བཞི་མདོའི་ཟ་ཁང།

སྐྱབས་ཆེན་བདེ་གྲོལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


མཁའ་སྤྱོད་སྒྲོལ་མ་དང་ཨ་མ་གཉིས་པར་ལེན་མཁན་དག་གིས་བསྐོར་བ་ལས་ཐར་རྗེས་ཁོང་གཉིས་ཀྱིས་ལྷ་ཁང་ཞིག་གི་འདབས་ནས་ངལ་གསོས། ཨ་མའི་གདོང་ལ་ཞི་དུལ་གྱི་འཛུམ་ཞིག་བྱུང་ཞིང་མོས་མཁའ་སྤྱོད་སྒྲོལ་མའི་གཟན་ལ་ཐོད་པ་གཏུག་ཙམ་བྱས་ཏེ།

“དེ་འདྲ་ཡིན་ན་ངས་ཁྱོད་མི་འགོག དགེ་རྒན་ལ་བཤད་ཡོད་དམ”ཟེར།

“དགེ་རྒན་ལ་བཤད་ཟིན། ད་ལོའི་དབྱར་ཁ་ནས་ཁོང་མོའང་གནས་མཇལ་ལ་འགྲོ་བ་དང་ཡུན་རིང་པོར་མཚམས་ལ་བཞུགས་རྩིས་ཡོད་པས་ང་དེ་ལ་སོང་བར་འཐད་པ་ཡིན་ཟེར། ཨ་མ། སྐྱོན་ཡོད་མི་སྲིད། ངས་རང་མགོ་ཐོན་སྲིད”

དེ་ལྟར་སྨྲས་རྗེས་མཁའ་སྤྱོད་སྒྲོལ་མས་གློ་ལུ་ཐེངས་འགར་བརྒྱབ་ཅིང་ཁ་ལུད་སར་འཕངས།

མོས་རུམ་ནས་ཆུ་བླངས་ཏེ་འཐུང་བར་རྩོམ་པའི་སྐབས་སུ་ཨ་མས་དེར་བསྙབས་ནས་མཁའ་སྤྱོད་སྒྲོལ་མའི་གཟན་གྱིས་དེའི་ཁ་འབྱིད་ཙམ་བྱས་ཤིང་།

“ངས་དེ་དབྱི་རྒྱུ་བརྗེད་སོང”ཟེར།

“ཨ་མ། སྐྱོན་ཡོད་པ་མ་རེད། ང་མ་ཅིག་ལབ་སྒྲོན་ཡིན་ཡང་ཁྱེད་ཀྱི་མངལ་ལས་སྐྱེ་བ་རེད”ཟེར་བཞིན་དགོད་ཙམ་བྱས་ཏེ་ཆུ་བཏུང་། ཨ་མ་དང་མོ་གཉིས་ཀྱི་བར་དུ་མི་གཞན་དང་འཕྲད་ཚེ་མེད་པའི་ཀུ་རེ་རྩེ་སྲོལ་ཞིག་ཡོད་པ་དེ་སླར་ཡང་བྱུང་། མོའི་འཛུམ་མདངས་མཐོང་བས་ཨ་མས་དགའ་སྤྲོ་དང་བཅས་སླར་ཡང་ཚེ་དཔག་མེད་ཀྱི་གཟུངས་སྔགས་བཟླས་ཤིང་ཁོང་གཉིས་ཡར་ལངས་ཏེ་སོང་བ་དང་ཅུང་ཙམ་ནས་ཉ་འཚོང་ས་དེར་སླེབས།

ཨ་མས་དེ་གའི་ཟིང་ཆ་མཐོང་མ་ཐག“འདི་ནས་འགྱིག་ཁུག་ཆེན་པོ་ཞིག་ཉོ་རྒྱུ་ཨེ་རྙེད་དམ། ངས་ཀྱང་ཉ་འགའ་ཚེ་ཐར་ལ་གཏང་འདོད”ཟེར།

མཁའ་སྤྱོད་སྒྲོལ་མས“མི་འདི་ཚོས་ཐག་རིང་ནས་གཙང་པོའི་དར་བརྐོས་ཏེ་ཉ་དེའི་ནང་དུ་གཏོང་གི་ཡོད་པ་རེད། འུ་གཉིས་དེ་ལ་སླེབ་ཐུབ་བམ”ཟེར་བཞིན་མུ་མཐུད་ལམ་དུ་འགྲོ་རྩིས་བྱས།

ཡིན་ཡང་ཨ་མས་ཁ་དེ་ཕྱོགས་སུ་འཁོར་ཞོར་དུ“དེ་གར་འགྲོ་བའི་མི་ཞིག་ལ་ཞུ་བ་བྱས་ཏེ་འཁྱེར་དུ་བཅུག་ན་མི་ཆོག་གམ”ཟེར།

མཁའ་སྤྱོད་སྒྲོལ་མ་ན་རེ། “དེ་ཚོས་ཕྱིར་ཉ་འཚོང་མཁན་ལ་བཙོང་ཡང་སྲིད”

“བོད་ཅིག་གིས་དེ་འདྲ་བྱ་ག་ལ་སྲིད”

“ཨ་མ། ཁྱེད་དངོས་གནས་དྲང་མོ་རེད། དེང་སང་བོད་ཀྱིས་མི་བྱེད་པ་ཅི་ཡང་མེད། བོད་ཀྱི་ནང་ན་ཉལ་ཐ་འཐེན་མཁན་ཡང་མང་པོ་འདུག་ཟེར་བ་མ་གོའམ”

ཨ་མས་མོའི་སྐད་ཆ་དེ་གོ་རྗེས་གདོང་ནག་རོག་གེར་གྱུར་ནའང་དེའི་སྐོར་ལ་རྩད་མི་གཅོད་པར།

“གང་ལྟར་འདི་ནས་འགྱིག་ཁུག་ཅིག་ཉོ་རྒྱུ་ཨེ་རྙེད་བལྟ”

ཨ་མས་དེ་ག་ནས་ཡར་མར་ལ་ལྟ་བཞིན་པའི་སྒང་ལ་བསྟན་འཛིན་མཐོང་ཞིང“མཁའ་སྤྱོད་ལྟོས་དང་། ཞི་ལུ་འདི་ན་འདུག”ཟེར།

སྐབས་དེར་མཁའ་སྤྱོད་སྒྲོལ་མའི་ཁ་པར་གྲགས།

7

མཚམས་མི་ཆད་པར་ཆུ་བཞུར་བ་ལྟར་འགྲོ་བའི་མཇལ་པ་དག་དང་བསྡུར་ན་ཉ་འཕྲོག་རྩོད་བྱེད་བཞིན་པའི་མི་རྣམས་ཀྱིས་ཀྲའོ་ཞུའེ་ཧྭའི་མིག་གི་དང་བ་ཀུན་ནས་དྲངས། མོས་ཟུར་དང་ངོས་མི་འདྲ་བ་ནས་མྱུར་སྒོ་གནོན་པའི་སྐབས་སུ་ཉ་འཚོང་མཁན་དག་གི་ལྭ་བ་སྔོན་པོ་དང་། ཉ་དང་ཉེའུའི་ལུས་སྟེང་གི་བཀྲག་མདངས། ཉ་ཉོ་མཁན་ཚོའི་བོད་ལྭ་མི་འདྲ་བ་དག་གི་ཚོན་མདངས་ལས་མོར་ཡག་སྣང་གསར་པ་ཞིག་བྱུང་། སྐབས་འདིར་མ་གཏོགས་མོ་ལ་དེ་འདྲའི་ཚོར་བ་ཡོད་མ་མྱོང་ཞིང་ཏག་ཏག་དེས་ལྟོགས་པའི་སྐབས་ཀྱི་ཟས་སྲེད་ཇི་བཞིན་མོ་རང་མུ་མཐུད་དུ་པར་ལེན་པར་བསྐུལ།

སེམས་ནང་གི་ཚོར་བ་ཡང་མོ་དེའི་རྐྱེན་པས་མོས་བརླ་བར་གྱི་རློན་སྣང་དེ་ལའང་མཉམ་འཇོག་མ་བྱས་པར་པར་ཡིད་ཚིམས་པ་ཞིག་བླངས་རྗེས་ཕྱིར་མགྲོན་ཁང་དུ་སོང་སྟེ་ནང་གི་གྱོན་པ་རྣམས་བརྗེས་ཀྱང་སྐྱོན་མི་འདུག་སྙམ།

སྐབས་དེར་མོའི་ཁ་པར་གྲགས།

ཁ་པར་གཏོང་མཁན་ནི་ཏག་ཏག་ལི་ཀང་རེད།

“ཝེ། ཞའོ་ཀྲའོ། ཁྱོད་བདེ་མོ་ཡིན་ནམ། དེ་ག་ནས་ལོབས་ཨེ་འདུག རྫ་དུག་གིས་གནོད་ཀྱིན་མེད་དམ”

“ལའོ་ལི། ཁྱོད་བདེ་མོ། རྫ་དུག་གིས་གནོད་ཀྱིན་མི་འདུག ཏག་ཏག་ངས་པར་ཡག་པོ་ཞིག་ལེན་རྒྱུ་རྙེད་པའི་སྐབས་ལ་ཁྱོད་ཀྱིས་བར་ཆད་བྱས་བྱུང་། པར་འདི་དག་ལ་ཁྱོད་དགའ་ཁོ་ཐག་ཡིན”

“པར་ཡག་པོ་ལེན་མ་ཐུབ་ཀྱང་སྐྱོན་མེད། གཙོ་བོ་ཁྱོད་རང་གི་འགྲུལ་བཞུད་སྐྱིད་པོ་བྱུང་ན་དེ་ཡིན། མྱུར་སྒོ་གང་འདོད་དུ་ནོན་དང་ཁྱོད་ཀྱི་འགན་ཁུར་དེ་ཡིན”

“དེ་ག་ལ་རུང་། ང་པར་ལེན་མི་ཤེས་མཁན་ཞིག་ལ་ཁྱོད་ཀྱིས་པར་ཆས་གཡར་བར་མ་ཟད། ངའི་འགྲོ་སྒོ་ཚང་མའང་ཁྱོད་ཀྱིས་བཏང་། ངས་ཁྱོད་ཀྱི་དྲིན་ལན་ཇི་ལྟར་གཞལ”

“ཧ་ཧ། ཁྱོད་ཀྱིས་ང་མ་བརྗེད་ན་ངའི་དྲིན་ལན་འཇལ་བ་ཡིན། ཁྱོད་ཀྱི་སྙན་འཇེབས་ཀྱི་སྐད་སྒྲ་ཡང་ཡང་ཐོས་སུ་བཅུག་ཚེ་ཁྱོད་ཀྱིས་ངའི་དྲིན་ལན་འཇལ་བ་ཡིན”

“ཁྱོད་ཀྱི་ཁ་ཇེ་ཡག་རེད་ཨང”

“གཞན་འགྲོ་སོང་ངས་བཏང་བ་རེད་ཟེར་ག་ལ་རུང་། ངེད་ཚོས་ཀུང་ཟིས་བཏང་བ་རེད་ཟེར་ན་འགྲིག ཀུང་ཟིར་མི་ཡིས་མི་འདང་བས་ཁྱོད་དེ་གར་སོང་བས་ངེད་ཅག་ལའང་ཕན་བཏགས་པ་རེད”

“ངོ་མ་བཀའ་དྲིན་ཆེ། འདི་གར་ཁྱོད་ལ་མཁོ་བ་རེ་ཡོད་ན་བཤད་རོགས”

“མཁོ་བ་གང་ཡང་མེད། འོན་ཀྱང་ཁྱོད་ཕྱིར་ཡོང་ཁར་མི་ཞིག་ཁྲིད་ཡོང་དགོས། དེ་ནི་ངའི་བླ་མའི་སློབ་མ་ཞིག་ཀྱང་ཡིན། ངས་ཁྱོད་ལ་མོའི་ཁ་པར་ཨང་གྲངས་བཤད”

8

བསྟན་འཛིན་གྱིས་ཨ་མ་དང་མཁའ་སྤྱོད་སྒྲོལ་མ་གཉིས་ཚུར་འོང་བ་མཐོང་ནས་དོན་གྲུབ་ལ།

“ལྟོས་དང་། འུ་གཉིས་ཀྱིས་ལྟ་རྟོག་བྱེད་དགོས་སའི་མི་གཉིས་ཚུར་འོང་གིན་འདུག”ཅེས་ཀུ་རེ་རྩེ་བ་ན།

དོན་གྲུབ་ཀྱིས“ཁོ་གཉིས་སུ་རེད”ཟེར།

“ཅུང་འགོར་རྗེས་ཁྱོད་ཀྱིས་ཤེས་ངེས”

ཚིག་དེའི་རྗེས་སུ་བསྟན་འཛིན་ཐེངས་འགར་དྲག་ཏུ་ལུ་ཞིང་ཁ་ཆུ་དོན་གྲུབ་ཀྱི་གདོང་ལའང་ཐིགས་པས་དོན་གྲུབ་ཀྱིས“ཨ་རོ། ཨ་རོ”ཞེས་ཁོ་ལ་གཟབ་པར་བསྐུལ།

མཁའ་སྤྱོད་སྒྲོལ་མས་ཁ་པར་ལ་ཉན་ཚར་མི་འདུག་བསྟན་འཛིན་གྱི་ཕྱོགས་སུ་འཛུམ་ཙམ་བྱས་ཏེ་ཁ་ཕར་འཁོར་ནས་ཁ་པར་བཏང་བ་དང་། ཨ་མས་བསྟན་འཛིན་ལ་བཅར་ཏེ།

“ཁྱོད་དེ་རིང་ལས་ཀར་འགྲོ་དགོས་ཟེར་བ་མིན་ནམ། འདི་ན་ཅི་ཞིག་བྱེད་ཀྱིན་ཡོད”ཟེར།

“ཨ་མ། འདི་ངའི་ལས་ཀ་ཡིན”

ཨ་མས་ཧ་མ་གོ་བའི་ཚུལ་གྱིས་བསྟན་འཛིན་གྱི་གདོང་ལ་ཅུང་ཧད་པ་དང་དེ་ནས་ཁོའི་གམ་གྱི་དོན་གྲུབ་ཀྱི་ཕྱོགས་སུ་བལྟས།

བསྟན་འཛིན་གྱིས“དེ་རིང་ལས་བྱེད་པ་ཚང་མ་སྲང་ནས་ལང་དགོས་པ་རེད། ཨ་མ། ཁོ་ནི་ངས་ཁྱོད་ལ་རྒྱུན་པར་བཤད་པའི་དོན་གྲུབ་རེད་ཟེར”ཞེས་སྨྲས་ཤིང་སླར་ཡང་ལུད་པ་ལུ་མགོ་བརྩམས།

དོན་གྲུབ་ཀྱིས་བསྟན་འཛིན་གྱི་ཀུ་རེའི་ཕུགས་དོན་གོ་སྟེ་དགོད་ཙམ་བྱས་པ་དང་། དེ་ནས་དོན་གྲུབ་ཀྱི་ཨ་མར“ང་ནོར་ཁོག་གི་ཡིན། ངེད་གཉིས་གནའ་ནས་གྲོགས་པོ་ཡིན། ཁྱེད་ལ་དཀའ་གི་མེད་དམ”ཅེས་སྨྲས།

ཨ་མས“དཀའ་ཡིན་མི་འདུག ཨོ། གཅེས་ཕྲུག ཁྱོད་ཚེ་རིང”ཟེར་ཅིང་། ཁ་པར་གཏོང་བཞིན་པའི་མཁའ་སྤྱོད་སྒྲོལ་མའི་ཕྱོགས་ལ་ལྟ་ཞོར་དུ། “འདིའི་ཁ་པར་ལ་ཚར་རྒྱུ་མེད་པ་ཅི་ཡིན་ནམ”ཟེར། ཡང་བསྟན་འཛིན་ལ་བལྟས་ཏེ། “ཆམ་ངན་དེ་ཕོག་འདུག་བས་ཁབ་བརྒྱབ་ན་རེད”ཟེར།

9

མཁའ་སྤྱོད་སྒྲོལ་མ་དང་ཀྲའོ་ཞུའེ་ཧྭ་གཉིས་སྔ་གཞུག་ཏུ་བསྟན་འཛིན་དང་ཁོའི་ཨ་མ། དོན་གྲུབ་བཅས་ངལ་གསོས་ཏེ་བསྡད་ཡོད་སའི་ཚོང་ཁང་དེའི་རྡོ་སྐས་ཀྱི་གམ་དུ་སླེབས། མཁའ་སྤྱོད་སྒྲོལ་མ་གང་དུ་སོང་བ་མ་ཤེས་པར་ལེ་བདའ་གཏོང་བཞིན་པའི་ཨ་མའི་ངོ་ལ་གློ་བུར་འཛུམ་ཞིག་ལང་ནའང་མོས་ཅུང་གཤེ་བའི་ཚུལ་གྱིས།

“ཁྱོད་གང་དུ་སོང་བ་ཡིན། མཁའ་སྤྱོད། ཞི་ལིས་འུ་ཚོ་ཟ་ཁང་དུ་འགྲོ་ཟེར་བས་ཅུང་མགྱོགས་པོ་བྱོས”ཟེར།

མཁའ་སྤྱོད་སྒྲོལ་མས་ཨ་མར་བལྟས་ཏེ་མགོ་བོ་ལྡེམ་ཙམ་བྱས་པ་དང་བསྟན་འཛིན་གྱི་ཕྱོགས་སུ་བལྟས་ནས་འཛུམ་ཙམ་བྱས་རྗེས་ཁ་ཕྱིར་འཁོར་ཏེ་ཀྲའོ་ཞུའེ་ཧྭ་བསྒུགས་ཤིང་།

“མོའང་ངའི་བླ་མ་ཀློང་གྲོལ་ཚང་གི་སློབ་མ་རེད། མོས་ང་ལ་ཁ་པར་བཏང་བ་རེད”ཟེར།

མཁའ་སྤྱོད་སྒྲོལ་མས་རྒྱ་སྐད་ཀྱིས་ཀྲའོ་ཞུའེ་ཧྭ་ལ་ཨ་མ་དང་ཕུ་བོ་གཉིས་ངོ་སྤྲོད་བྱས་རྗེས་དོན་གྲུབ་ལ་བལྟས་ཏེ་ཅུང་ཙམ་སྡོད་པའི་སྐབས་སུ་དོན་གྲུབ་ཀྱིས་རྒྱ་སྐད་ཀྱིས།

“ང་ནི་ཁོའི་གྲོགས་པོ་ཞིག་ཡིན”ཟེར་སྐབས་ཀྲའོ་ཞུའེ་ཧྭ་ནི་སློག་ཚར་གྱོན་མཁན་ཞིག་གིས་རྒྱ་སྐད་དེ་འདྲའི་དག་མོ་བཤད་པར་ཅུང་ཧ་ལས་ཏེ།

“ཁྱོད་ཀྱི་རྒྱ་སྐད་ང་ལས་ཀྱང་དག”ཟེར་ནས་ཀུ་རེ་བརྩེས།

དོན་གྲུབ་དང་བསྟན་འཛིན་གཉིས་ཀྱིས་དྲ་ལམ་ནས་མཐོང་བའི་པར་ལེན་མཁན་དེ་ངོས་ཟིན་ནས་ཕན་ཚུན་ལ་མིག་བརྡ་བྱེད་ཞོར་སྔོན་དུ་སོང་བ་དང་། གཞན་གསུམ་པོ་རྗེས་སུ་འོང་སྟེ། ཁོང་ཚོའི་བཞི་མདོའི་ཁ་ཆེའི་ཟ་ཁང་ཆེན་པོ་དེར་སླེབས།

དེ་རུ་མགྲོན་པོ་རྣམས་ཀྱི་ཁ་རླངས་དང་ཐུག་པའི་རླངས་པ་གཉིས་འདྲེས་ཏེ་དྲི་མ་ཁྱད་པར་བ་ཞིག་འཐུལ་གྱིན་འདུག་ལ་ཐུག་པ་འཐུང་བའི་ཧུབ་སྒྲ་ལས་དེར་ཡོད་པ་ཐམས་ཅད་ལྟོགས་པ་ལས་སོས་ཀྱིན་མེད་པའི་སྣང་བ་སྟེར།

བསྟན་འཛིན་གྱིས་གློ་ལུ་དྲག་པོ་རྒྱག་ཞོར་དུ་ཟ་ཁང་དེའི་སྦྱིན་བདག་ལ་སྐད་ཆ་འགའ་བཤད་རྗེས་ཁོང་ཚོ་ཟ་ཁང་དེའི་ཁང་ཆུང་ཞིག་ཏུ་སོང་བ་དང་། ཞྭ་དཀར་པོ་གྱོན་པའི་གཞོན་ནུ་ཞིག་གིས་མྱུར་སྟབས་གྱིས་ཁོང་ཚོ་མི་རེ་རེའི་མདུན་དུ་འགྱིག་ཕོར་ཆུང་ངུ་རེ་བཞག་ནས་ཇ་བླུགས།

ཟས་མངགས་ཚར་རྗེས་ཁོང་ཚོ་ཕན་ཚུན་གྱི་གདོང་ལ་ལྟ་བཞིན་རེ་ཞིག་ཁུ་སིམ་མེར་ལུས་པ་དང་། བསྟན་འཛིན་གྱིས་ཀྲའོ་ཞུའེ་ཧྭ་ལ་བལྟས་ཏེ་ཅི་ཞིག་བཤད་རྩིས་བྱེད་སྐབས་མཁའ་སྤྱོད་སྒྲོལ་མས་ཁོའི་ཁ་འཕྲོག་སྟེ།

“ཨ་མ། ཕུ་བོ། ཀློང་གྲོལ་ཚང་གིས་ང་རང་མོ་དང་འགྲོགས་ཏེ་ཤོག་གསུང་གིན་འདུག མོ་སང་ཉིན་ལམ་ལ་ཆས་རྒྱུ་རེད”ཅེས་སྨྲས་ཤིང་དེ་འཕྲལ་མགོ་བོ་སྨད།

བསྟན་འཛིན་གྱིས་དེ་འཕྲལ་མཁའ་སྤྱོད་སྒྲོལ་མའི་ཕྱོགས་སུ་བལྟས་ཏེ། “ཅི་ཞིག གང་ལ་འགྲོ་དགོས་པ་རེད”ཅེས་ཧ་ལས་པའི་ངང་དུ་སྨྲས་པ་དང་། ཁ་ཕྱིར་འཁོར་ཏེ་ལུད་པ་ལུ། དོན་གྲུབ་ནི་མགོ་བོ་བསྒུར་ཏེ་ཁ་པར་ལ་ཅེར་འདུག

ཨ་མས་ཇ་ཧུབ་གང་བཏུང་རྗེས“དོན་འདི་ད་དུང་བསྟན་ཁོས(བསྟན་འཛིན་གྱི་གཅེས་སྐད)མི་ཤེས། མོ་བླ་མ་དེའི་རྗེས་སུ་འབྲངས་ཏེ་རྒྱ་ནང་ལ་འགྲོ་དགོས་པ་རེད”ཟེར།

ཀྲའོ་ཞུའེ་ཧྭ་ནི་ཁོ་ཚོའི་རྣམ་འགྱུར་དེ་མཐོང་ནས་དོགས་མི་བདེ་བར་གྱུར་ཅིང་། མོས་མཁའ་སྤྱོད་སྒྲོལ་མར་བལྟས་ཏེ“ཅི་རེད། དོན་ཅི་ཞིག་བྱུང་སོང”ཟེར། དེ་འཕྲལ་ཅི་ཞིག་ཧ་གོ་བ་སོང་བ་ལྟར་མོ་རང་གི་འཁུར་ཁུག་གི་ཁ་ཕྱེ་སྟེ་སྤྱིན་ཐུམ་ཅན་གྱི་ཆམ་སྨན་རིལ་བུ་འགའ་བསྟན་འཛིན་གྱི་ཕྱོགས་སུ་གཏད་ནས། “འདི་ཐུངས་དང་། ངའི་གྲོགས་པོ་ཞིག་གིས་ཕྱི་རྒྱལ་ནས་ཁྱེར་ཡོང་བ་ཡིན། འདི་མཐོ་སྒང་ཡིན་པས་མ་གཏོགས་ཆམ་པ་འདི་འདྲ་མྱུར་བར་དྲག་ཏུ་འཇུག་ཐུབ”ཟེར།

བསྟན་འཛིན་གྱིས་ལག་པ་གཡས་པས་ཁོ་རང་གི་ཁ་བཀབ་ཅིང་ལག་གཡོན་པས་གཡུག་གཡུག་བྱེད་ཀྱིན“མི་ཆ་མེད་ཀྱིས་སྟེར་བའི་སྨན་བཏུང་མི་རུང”ཞེས་ཀུ་རེ་རྩེ། མཁའ་སྤྱོད་སྒྲོལ་མས་དེ་དོན་མ་གོ་བར“འཐུང་དང་། སྐྱོན་མེད། མོ་ལ་རློམ་ཆོག”ཟེར།

10

བསྟན་འཛིན་གྱིས་ཀྲའོ་ཞུའེ་ཧྭ་ཡིས་སྟེར་བའི་སྨན་བཏུང་སྟེ་སྨན་རྟ་འཐུང་བཞིན་པའི་སྐབས་སུ། ཁ་ཆེ་གཞོན་ནུ་དེས་ཁ་རླངས་ཐུ་ལེར་འཐུལ་བའི་ཐུག་པ་དཀར་ཡོལ་ལྔ་ཁོ་ཚོའི་མདུན་དུ་བཞག མཁའ་སྤྱོད་སྒྲོལ་མས་མགྱོགས་པོར་ཡར་ལངས་ཏེ་དེའི་ནང་གི་དཀར་ཡོལ་གཅིག་ཀྲའོ་ཞུའེ་ཧྭའི་མདུན་དུ་བཞག་ཅིང་དེ་ནས་དཀར་ཡོལ་གཞན་ཞིག་ལ་རེག་རྩིས་བྱེད་སྐབས་བསྟན་འཛིན་གྱིས་མོའི་ཕྱོགས་སུ་ཅེར་ཏེ། “ཅི་རེད། རྒྱ་མོ་རིག་ན་ཨ་མ་བརྗེད་འགྲོའམ། ཁྱོད་ཀྱིས་ད་བར་སྦྱངས་པ་མཐའ་དག་མྱུར་བར་བཙོང་རྒྱུ་ཡིན་ནམ”ཟེར།

མཁའ་སྤྱོད་སྒྲོལ་མའི་གདོང་པ་དེ་འཕྲལ་དམར་པོར་གྱུར་བ་དང་། ཕྱིར་ཕུ་བོར་ལན་བསློག་རྩིས་བྱེད་ཀྱང་ཨ་མས་མོའི་ཁ་བཀག་སྟེ། “ད་ཁྱོད་གཉིས་ཁ་རོག་སྡོད། མོ་རྒྱ་ནང་ལ་འགྲོ་བའི་དོན་འདིར་ངའང་མི་འཐད། ངེད་གཉིས་ཀྱིས་སྔ་དྲོ་གང་བོར་འཐེན་རེས་ལྷོད་རེས་བྱས་པ་ཡིན། འོན་ཀྱང་ཐབས་བཀོད་ཅི་ཡོད”ཟེར། ཀྲའོ་ཞུའེ་ཧྭ་ཡིས་བོད་སྐད་མི་གོ་ནའང་དོན་གྱི་ལྡོག་ཁ་ཅུང་ཙམ་ཤེས་ཏེ་ཧ་ཅང་གུས་ཞབས་དང་བཅས་མོ་རང་གི་མདུན་གྱི་དཀར་ཡོལ་དེ་ཨ་མའི་མདུན་དུ་བཞག་ཅིང་།

“ཐོག་མར་ཁྱོད་ཀྱིས་གསོལ་རོགས། བགྲེས་པོར་ཟས་སྔོན་དུ་དྲངས་དགོས་པ་མིན་ནམ”ཟེར།

དོན་གྲུབ་ནི་དེ་གར་ཅི་བྱ་གཏོལ་བྲལ་དུ་ལུས་པས་ཁོ་སླར་ཡང་ཁ་པར་གྱི་ཤེལ་ངོས་ལ་ཅེར།

བསྟན་འཛིན་གྱིས་སླར་ཡང་གློ་ལུ་དྲག་པོ་འགའ་བརྒྱབ་ཅིང་ཁོ་ཚོ་ཚང་མས་ཤུབ་སྒྲ་དང་བཅས་ཐུག་པ་འཐུང་མགོ་བརྩམས། བསྟན་འཛིན་གྱིས་ཐུག་པ་ལས་ཧུབ་འགའ་བཏུང་རྗེས། “ཨ་ཁ། འདི་ཚང་གི་ཐུག་ཤ་གསོ་ཤ(ནོར་ལུག་སོགས་ཡུལ་གྲུ་གཞན་དུ་ཁྱེར་ཏེ་གཟན་རྩྭ་དང་གསོ་སྨན་གྱིས་གསོས་ཏེ་བཤས་རྗེས་ཀྱི་ཤ)རེད”ཟེར་བཞིན་དཀར་ཡོལ་དེ་ཕྱིར་ཟས་ཅོག་ཏུ་བཞག

མཁའ་སྤྱོད་སྒྲོལ་མས་ཕུ་བོའི་ཕྱོགས་སུ་ཧ་ཅང་ཉམས་ཆུང་གིས་ལྟ་ཞོར་དུ“དེས་ན་ཟས་གཞན་པ་ཞིག་མངག་ན་ཅི་འདྲ་འདུག”ཟེར།

“མི་དགོས” ཁོས་དེ་ལྟར་ལན་འདེབས་ཀྱིན་པའི་སྐབས་སུ་མིག་མཐར་མཆི་མ་རེ་གཉིས་འཁྱིལ་འདུག་ཅིང་ངག་ལའང་འདར་ཆ་བབས་འདུག

སྐབས་དེར་ཀྲའོ་ཞུའེ་ཧྭའི་འདོམས་ནི་སླར་ཡང་རློན་གྱི་ལེར་སོང་ཞིང་ཁོག་སྨད་ལ་གཟེར་སྣང་ཞིག་ཀྱང་བྱུང་བས་མོ་རང་ཡར་ལངས་ཏེ་སྤྱོད་ཁང་འཚོལ་བར་སོང་།

ཞོར་དུ་མོས་ལི་ཀང་ལ་ཁ་པར་བཏང་སྟེ་མོ་དང་མཁའ་སྤྱོད་སྒྲོལ་མ་ངོ་འཕྲད་ཡོད་པ་དང་། མོའི་ཁྱིམ་མི་རྣམས་རྒྱ་ནང་དུ་འགྲོ་བར་དེ་འདྲ་མི་འཐད་པ། མོ་རང་སང་ཉིན་ཕྱིར་ཡོང་རྒྱུ་ཡིན་པ་སོགས་བཤད་པར་མ་ཟད། ད་དུང“རྗེས་མར་འཕྲད་དུས་ཁྱོད་ཀྱིས་འགྱིག་སྒྲེའུ་མ་གྱོན་པར་ང་ལ་ཅི་འདོད་དུ་སྤྱད་ཆོག །ཤུགས་ཀྱིས་མ་འདང་བར་འགྱེལ་སོང་ན་ཁྱོད་རང་གི་སྡུག་གྱོང་ཡིན”སོགས་སྣང་དོགས་མེད་པར་ཆགས་བཤད་བྱས། འོན་ཀྱང་ལི་ཀང་གིས་སྐད་ཆ་ཤོད་པར་སྟབས་མི་བདེ་བ་ལྟར་“རེད”དང་། “གོ་སོང” “ཨུན”སོགས་སྐབས་བདེ་བའི་ཚིག་འགའ་ལས་ལན་དུ་མི་འདེབས་པས་མོའི་སེམས་ལ་དོགས་པ་ཞིག་བྱུང་སྟེ།

“ལོ་ལི། ཁྱོད་ལ་ཅི་བྱུང་། ཁྱོད་སྐད་ཆ་བཤད་པར་སྟབས་མི་བདེའམ”ཞེས་སྨྲས།

“ཞུའེ་ཧྭ། ཁྱོད་ཀྱི་པར་ཅིག་དྲ་བའི་སྒང་ལ་ཁྱབ་ཀྱིན་འདུག མི་ཚང་མས་ཁྱོད་ལ་པར་ཆས་ཐོགས་པའི་འཆལ་བོ་(རྒྱ་སྐད་དེ། 单反流氓ཞེས་པའོ)ཞེས་སྡིགས་ཀྱིན་འདུག འདི་ཚང་མ་ང་ལན་པ་རེད”ཟེར།

ཀྲའོ་ཞུའེ་ཧྭ་ཡིས་ཁ་པར་མར་མནན་སྟེ། སྤྱོད་ཁང་རྫོབ་པོ་དེ་ལས་སྒོར་འབུད་རྩིས་བྱས། མོས་པར་ཅིག་དྲ་བའི་སྒང་ལ་ཁྱབ་པའི་མཇུག་འབྲས་ནི་ཅི་འདྲ་ཞིག་ཡིན་པ་དཔག་མ་ཐུབ། མོས་དོར་མ་ཡར་གྱོན་གྱིན་སྤྱོད་དོང་གི་ནང་དུ་མཆིལ་མ་ཞིག་འཕངས་ཤིང“སྡིགས་ནའང་སྡིགས། བསྡིགས་ནས་ཤི་སོང་བ་ཞིག་མེད”ཅེས་ཆིག་ལབ་ཅིག་བརྒྱབ།

11

ཀྲའོ་ཞུའེ་ཧྭ་ཕྱིར་ཟ་ཁང་དུ་སླེབས་དུས་ཟ་ཁང་དུ་འདུག་ས་སྟོང་པ་རེ་གཉིས་མཐོང་རྒྱུ་འདུག་ལ། དེ་སྔའི་ཅ་ཅོ་ཆེན་པོ་དེའང་ཅུང་ཙམ་འཇགས་ཀྱིན་པ་ལྟར་འདུག བསྟན་འཛིན་སོགས་མི་བཞི་པོ་ཅུང་ལྷོད་པོར་བསྡད་འདུག་ལ། ཨ་མས“མོའི་ཐུག་པ་འཁྱག་ཡོད་པས་གསར་པ་ཞིག་མངགས་ན་ཅི་འདྲ་འདུག”ཟེར།

མཁའ་སྤྱོད་སྒྲོལ་མས་དེ་དོན་ཀྲའོ་ཞུའེ་ཧྭ་ལ་རྒྱ་སྐད་ཀྱིས་བཤད་པ་ན་མོས“མི་དགོས”ཟེར་བཞིན་འཐུང་འཕྲོར་བྱས་པའི་ཐུག་པ་དེ་འཐུང་།

བསྟན་འཛིན་གྱིས་ཆུ་ཁོལ་འཐུང་བཞིན་དུ་ཐ་མག་གི་སྒམ་ཆུང་ལས་རྐང་གཅིག་བླངས་ཏེ་འཐེན་པར་རྩོམ་པའི་སྐབས་སུ་ཀྲའོ་ཞུའེ་ཧྭས།

“ཁྱོད་འདི་འདྲ་ལུ་བཞིན་ཡོད་པས་ཐ་མག་འཐེན་ན་ལྷག་ཏུ་ལུ་སྲིད”ཅེས་སྨྲས།

བསྟན་འཛིན་གྱིས“སྐྱོན་མེད། ཐ་མག་རྐང་གཅིག་གིས་ངའི་སྲོག་བླངས་སོང་ན་ལས་ཡིན”ཟེར་བཞིན་དེ་ལ་མེ་སྒྲོན་ཏེ་འཐེན།

ཨ་མས“ཞི་ལི་འདིར་སྐབས་འགར་འདི་འདྲའི་སྐོར་ལོག་ཅིག་ཡིན། བཤད་ཀྱང་མི་གོ”ཟེར། དོན་གྲུབ་ཀྱིས་ཤོག་བུས་ལག་པ་འཕྱིད་བཞིན་དུ“བསྟན་འཛིན། བདེན། དུ་ཆང་ལ་བཟང་ཞིག་གང་ན་ཡོད”ཟེར།

ཀྲའོ་ཞུའེ་ཧྭ་ཡིས་ཡིན་མིན་གྱི་སྐད་ཆ་གང་ཡང་མི་བཤད་པར་འགྱིག་དམ་ནང་གི་ཆུ་ལ་ཧུབ་བྱེད་པ་དང་དེ་ནས་ཐུག་པ་འཐུང་ཞོར་དུ་མཁའ་སྤྱོད་སྒྲོལ་མའི་ཕྱོགས་སུ་བལྟས་ཏེ།

“འུ་གཉིས་སང་ཉིན་གྱི་ཆེས་སྔ་བའི་རེས་འཁོར་ལ་བསྡད་དེ་སོང་ན་ག་འདྲ་འདུག ད་སྐབས་མྱུར་ལམ་ལས་བཞིན་ཡོད་པས་སྔ་མོར་མ་སོང་ན་མོ་ཊ་ཁེགས་འགྲོ”ཟེར།

མཁའ་སྤྱོད་སྒྲོལ་མས་ཨ་མ་དང་ཕུ་བོར་ལྟ་ཙམ་བྱས་རྗེས“ལོས་ཆོག”ཅེས་སྨྲས།

སྐབས་དེར་དོན་གྲུབ་དང་བསྟན་འཛིན་གཉིས་ཀྱི་ཁ་པར་དུས་གཅིག་ཏུ་གྲགས། ཁོང་གཉིས་ཀྱིས་དུས་གཅིག་ལ་ཉན་ཏེ་ཁ་པར་གཏོང་མཁན་ལ“ཡ་ཡ། ང་རང་མགྱོགས་པོར་ཡོང”ཞེས་ལན་བཏབ།

ཁོང་གཉིས་མཉམ་པོར་ཡར་ལངས་ཏེ“དོན་ཞིག་བྱུང་སོང་ཟེར་བས་ངེད་གཉིས་མི་འགྲོ་ཀ་མེད་རེད”ཟེར།

ཁོང་གཉིས་སྒོར་འབུད་ཁར་བསྟན་འཛིན་གྱིས་དངུལ་ཁུག་ནས་ཤོག་དངུལ་སྟོང་གཅིག་བླངས་ཏེ་མཁའ་སྤྱོད་སྒྲོལ་མའི་ཕྱོགས་སུ་གཏད་ཅིང་། “དོ་དགོང་ང་རང་ལས་གྲོགས་དག་དང་མཉམ་པོར་སྡོད་དགོས་ཤིང་སང་ཉིན་ཞོགས་པར་ཡང་ལས་ཐུན་བསྲུང་དགོས་པས་ཁྱོད་སྐྱེལ་བར་ཡོང་མི་ཐུབ། ལམ་བར་ནས་གཟབ་དགོས། ད་དུང་བཤད་རྒྱུ་རེ་ཡོད་པ་རྣམས་ངས་ཁྱོད་ལ་སྐད་འཕྲིན་ནས་བཤད”ཟེར།

ཁོ་གཉིས་ཀྱིས་ཨ་མར་བདེ་འཚམས་ཞུས་པ་དང་། ཀྲའོ་ཞུའེ་ཧྭའི་ཕྱོགས་ལའང་ལག་པ་གཡུག་གཡུག་བྱས།

ཨ་མས་བསྟན་འཛིན་སླར་ཡང་ལུ་བཞིན་པ་ཤེས་ཏེ་ཁོ་གཉིས་ཀྱི་ལྟག་རྒྱབ་ནས“གལ་ཏེ་མི་དྲག་ན་སང་ཉིན་གནམ་ཁབ་ཅིག་རྒྱོབས”ཞེས་སྨྲས།

ཁོ་གཉིས་སོང་རྗེས་སུ་ཁང་ཆུང་དེའི་ནང་ལ་འཁྱག་རླུང་འཁྱམ་པོ་ཞིག་སླེབས་ཤིང་། ཀྲའོ་ཞུའེ་ཧྭས་ཁོ་ཚོ་གསུམ་པོའི་འགྱིག་དམ་གྱི་ནང་དུ་ཆུ་ཁོལ་བསྣན།

ཨ་མས་ཀྲའོ་ཞུའེ་ཧྭའི་ཕྱོགས་སུ་བལྟས་ཏེ། “ངའི་བུ་མོ་འདི་ངོ་མ་བུ་མོ་ཡ་རབས་ཤིག་ཡིན། མོ་ལ་གཞན་གྱིས་མགོ་སྐོར་གཏོང་དུ་འཇུག་མི་རུང་བ་དེ་ཁྱོད་ཀྱིས་ཀྱང་མོའི་བླ་མ་ལ་ཞུ་རོགས”ཞེས་བཤད་དེ་མཁའ་སྤྱོད་སྒྲོལ་མའི་ཕྱོགས་སུ་བལྟས་ནས་ལོ་ཙཱ་བྱ་དགོས་པའི་བརྡ་བྱས།

མཁའ་སྤྱོད་སྒྲོལ་མས་ཚིག་དེ་ལོ་ཙཱ་བྱེད་མ་ཤེས་པའམ་ཡང་ན་རང་ལ་བསྟོད་པའི་ཚིག་ངག་སྒོར་ལེན་མ་ཐུབ་པ་གང་ཡིན་ཆ་མི་འཚལ་མོད། ཅུང་ཙམ་དོགས་མི་བདེ་བར་གྱུར་ཏེ་དགོད་རྒྱུ་ཞིག་བྱུང་བ་དང་། དེ་ནས་གདོང་ལ་སྐྱོ་བའི་མདངས་ཤིག་ཤར།

ཀྲའོ་ཞུའེ་ཧྭ་ནི་ཁྱིམ་ཚང་དེ་གའི་ཁྱིམ་མི་ཚོའི་དགའ་སྡུག་གི་འགྱུར་བར་ཅུང་མི་ལོབས་པ་འདྲ་སྟེ། མོས་ཕྲག་པ་ལྡེམ་ཙམ་བྱས་ཏེ“ད་ང་ཚོའང་སྒོར་བུད་ན་ཅི་འདྲ་འདུག”ཅེས་སྨྲས།

སྐབས་དེར་འགྲུལ་སྐྱེལ་མོ་ཊ་ཆེན་པོ་བརྩེགས་རིམ་གཉིས་ལྡན་ཞིང་ཤེལ་སྒོ་ནག་པོ་འོད་ཀྲིག་ཀྲིག་བྱེད་པའི་ངོས་སུ་ཡི་གེ་དང་རི་མོ་སྔོན་པོ་བྲིས་པ་ཞིག་ཟ་ཁང་དེའི་སྒོ་ནས་བསྡད།

ཁོ་ཚོ་གསུམ་པོ་སྒོར་འབུད་པར་རྩོམ་དུས་མོ་ཊ་དེ་ལས་ཡུལ་སྐོར་པའི་ཆས་གོས་ཁ་དོག་དམར་པོ་དང་། སེར་པོ། སྔོན་པོ། ལྗང་ཁུ་སོགས་དང་ཚོང་རྟགས་ཅི་རིགས་པ་ཅན་སྤྲས་པའི་མི་ལྔ་བཅུ་ཙམ་ཟ་ཁང་དེའི་ནང་དུ་འཚངས་། ཀྲའོ་ཞུའེ་ཧྭ་སོགས་ཀྱིས་སྒོ་འགྲམ་ནས་མི་དེ་ཚོ་ནང་དུ་འགྲོ་ཚར་བར་བསྒུགས་འདུག་པའི་དུས་དེར་ཀྲའོ་ཞུའེ་ཧྭའི་ཁ་པར་གྲགས་བྱུང་།

ཁ་པར་གཏོང་མཁན་ནི་ཕྱི་རྒྱལ་དུ་སྡོད་པའི་མོའི་ཁྱོ་ཀ་ཀྲང་ཏཱ་ཝི་རེད། 


རྩོམ་ཡིག་རྗེས་མ།
སེམས་འཕྲིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1