྗོངས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ནས་གནད་འགག་གི་དུས་རིམ་ལ་སླེབས་པའི་སྐབས་སུ་འཚོགས་པ་ཡིན། གྲོས་ཚོགས་ལས་བོད་ལྗོངས་ཀྱི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་དང་ཡུན་རིང་བདེ་བཀོད་ལ་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པར་མ་ཟད། སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་ཞིང་ཆེན་བཅས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། གྲོས་ཚོགས་ལས་བོད་ལྗོངས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ(མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་བ)དང་དམིགས་བསལ་འགལ་བས(རིགས་སོ་སོའི་མི་དམངས་དང་ཏཱ་ལའི་ཚོགས་ཁག་གཙོ་བྱས་པའི་ཁ་བྲལ་སྟོབས་ཤུགས་བར་གྱི་འགལ་བ།)བོད་ལྗོངས་ལས་དོན་གྱི་བརྗོད་དོན་ནི་ངེས་པར་དུ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏང་རྒྱུ་དེ་ཡིན་པ་ཐག་བཅད་ཅིང་བོད་ལྗོངས་དེ་རྒྱལ་ཁབ་བདེ་འཇགས་ཀྱི་འགོག་ཡོལ་གཙོ་བོ་དང་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ཡོལ་གཙོ་བོ། འཐབ་ཇུས་ཐོན་ཁུངས་ཉར་གསོག་གི་རྟེན་གཞི་གཙོ་བོ། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གཙོ་བོ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་ཁུལ་གཙོ་བོ། འཛམ་གླིང་ཡུལ་སྐོར་བྱ་ཡུལ་གཙོ་བོ་བཅས་སུ་འགྱུར་དགོས་ཞེས་བསྟན།

བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།

2015ལོའི་ཟླ་8པའི་ཚེས་24ཉིན་ནས་ཚེས་25ཉིན་གྱི་བར། ཀྲུང་དབྱང་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་པེ་ཅིན་དུ་འཚོགས།

ཚོགས་འདུའི་ཐོག་ཏང་གི་བོད་སྐྱོང་འཐབ་ཇུས་ཐོག་མར་སྙིང་བསྡུས་བྱས་ནས། ངེས་པར་བསྒྲུབ་དགོས་པ་དྲུག་བསྟན།

ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་བྱེད་པ།

ངེས་པར་དུ་རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་བརླིང་ཡོང་བར་བྱེད་པའི་འཐབ་ཇུས་དགོངས་པ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་བོད་ལྗོངས་སྐྱོང་བ་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་ལྗོངས་འཛུགས་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་བྱེད་པ།

ངེས་པར་དུ་བོད་ལྗོངས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་དམ་པོར་བཟུང་ནས། དམངས་འཚོ་ལེགས་བཅོས་དང་། མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ཐོག་མའི་ཀུན་སློང་དང་མཐར་ཐུག་དམིགས་འབེན་དུ་བརྩིས་ཏེ། ཏཱ་ལའི་ཚོགས་པ་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལ་གཡོ་འགུལ་མི་གཏང་རྒྱུ་རྒྱུན་འཁྱོངས་བྱེད་པ།

ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་ངོས་འཛིན་གཅིག་མཐུན་ཟམ་མི་ཆད་པར་ཇེ་མཐོར་གཏང་དགོས།

ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ་བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ཀྱི་ཁྲོད་བོད་ལྗོངས་ཀྱི་ལས་དོན་ཡག་པོར་བསྒྲུབ་དགོས།

ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། བོད་ལྗོངས་སུ་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏང་དགོས།

བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ།

2020ལོའི་ཟླ་8ཚེས་28ཉིན་ནས་ཚེས་29ཉིན་གྱི་བར། ཀྲུང་དབྱང་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པར་མ་ཟད། གསུང་བཤད་གལ་ཆེན་གནང་།

དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཐད། ཞི་ཅིན་ཕིང་གིས་ངེས་པར་བསྒྲུབ་དགོས་པ་བཅུ་གསུངས།

1.ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱ་དགོས།

2.ངེས་པར་དུ་རྒྱལ་ཁབ་སྐྱོང་བར་སྔོན་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་བརླིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་མཐའ་འཁྱོངས་བྱ་དགོས།

3.ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱ་དགོས།

4.ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱ་དགོས།

5.ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ།

6.ངེས་པར་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས།

7.ངེས་པར་དུ་མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏང་དགོས།

8.ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས།

9.ངེས་པར་དུ་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱ་དགོས།

10.ངེས་པར་དུ་ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།

ཞི་ཅིན་ཕིང་གིས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས་ཞེས་ནན་གྱིས་བསྟན། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1