ལ་གླུ་ཡི་ཕ་ཡུལ་། ཁམས་བྲག་འགོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22



གླེང་སློང་བ།

ཁམས་བྲག་འགོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་དབུས་བྱང་རྒྱུད་དུ་གནས་ཤིང་། ཤར་རྒྱུད་དུ་རྟའུ་རྫོང་དང་། ནུབ་བྱང་དཀར་མཛེས་རྫོང་དང་ས་མཚམས་འབྲེལ་ཡོད་ལ། ལྷོ་ནུབ་དང་ཉག་རོང་རྫོང་བཅས་འབྲེལ་བ་དང་། བྱང་ཕྱོགས་གསེར་རྟ་རྫོང་དང་ཉེ་འབྲེལ་ཡོད། བྱང་ཤར་རྔ་བ་ཁུལ་གྱི་འཛམ་ཐང་དང་ཆུ་ཆེན་རྫོང་གཉིས་ཀྱི་ཁྱིམ་མཚེས་ཡིན་པར་མ་ཟད་ཁམས་བྱང་གི་ལྟེ་གནས་དང་འགྲིམ་འགྲུལ་གནས་གལ་ཆེན་ཞིག་ཡིན། མངའ་ཁོངས་སུ་རོང་འབྲོག་གཉིས་ཀ་ཡོད་ལ། གནམ་གཤིས་དྲོད་ཚད་དང་ཡུལ་ལྗོངས་ཚང་མ་མི་རྣམས་ལ་ཤིན་ཏུ་འཚམ་པོ་ཡོད། བྲག་འགོ་ནི་ཧོར་གླིང་གཡུལ་འགྱེད་ཀྱི་གཡུལ་ས་གཙོ་བོ་ཡིན་ཞིང་། གླིང་རྗེ་གེ་སར་རྒྱལ་པོས་གནས་འདི་གར་དམག་འཐབ་བྱས་མྱོང་ཤིང་མི་སེམས་སྒུལ་བའི་ངག་རྒྱུན་དང་ཕུན་སུམ་ཚོགས་པའི་རྗེས་ཤུལ་གྲངས་མེད་ཅིག་བཞག་ཡོད། བྲག་འགོ་ནི་རྒྱལ་ནང་གསར་བརྗེའི་དམག་འཁྲུག་གཉིས་པའི་དུས་སྐབས་ཀྱི་གསར་བརྗེའི་གནས་གཞི་རྙིང་པ་ཞིག་ཡིན་ལ། 1936ལོར་ཀྲུང་གོའི་བཟོ་ཞིང་དམར་དམག་གི་ངོས་ཕྱོགས་དཔུང་ཚོགས་བཞི་པ་བྲག་འགོ་རུ་འབྱོར་བ་དང་། དེར་བཅའ་སྡོད་དང་ངལ་གསོ། སྒྲིག་སྦྱོང་བྱས་ནས་ལོ་ཕྱེད་ལྷག་ཙམ་སོང་རྗེས་རྫོང་དང་ཡུལ་ཚོའི་སྲིད་གཞུང་བཙུགས་པ་རེད། 

གཅིག །ཧོར་བྲག་འགོ་ལ་ཧོར་ཁོག་དང་བྲག་འགོ་ཞེས་པའི་ས་མིང་ཐོགས་ཚུལ།

བྲག་འགོ་ཞེས་པའི་མིང་ཐོགས་དོན་ནི་སྔོན་དུས་སུ་དེ་གའི་དཔོན་གྱི་སྡོད་གནས་དེ་བྲག་ཐོག་གམ་གད་ཐོག་ཅིག་ཏུ་ཡོད་པས་བྲག་ཐོག་གི་འགོ་བ་ཚང་ཞེས་དུད་མིང་ཞིག་ཡིན། ཕྱིས་སུ་ཡུལ་ཁམས་ལ་ཐོགས་པར་གྱུར། འདི་ལ་འགའ་རེས་བྲག་མགོ་ཞེས་བརྡ་སྤྲོད་ལྟར་དང་ཡང་ན་རྒྱལ་རོང་དགེ་བཤེས་སྐད་ཀྱི་ར་དབུ་ཞེས་པ་ཐད་ཀར་བསྒྱུར་པས་འབྲི་བར་འདུག་ཀྱང་དེ་ནི་ལོ་རྒྱུས་ལ་ཉམས་མ་བཞག་པའི་སྐྱོན་ཡིན།

བྲག་འགོ་སོགས་ལ་ཧོར་ཁོག་ཅེས་ཟེར་དོན་ནི་ཡོན་རྒྱལ་རབས་སྐབས་སེ་ཆེན་རྒྱལ་པོའི་སྲས་ཝང་ཆེན་པོ་དཀར་མཛེས་སུ་སྡེ་མགོན་པོའི་ལྷ་ཁང་བཞེང་བར་ཕེབས་པས་ཡུལ་དེའི་བུ་མོ་ཕལ་བ་ཞིག་ལ་ཧོར་སྲས་མ་བསམ་བུ་བྱུང་། ཕྱིས་སུ་རྒྱལ་དབང་ལྔ་པའི་སྐབས་ཧོར་མ་བསམ་བུའི་རྒྱུད་པ་ཧོར་སྲས་ནམ་མཁའ་རྒྱལ་མཚན་གྱིས་མངའ་ཁུངས་རྒྱ་བསྐྱེད་པས་རྫ་སྟོད་མན་ཆད་དང་རྟའུ་ཚ་ཕྲེང་ཡན་ཆད་ལ་དབང་བསྒྱུར་བས་ཧོར་ཁོག་ཅེས་ཐོགས་པར་གྱུར། དེ་ནས་བུ་ཧོར་རྗེ་ངག་དབང་ཕུན་ཚོགས་ཀྱིས་རྒྱལ་དབང་ལྔ་པའི་སྐུ་མདུན་ནས་ཧོར་ཁོག་ཏུ་དགོན་ཁག་བཅུ་གསུམ་འདེབས་པ་ཁས་བླངས་པས་བཏབ། བུ་ནོར་བུ་སོགས་བྲག་འགོ །ཏྲེ་བོ། མ་ཟུར། ཁང་སར་སོགས་སུ་དཔོན་བྱས་པ་ཡིན། དེའི་ཕྱིར་དཔོན་གྱི་རྒྱུད་པ་རྣམས་ཧོར་སེ་ཆེན་གྱི་རྒྱུད་པ་ཡིན་པ་ལས་ཡུལ་མི་སྤྱིའི་རུས་ཁུངས་ནི་བོད་བཙན་པོའི་དམག་ཁམས་ཕྱོགས་སུ་བཏང་བ་ལྷག་པའི་རྒྱུད་པ་ཡིན་པར་གྲགས་སོ། ། 

གཉིས། ཞིང་རྨོ་འདེབས་སྐབས་ཐོག་ལྷར་བརྟེན་པའི་རྒྱུན་སྲོལ་གྱི་ཆོ་ག་སྤེལ་ཚུལ།
                                                                 
ཧོར་བྲག་འགོའི་ཡུལ་གྱི་རོང་པ་རྣམས་ལ་ཞིང་ལས་རིག་གནས་ཀྱི་ལོ་རྒྱུས་ཧ་ཅང་རིང་ཞིང་ད་བར་དུ་གནའ་བོའི་སྲོལ་རྒྱུན་གྱི་ཞིང་རྨོ་བའི་མཆོད་འབུལ་ཆོ་ག་ངོ་མཚར་བ་ཞིག་ཆགས་ཡོད་པ་རེད། ཁོ་ཚོས་ལོ་རེའི་ཧོར་ཟླ་དང་པོའི་ཚེས་ཉེར་དགུའི་སྔ་མོ་ནམ་མ་གསལ་གོང་ཁྱིམ་མི་རྣམས་རང་རང་གི་ཆེས་བཟང་ཤོས་ཀྱི་ས་ཞིང་དུ་སོང་པས་ཞིང་དཀྱིལ་ཏུ་ཐོག་ལྷ་ཡིན་ཟེར་བའི་རྡོ་དཀར་པོ་ཞིག་འཇོག་དགོས། དེའི་ཟུར་དུ་ཤུག་པ་ལ་ལུག་བལ་དཀར་པོས་བརྒྱན་ནས་བཙུགས། བདག་པོ་དེའི་ཕྱོགས་སུ་འཁོར་ནས་ཞོག་ཁོག་གམ་ཉུང་མ། ཡང་ན་ལ་ཕུག་གི་ནང་སྟོང་པ་ཡིས་བཟོས་པའི་སྒྲོན་མེ་སྦར། ཇ་ཕུད་དང་ཆང་ཕུད་མཆོད། བསང་རྫས་དང་བཅས་བསང་གཏོང་བ་དང་ནས་སོགས་འབྲུ་རིགས་དཀར་ནག་ཁྲ་གསུམ་མཆོད། པེར་གོར་སོགས་ཟས་རིགས་ཀྱིས་ཐོག་ལྷ་ལ་མཆོད་པ་འབུལ་བ་དང་ཁ་སྨོན་གཏོང་། ལོ་གཅིག་གི་རིང་སད་སེར་སོགས་གནོད་འཚེ་མི་འབྱུང་བའི་ཆེད་དུ་རྩམ་པ་དང་པེར་གོར་སོགས་བཟའ་བཅའི་རིགས་ཀྱིས་གསུར་གཏོང་། ཁོ་ཚོ་ཡང་དེར་བསྡད་པས་པེར་གོར་ལ་རོལ། (པེར་གོར་ནི་བག་ལེབ་ཀྱི་ནང་དུ་ཟོག་ཚིལ་གྱིས་ལོ་སྐྱུར་བརྔོས་ནས་རྩམ་པ་སོགས་ཡོད་པའི་གོར་བ་ལ་ཟེར།)ཉིན་གཅིག་གི་སྔོན་དུ་གཟའ་དཔོན་གྱིས་ཁྱིམ་མི་མང་ཉུང་ལ་གཞལ་ནས་ལྷག་མ་འགའ་ཡོད་པའི་པེར་གོར་བཟོ་དགོས། རྩམ་པ་དང་པེར་གོར་གྱི་གསུར་བསྲེགས་ཚར་རྗེས་ཡང་ཐོག་ལྷའི་མཐའ་འཁོར་དུ་ས་བརྐོས་ནས་འབྲུ་རིགས་སྣ་ཚོགས་ཀྱི་ས་བོན་འདེབས་དགོས། དེ་ནས་ཡང་མི་རྣམས་ཇ་བསྐོལ་སར་བསྡད་པས་ཇ་བཏུང་བ་དང་ཟས་ལ་རོལ་དགོས། འདི་ནི་ལོ་གསར་པའི་ནང་ཁྱིམ་མི་ཡོངས་བདེ་ཞིང་སྐྱིད་པོ་འོང་བ་མཚོན་པའི་རྟེན་འབྲེལ་ཡིན་པ་རེད། ཆོ་ག་དེ་མ་ཚར་གོང་གལ་སྲིད་མི་གཞན་པ་དང་འཕྲད་ན་སྐད་ཆ་མི་བཤད། བཤད་ཤོར་ན་ཐོག་མི་ལེགས་པ་དང་ཁ་ལས་མི་དགེ་བས་སད་སེར་སོགས་གནོད་པ་འོང་བས་ཐམས་ཅད་ཀྱིས་ཧ་ཅང་འཛེམ་སྲོལ་ཡོད། དེའི་ཉིན་ཐག་ཉེ་སར་ཞིང་ནང་དུ་ཁྱིམ་ཚང་གཉིས་སོགས་ཀྱིས་དུས་མཉམ་དུ་ཞིང་རྨོ་བའི་ཆོ་ག་འདི་སྤེལ་བཞིན་ཡོད་ན་ཡང་ཕན་ཚུན་སྐད་ཆ་མི་བཤད། ཞིང་ནང་གི་ཐོག་ལྷའི་ཆོ་ག་དེ་ཚར་རྗེས་མྱུར་དུ་རང་ཁྱིམ་ལ་ལོག་ནས་ཉིན་གཅིག་གི་ནང་ལོ་གཅིག་ལ་བསགས་པའི་ལུད་རྣམས་ཞིང་ནང་དུ་སྐྱེལ་ཚར་བར་བྱ། དེ་ནས་ལུད་བླངས་པའི་ཤུལ་དུ་ལོ་སྔོན་མའི་གྲོ་ནས་ཀྱི་སོག་མ་གཏོར་དགོས། གོང་ཟས་ཟ་སྐབས་གཟའ་མི་རྣམས་ཀྱིས་དང་པོ་པེར་གོར་ཟ་བ་དང་དེ་ནས་རིམ་བཞིན་ཟས་གཞན་པ་ཟ། འདིའི་ཞིང་རྨོ་བའི་མཆོད་འབུལ་རིག་གནས་ཀྱི་ཆོ་ག་ནི་ཧོར་བྲག་འགོའི་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་དང་གནའ་སྲོལ་རྙིང་པ་ཞིག་ཀྱང་ཡིན་པས་ཁོ་ཚོས་ད་བར་དུ་རྒྱུན་འཛིན་བྱས་དང་བྱེད་བཞིན་ཡོད་པ་རེད། ། 



གསུམ། ལི་ཁོག་གི་ཉི་ལག་ཚ་ཐོག


རང་བྱུང་དང་མ་བཅོས་པའི་བཀོད་པ་ཁྱད་དུ་མཚར་བའི་ཉི་ལོག་ཚ་ཆུ་ནི། དཀར་མཛེས་ཁུལ་བྲག་འགོ་རྫོང་ལི་ཁོག་མའི་ཆར་གཏོགས་པའི་རྒྱ་ཧྲེ་ཁོག་གི་ཉི་ལོག་ཚ་ཐོག་ཅེས་པ་རུ་ཡོད་ཅིང་། སྔོན་ཆད་དེ་བྲག་ཤིན་ཏུ་མཐོན་པོ་ཞིག་ཡིན་ལ་ཕྱིས་སུ་1911ཡས་མས་སུ་ས་ཡོམ་གྱི་དབང་གིས་བྲག་གི་མགོ་ཆད་དེ་ད་ལྟའི་རྣམ་པ་འདི་བྱུང་བར་གྲགས་ལ། རྒྱང་ནས་བལྟས་ན། གླང་པོ་ཆེ་ཞིག་ལྷོད་ལ་བབས་ཏེ་ཆུ་འཐུང་གིན་པ་དང་འདྲ་པོ་ཡོད། བྲག་རིའི་དབུ་སྟེང་ན་རང་བྱུང་གི་ཚ་ཆུ་འཁྱིལ་ཞིང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ལྔ་དང་ཟབ་ཚད་ལ་སྨི་གང་དང་ཕྱེད་ཙམ་བདོག །འདིར་མི་ཚ་ཉལ་བྱེད་ཆོག་པའང་བྲག་རིའི་མགོའི་ཚ་ཆུ་འདི་གཅིག་པུ་ལས་མེད་པས། དགུན་ཁ་སླེབས་ཚེ། ས་གནས་ཀྱི་རོང་འབྲོག་མང་ཚོགས་ཀྱིས་ཐོབ་ཤོར་གྱི་འགྲན་བཙུགས་ཏེ་ཚ་ཉལ་དུ་ཡོང་བས་ཀུན་གྱིས་དགའ་བསུ་ཐོབ་པ་མཐོང་བ་ཙམ་གྱིས་ཡོངས་སུ་ཤེས།

གནའ་མི་ཚོས་འདིར་དགྲ་བླ་ཞལ་དཀར་འབོད་ཅིང་དེ་ནི་ཡུལ་ལྷ་གཞི་བདག་ཅིག་ཡིན་ཟེར་ནས་ཆོས་རྗེ་སྤྲུལ་སྐུས་མཛད་པའི་རྨ་ཆེན་སྟག་རྩེའི་བསང་མཆོད་བསམ་དགུ་ལྷུན་གྲུབ་ཏུ། ལྷ་བཙན་གདོང་དགུ་དགྲ་བླ་ཞལ་དཀར་བསང་ཞེས་བཀོད་འདུག་པ་དང་། དེ་མིན། ཧོར་དྲན་རྗེ་བདེ་བར་གཤེགས་པ་དང་སྐུ་གཞོགས་རྒོང་ཚང་སྤྲུལ་སྐུ། ར་ཧོར་རྫོག་སྤྲུལ། ཆ་ནང་བླ་མ་ཤེས་རབ་འོད་ཟེར། གཏེར་སྟོན་རྡོ་རྗེ་བདེ་ཆེན་གླིང་པ། མདོ་མང་སོག་སྤྲུལ། སྤྲུལ་སྐུ་ཡེ་ཤེས་རྡོ་རྗེ་སོགས་ཡུལ་འདིའི་སྐྱེས་ཆེན་དམ་པ་རྣམས་གནས་འདིར་ཚ་གཟིམས་བྱེད་དུ་ཕེབས་ཤིང་རབ་གནས་ཀྱི་ཆོ་ག་ཡང་མང་དུ་སྤེལ་བར་ཀུན་ལ་གྲགས།

ཚ་ཆུའི་མཐིལ་དུ་རང་བྱུང་གི་རྐ་ཕྲ་མོ་ཕྱི་རུ་འཐེན་ཡོད་ཅིང་ཚ་ཆུའི་གཡས་གཡོན་ཀུན་ཆུ་དྲེག་གི་འགྱུར་རྡོའི་ཁ་དོག་བཀྲ་བས་བལྟས་ན་མིག་ལ་སྡུག་པ་ཞིག་ཡིན། ཁོ་ར་ཁོར་ཡུག་ཏུ་ཚང་ཚིང་ནགས་དང་འདབ་ཆགས་བྱ། རི་དྭགས་སྣ་ཚོགས་མང་བའི་ཁར་ཁ་པར་གྱི་འཕྲིན་བརྡ་ཡང་མེད་པས་ལུས་སེམས་ལྷོད་ལ་ཕབ་སྟེ་བྱབས་ཁྲུས་ལ་ཞུགས་ཆོག་ལ་ནང་མི་དང་ཁ་བརྡ་དང་ནང་སེམས་ཞིབ་མོར་བསྟན་ཆོག་པས་ཤིན་ཏུ་ཉམས་དགའ་བར་འདུག །ད་ལྟ་གནས་འདིར་ཚ་ཆུས་ཁྲུས་བྱེད་ཆོག་པའི་ཁང་པ་གསར་པ་ཁ་ཤས་བཟོས་འདུག་ལ། མ་འོངས་པར་སྲིད་གཞུང་དང་མཉམ་འབྲེལ་གྱི་ཡུལ་སྐོར་གྱི་ས་ཚུགས་སྐྱིད་པོ་ཞིག་ཏུ་བཞེངས་བའི་འཆར་གཞི་བདོག ། 
བཞི། མཁར་གསར་མཚོ། 


མཁར་གསར་མཚོ་མོ་ནི། བྲག་འགོ་རྫོང་གི་ཁོངས་གཏོགས་ཏྲེ་ཧོར་ཡུལ་གྱི་མཁར་གསུམ་གྲོང་དང་། མཚོ་མགོ་གྲོང་གཉིས་ཀྱི་བར་དང་། གཡོན་གྱི་རྨ་རི་དང་གཡས་ཀྱི་སྒང་ཐོག་བར་དུ་སྔོ་ལྡེམ་མེར་འཁྱིལ་ཡོད། རྨ་རིའི་ངོས་ལ་ཇོ་མོའི་དགོན་པ་ཞིག་ཡོད། མཚོ་དེའི་ཉེ་འགྲམ་ནས་རྒྱུ་ལམ་རིང་པོ་ཞིག་མཆིས་པ་ནི་ཡར་དཀར་མཛེས་དང་ལྷ་ས། མར་དར་མདོ་དང་ཁྲེན་ཏུའུ་སོགས་ཀྱི་ལམ་ཆེན་གཅིག་པུ་ཡིན། བོད་ཟླ་གསུམ་པའི་མཇུག་ཙམ་ནས་ཡིད་འཕྲོག་པའི་མཛེས་སྡུག་གི་ཁྱད་ཆོས་དེ་དག་མངོན་བཞིན་པ་སྟེ། མཚོ་མཐར་ཁོད་ཡངས་པའི་སྤང་ཐང་ན་མེ་ཏོག་སྣ་ཚོགས་བཞད་དུ་ཡོད་ལ། སྤང་མཐར་དྭངས་གཙང་གི་ཆུ་མིག་དང་ཀླུ་མཁར་མང་ཞིང་། ད་དུང་མཐའ་འཁོར་གྱི་ཆུ་མིག་ཡོངས་དང་སྨད་གཤེན་ལུང་པའི་ཆུ་ཀླུང་དང་ཁ་སའི་ཆུ་ཀླུང་དག་ཤག་ཤག་སྙན་པའི་གླུ་དབྱངས་བཅས་མཚོ་མོ་དེའི་ནང་དུ་བཞུར་བཞིན་ཡོད་པར་མ་ཟད། ཆར་པ་ཇི་ཙམ་བབས་ཀྱང་མཚོ་ཆུ་དྭངས་མ་དེ་ལ་ནམ་ཡང་རྙོག་ཏུ་མེད་པའི་ཁྱད་ཆོས་ཤིག་མཆིས། དེ་ལ་བསམ་ན། ཁ་ཞེང་དེ་ཙམ་མ་ཆེ་ནའང་གཏིང་ཆེས་ཟབ་མོ་ཡིན་སྲིད། སྔོན་མར་ཆུ་ཁམས་རིག་པ་བ་ཚོ་ཐོན་ནས་མཚོ་དེ་ལ་ཚོད་ལྟ་མང་ཙམ་བྱས་ནས་གཏིང་ཤིན་ཏུ་ཟབ་མོ་ཡོད་པར་བཤད། དེའི་མཐའ་འཁོར་རྣམས་སུ་ཡུལ་གཞན་དུ་མེད་པའི་མཚོ་རྩྭ་རིང་པོ་མིའི་ལུས་ཚད་ཙམ་མང་པོ་སྐྱེས་ཡོད་པར་མ་ཟད། དེའི་རྩ་བ་ཟ་སྲོལ་འདུག །མཚོ་རྩྭ་དེའི་གསེབ་ཏུ་བྱ་བྱིའུ་རྣམས་ཀྱིས་ཚང་བཅས་ནས་སྒོ་ང་མང་པོ་བཞག་ཡོད། དེའི་འགྲམ་ན་རྩྭ་སྨན་མང་པོ་སྐྱེས་ཡོད་པར་ཡུལ་གྲུ་གཞན་ནས་ཀྱང་སྨན་པ་ཚོ་སྨན་རྩྭ་དེ་དག་བར་བར་དུ་ལེན་མཁན་ཐོན་པ། སྤང་ཐང་གི་ཉེ་འགྲམ་མཚོ་མོ་ནས་ངང་པ་སོགས་བྱ་བྱིའུ་སྣ་ཚོགས་ཀྱིས་སྐད་སྙན་བར་མེད་དུ་འབྱིན་པ། དེང་སང་མཐའ་འཁོར་དུ་ཤིང་སྣ་འདྲ་མིན་བཏབ་པ་མང་ལ། ཡུལ་བསྐོར་བ་ཚོ་ཉིན་རེ་བཞིན་དུ་ཆད་ལུས་མེད་པར་ཐོན་ནས་མཚོ་དེའི་མཛེས་སྡུག་ལ་མངོན་དུ་ཕྱོགས་པར་བྱེད། མཚོ་དེའི་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་མཁན་འཇིགས་མེད་ཕུན་ཚོགས། ལྕོག་རི་དགོན་གྱི་མཆོག་སྤྲུལ་རྣམས་དང་བླ་གྲྭ་ཚོས་ལྷ་སྐུ་དང་བུམ་གཏེར་མང་པོ་གཏེར་ལ་སྦས་ཡོད་པས་བྱིན་རླབས་ཆེན་པོ་ཡོད་པར་བཤད། རང་བྱུང་གི་ཁོར་ཡུག་མཛེས་པ་འདི་ནི་ང་ཚོའི་སེམས་ནང་གི་ལྷ་ཡུལ་དེ་ཁོ་ན་ཡིན་ནོ། ། 


ལྔ། རྩང་སྟོད་ས་ཆའི་གླིང་གེ་སར་དང་འབྲེལ་བའི་བཤད་རྒྱུན་དང་རྗེས་ཤུལ་སྐོར།


བྲག་འགོའི་སློབ་རའི་ནང་གི་གླིང་སྒྲུང་རིག་གནས།

འཛམ་གླིང་གི་རིག་པའི་བང་མཛོད་དུ་བོད་ཀྱི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞེས་གྲགས་པའི་གླིང་གེ་སར་རྒྱལ་པོའི་རྟོགས་པ་བརྗོད་པ་འདི་སྙན་པའི་བ་དན་དང་གྲགས་པའི་དྲི་བསུང་ཕྱོགས་ཕྱོགས་སུ་ཁྱབ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས་གླིང་གི་རྗེས་ཤུལ་གསར་འཚོལ་བྱེད་པ་ལ་རང་རེ་ཡུལ་རྩང་སྟོད་བྱ་བའི་འབྲོག་སྡེ་ལ་ཐུན་མོང་མ་ཡིན་པའི་གླིང་གེ་སར་སྒྲུང་དང་འབྲེལ་བ་ཡོད་པའི་བཤད་རྒྱུན་དང་རྗེས་ཤུལ་སྐོར་མང་དུ་ཡོད་པ་ཉུང་ངུར་འགོད་པར་བྱ།


1.གཙང་ཐང་པདྨ་འདབ་བརྒྱད། འཕགས་མཆོག་ཕྱག་ན་པདྨོའི་ཞིང་ཁམས། ཕྱོགས་བཞི་ན་ར་བཞི་དང་རྟེན་བཞིའི་བསྐོར་བའི་གནས་མཆོག་ཉམས་དགའ་བ་དེར། རིན་པོ་ཆེ་མདོག་སྣ་ཚོགས་ཀྱིས་བཀང་བའི་གཞོང་བའི་ནང་དུ་རིན་ཆེན་གཡུ་ཡི་མཎྜལ་ཆེ་ཆུང་ཟུང་ཞིག་བཤམས་པ་དང་མཚུངས་པ་ནི། གནས་རི་ཐང་པེའམ་ཐང་འབུར། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྔ་འགྱུར་རྙིང་མའི་རྫོགས་ཆེན་ཀློང་སྡེའི་སྲོལ་འབྱེད་པ་པོ་སྤམ་རྒན་ནམ་རྩང་རྒན་མི་ཕམ་མགོན་པོ་ལ་བཻ་རོ་ཙ་ནས་གདམས་ངག་གནང་སའི་གནས་རི་ཁྱད་པར་ཅན་ཁམས་ཀྱི་ཝ་སེང་བྲག་ཅེས་བྱ། འདི་ནི་སྔར་གླིང་དང་གཡུ་རོང་གཉིས་འཁྲུག་སྐབས། གསེར་རོང་གི་དཔའ་ཐུལ་ལྷ་རྩེ་བདུད་ལྷ་དཔའ་བོ་བྱ་བ་མི་ཕམ་མགོན་པོའི་སྤྲུལ་པ་ཅན་དེ་ཉིད་གདུལ་བྱ་འཕྲིན་ལས་རྫོགས་ནས་སྐུ་བསྲུང་གོ་མཚོན་མཛོད་གསུམ་དང་ལྷ་དམག་ཁྲི་ཕྲག་གཅིག་བཅས་གསེར་གྱི་སྟག་ཐུལ་མགར་བ་གཡུང་དྲུང་ལྕགས་ཐར་ལ་གཏད་ནས་ལུས་མ་སྤང་བར་རྔ་ཡབ་དཔལ་གྱི་རི་ལ་གཤེགས་སའི་གནས་རི་ཁྱད་པར་ཅན་ཞིག་ཡིན། གཡུ་རོང་བསེ་རྫོང་ལས། སྐབས་དེ་དུས་གསེར་གྱི་དམག་ཁྱུ་ནས༔ གྲུབ་ཆེན་བདུད་ལྷ་དཔའ་བོ་ཉིད༔ ཉམས་འུར་ལངས་སྐུ་ལུས་འོད་དུ་གྱུར༔ ལྷོ་མཁའ་ནས་འཇའ་ལམ་མེ་ཏོག་ཆར༔ མ་མཁའ་འགྲོའི་རོལ་བསུས་འཇའ་ལམ་འཕགས༔ བདུད་སྟག་ཐུལ་ལས་དམག་ཁྲི་བཞི་ཁྲིད༔ གནས་རྔ་ཡབ་དཔལ་རིར་མངོན་སུམ་དུ༔ མི་ཀུན་གྱི་དད་པའི་ཡུལ་གྱུར་གཤེགས༔ ཡང་། ཁོང་གྲུབ་ཆེན་རྩང་རྒན་དངོས་སྤྲུལ་བ༔ བདུད་ལྷ་གཤེགས་ཤུལ་སྐྲ་སེན་ལ༔ དཔའ་ཐུལ་ཡོངས་ཀྱིས་ཕྱག་མཆོད་ཕུལ༔ སྐུ་གདུང་མུ་མེན་མཆོད་རྟེན་ནི༔ ཁྲུ་གང་གསེར་གྱི་པ་ཊ་ཅན༔ དད་མོས་ཕྱག་རྟེན་སྤྲུལ་པས་བཞེངས༔ ཕྱི་རབས་ས་བཅུད་ཡུལ་རྟེན་དུ༔ རྩང་ཐང་ཏིས་འབུར་ས་མིག་སྙིང༔ གཏེར་སྦས་འགྲོ་དོན་སྨོན་ལམ་བཏབ༔ ཅེས་སོ། །

2.ཁམས་ཀྱི་ཝ་སེང་བྲག་གི་གཡོན་ཟུར་གཙང་ཆུ་སྔོན་མོ་དར་དཔྱངས་ཀྱི་རིས་མོ་ལྟར་དལ་གྱིས་འབབ་པ་ནས་འོ་འཁྱིལ་གོང་ཐང་བར་སྔོན་གླིང་གིས་གཡུའི་བསེ་རྫོང་ཕབ་སྐབས་གསེར་ཉི་འབུམ་ལྷ་དམག་གི་གཡུལ་གྱི་ལྟ་གོན་མཛད་སའི་དམག་སྒར་རྒྱག་ས་ཡིན།

3.ད་ལྟ་གཙང་སྟོད་ཡུལ་ཚོའི་རྒྱ་གྲོང་སྡེ་པའི་དབྱར་ས་མདོ་ཆུ་བཞིའི་གཡག་སྙིང་སྲིབ་ཐང་བྱ་བ་ནས་གླིང་གསེར་གྱི་བློན་པོ་པདྨ་བསྟན་འཛིན་དང་དཔའ་ཐུལ་སྤྱང་ཚ་རྒོད་པོ། བཀྲ་གསར། ལྷ་བཙན། གསེར་ལྷ་བཅས་ཀྱིས་གཡུའི་བྱང་བློན་བྲག་ནག་དང་བདུད་སྟག་ཐུལ་ས་དུག་ཆུ་དུག་དུག་འཕྲུལ་ལ་དབང་ཐོབ་པ་སྡེ་བཞི་དང་འཐབ་པས་བྱང་བློན་མིན་པ་ཐམས་ཅད་དག་པའི་ཞིང་དུ་སྤར་སའི་གནས་ཡིན། ས་འདིར་གླིང་གི་དཔའ་ཐུལ་རྣམས་ཀྱིས་འགོང་སྲི་མནན་གཏད་བྱས་པ་སླར་མི་ལྡིང་བའི་ཕྱིར་དུ་རྡོ་འབུམ་ཆུང་ངུ་ཞིག་བཞེངས་པ་ནས་བཟུང་རྩང་གི་གཡག་སྙིང་རྡོ་རིང་མའི་གཞི་ཆགས་པ་ཡིན།

4.གཡག་སྙིང་ཐང་མཐའ་ནས་གསེར་བློན་པདྨ་བསྟན་འཛིན་གྱིས་གཡུའི་བྱང་བློན་བྲག་ནག་བྱ་བ་ཕམ་བཅུག་པས་ས་འོག་ནས་བྲོས་པ་ལ་རལ་གྲིས་གཡུགས་པས་གཤགས་པའི་རྗེས་ཤུལ་ད་ལྟའང་མཇལ་རྒྱུ་ཡོད།

5.གཙང་གི་འོ་འཁྱུལ་གོང་ཐང་ནས་གསེར་སྟག་ཐུལ་གེ་འཕན་ཆོས་དབང་། ཨ་སེང་འབྲུག་རྒོད་ཡ་མེད་གཉིས་ཀྱིས་བདུད་སྟག་ཐུལ་ཕག་རྒོད་དུག་འགྱུར་དང་གྲུམ་ནག་ས་དུག་ཡ་མེད་གཉིས་བཏུལ་སའི་གནས་ཡིན།

6.གཙང་གི་གཡག་སྙིང་སུམ་མདོ་ནས་གླིང་གི་གྲུབ་ཆེན་ལྷ་རིག་རྒོད་པོ་དང་དཔའ་བོ་ཤེས་རབ་དབང་ཕྱུག །གྲུབ་ཆེན་ཤཱཀྱ་ཡ་མེད་བཅས་ཀྱིས་བདུད་གཡུ་བློན་འགོང་སྲིན་སྤྲེལ་གདོངས་ལག་རིང་། ཕུང་བྱེད་རི་བོང་འགོང་རྒྱལ། མི་ཟན་ཁྱི་མགོ་ལྕགས་སེན་རྣམས་དག་ཞིང་དུ་སྤར་ནས་འགོང་སྲིན་ཁ་མི་དར་བའི་ཆེད་དུ་མནན་གཏད་བྱས། གཡུ་རོང་བསེ་རྫོང་ཁྲ་མོ་ལས། བདུད་འགོང་དགུའི་མགོ་འཕང་སྨད་པའི་ཕྱིར༔ ཁྱོད་མི་རྟའི་ཕུང་སྙིང་ལུས་ཆས་དང་༔ ལུས་གནས་འགོང་དམག་བྱེ་བ་བཅས༔ མ་འོངས་སུམ་ཅུར་མ་ཐུག་བར༔ གཡག་སྙིང་སུམ་མདོར་མནན་གཏད་བྱེད༔ སྔོན་གྱི་ལོག་སྨོན་ངན་བཏབ་མཐུས༔ དམ་སྲིའི་མནན་གཏད་གནམ་ལ་ཤོར༔ བདུད་ཧོར་འགོང་དགུས་བོད་ལ་འཚེ༔ སངས་རྒྱས་བསྟན་པ་སྣུབས་པར་བརྩམ༔ མི་འདོད་ནད་མུག་མཆོན་ཆར་འབབ༔ བསྟན་འགྲོ་ཉམས་ཐག་ཉེན་པའི་ཚེ༔ གླིང་གྲུབ་ཆེན་བརྒྱད་བཅུའི་སྤྲུལ་པ་ནི༔ གཙང་ས་སྐྱ་མན་ཆད་བྱང་སོག་ཚུན༔ སྨད་དར་མདོ་འཇང་ཁ་གསེར་ལུང་སོགས༔ རྒྱ་འདྲེ་བཟློག་ཐབས་སྣ་ཚོགས་དང༔ སྔོན་གནས་རྗེས་དྲན་གླེང་རབས་སོགས༔ འགྲོ་དོན་སྐྱེས་བུ་དུ་མ་འབྱུང༔ ལུང་བསྟན་ཚུལ་བཞིན་འགྲུབ་གྱུར་ན༔ བསྟན་འགྲོའི་བདེ་སྐྱིད་ཉམས་པ་གསོ༔ དུད་ནོར་འགོང་དམག་སྟོབས་ཉམས་འགྱུར༔ སུམ་ཅུའི་ཁུག་སྨད་མ་ཐུག་བར༔ བཟློག་མེད་འགོང་དམག་ལྡང་མི་ནུས༔ ཡང་། དེ་བར་གཡག་སྙིང་ཁམས་མདོ་འདིར༔ འཕར་མེད་གཤིན་དོང་རིམ་དགུའི་འོག༔ འཆོར་མེད་ཧོཾ་ཁང་དམ་རྒྱས་བཅིང༔ འགུལ་མེད་རྡོ་རྗེའི་བྲོ་ཡིས་བརྡུངས༔ ལྡང་མེད་རྟོགས་བྲལ་རི་ཡིས་མནན༔ སུམ་ཅུའི་ཁུག་མགོར་མ་ཐུག་བར༔ དངོས་ལྡང་མི་ནུས་ཁ་ཟིལ་ཙམ༔ ལྡང་འཕར་རྟགས་ལ་ལི་རྩང་སྒང༔ ནད་འཁྲུགས་མི་འདོད་སྣ་ཚོགས་དང༔ དུད་ཧོར་འགོང་དགུའི་ཁ་དར་འཚེ༔ རང་ས་མི་ཟིན་གཡོ་ཟེང་རྒྱུག༔ མི་བདེ་ས་མཐའ་ཕྱོགས་ཕྱོགས་འཐོར༔ ལི་གཙང་མི་མེད་བསེར་བུས་འཛིན༔ དེ་མི་འོངས་བཟློག་ཐབས་དུ་མ་དང༔ བཟློག་བྱེད་གླིང་སྤྲུལ་སྐྱེས་བུ་རེ༔ ངེས་མེད་ཚུལ་དུ་ལུང་རྟགས་རྟོལ༔ སྔོན་གནས་རྗེས་དྲན་རྣམ་ཐར་སོགས༔ ཚུལ་བཞིན་ཉམས་བླངས་འགོང་དལ་འཚེ༔ ནད་མུག་མཚོན་སོགས་སྐལ་ངན་ཞི༔ བསྟན་འགྲོའི་རྒུད་པ་གསོ་བ་དང༔ རྒྱལ་ཁམས་བདེ་སྐྱིད་འཕེལ་བར་འགྱུར༔ ཞེས་སོ། །

7.གཙང་གི་ཏིས་དཀར་ཁམས་མདོ་རུ་རྟའི་རྨིག་རྗེས་ལྟ་བུ་ཆུ་གཙང་གི་རྫིང་བུ་བདུན་ཐང་རྔ་ནས་ཐང་མགོ་བར་རྒྱང་རིང་ནས་བལྟས་ན་དངོས་ནས་རྟ་ཞིག་བརྒྱུགས་སོང་བ་དང་འདྲ། དེ་བཤད་སྲོལ་ལ་གླིང་གིས་གཡུ་རོང་གི་བསེ་རྫོང་ཁྲ་མོ་ཕབ་པས་རྩང་གི་ཐང་དུ་གཡུལ་ལས་རྒྱལ་བའི་སྟོན་མོ་དང་གླུ་གར་རྟ་རྒྱུག་མཛད། སྐབས་དེར་གླིང་གེ་སར་རྟ་རྒྱུགས་བྱས་པའི་རྗེས་ཤུལ་ཡིན་ཞེས་གྲགས།

8.གཙང་གི་ཚྭ་རྫུམ་(འཛོམས)ཚྭ་ཐོག་གི་སྒང་རྒྱུད་དེད་ནས་ཡར་གྱི་ཉག་ཁ་རུ་གླིང་གིས་གཡུ་རོང་ཡུལ་ཁམས་དཀར་པོ་ཆོས་ཀྱི་ཞིང་དུ་བཀོད་ནས་ཕྱིར་ལོག་སྐབས་ད་དུང་བདུད་ཅིག་ལྷག་ཡོད་པ་སྒེག་གི་ཁ་(སྒེག་གི་ལུང་པའི་ཁ། ས་མིང་ཞིག)ནས་ལྐོག་ལྟ་བྱས་པ་ལ་སྟག་རོང་དཔོན་པོ་ཁྲོ་ཐུང་གིས་མདའ་ཞིག་འཕངས་ནས་བཏུལ་བ་ཡིན་ཟེར་བའི་བཤད་སྲོལ་འདུག

9.ཡང་གཙང་གི་འོ་འཁྱུལ་ཁམས་མདོ་ནི་གསེར་གྱི་དཔའ་ཐུལ་རིག་འཛིན་རྡོ་རྗེ་ཁྱུང་གཤོག་དང་རྗེས་དཀར་དཔའ་འཛིན་རྒོད་པོ་གཉིས་ཀྱིས་གཡུའི་བདུད་ཐུལ་ཆུ་ཐུབ་དུག་འཛིན་དང་ཡ་མེད་མེ་ཐུབ་བཙན་པོ་གཉིས་བཏུལ་ས་ཡིན།

10.རྩང་ཆུ་སྔོན་མོའི་ནང་དུ་གླིང་གི་དཔའ་ཐུལ་ཞིག་གི་ཁྲབ་ལྷུང་སོང་བ་རྟེན་འབྲེལ་གྱིས་ཡུལ་དེར་གཏེར་ལ་སྦས་ཤིང་སྨོན་ལམ་བཏབ་པས་ཚེ་རབས་ཀུན་ཏུ་གླིང་གི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པར་འབྱུང་བ་དང་ཁྲབ་དེ་གཏེར་ནས་འདོན་པའི་དུས་ཤིག་ཤར་རྒྱུ་ཡོད་ཟེར་སྲོལ་འདུག

11.རྩང་རྒྱལ་ལྷ་རི་ཏི་དཀར་ཟེར་བ་ཡང་གླིང་གེ་སར་གྱིས་གླིང་རི་ཏི་དཀར་ཟེར་བ་ཡུལ་གྱི་ལྷར་གསོལ་བ་དང་རྩང་ལུང་འགོ་རྔ་གཉིས་ཀྱི་ཡུལ་ལྷ་རྣམས་ཀྱི་རྒྱལ་པོར་མངའ་གསོལ་བས་ན་རྩང་རྒྱལ་ལྷ་རི་ཏི་དཀར་ཟེར་དོན་ཡང་དེ་ཡིན། ཡང་ཡུལ་ལྷ་གེར་འཛོ་ཟེར་བ་འདི་ཡང་གེ་སར་གྱི་ཕ་ཡབ་སྟེ་གཉན་གྱི་རིགས་སུ་གྱུར་པ་གེ་འཛོ་དང་རིགས་རྒྱུད་གཅིག་པ་ཡིན་ཟེར་སྲོལ་འདུག

12.ཤ་འཇང་རི་མཐོ་མ་ཟེར་བའི་རི་དེ་ནི་འཇང་གླིང་གཉིས་འཁྲུག་སྐབས་གླིང་གིས་འཇང་ཕྲུག་བཟུང་བས་འཇང་གིས་འཇང་ཕྲུག་ལོན་ཐབས་རེ་ཨེ་ཡོད་བསམ་ནས་དམག་འཚམས་ཟླ་གསུམ་ལ་བཞག །སྐབས་དེར་གཡུ་གླིང་གཉིས་འཐབ་པས་འཇང་ཕྲུག་རྩང་དུ་བཙོན་ལ་བཟུང་། འཇང་ཕྲུག་གིས་ཕ་ཡུལ་དྲན་པས་ཤ་འཇང་རི་མཐོ་མའི་སྒང་དུ་འཇང་གི་ཡུལ་ལྷ་རྣམས་ལ་བསང་བཏང་བས་བཏགས་པ་ཡིན་ཟེར་སྲོལ་འདུག

13.བཀའ་བརྒྱད་ཁྲོ་བོ་རོལ་བའི་ཞལ་མངོན་སུམ་དུ་ཕྱེས་ཡོད་པའི་ཆེ་མཆོག་དཔལ་དགུའི་སྒྲུབ་གནས་ཆེན་པོ་གཙང་བཀྲ་དབུས་བྱ་བའི་གནས་མཆོག་ཉམས་དགའ་བ་དེར་ཡང་འཛམ་གླིང་སྐྱེ་མཆོག་ནོར་བུའི་ལྷ་སྒྲུང་དང་འབྲེལ་བའི་བཤད་རྒྱུན། སྒྲུབ་གནས། ངོ་མཚར་བའི་རང་བྱུང་རྗེས་ཤུལ་སྣ་ཚོགས་མཇལ་རྒྱུ་ཡོད་པ་ནི།

(1)སྤྱིར་གནས་རི་འདིར་རི་རྒྱུད་ཆེ་ཆུང་གསུམ་གྱིས་གྲུབ་པ་ཞིག་ཡིན་ཞིང་གཡས་ཕྱོགས་ཀྱི་གནས་རི་དེའི་ངོར་སྤྱི་དཔོན་ཨ་མྱེ་ཁྲ་རྒན་གྱི་སྒྲུབ་ཕུག་ཡོད། དེའི་ནང་དུ་གླིང་འབུམ་དུམ་པ་བཅུ་གཉིས་དང་ཨ་མྱེའི་ཕྱག་རྗེས། གླིང་སྐྱེས་བུ་ཆེན་པོའི་གསེར་སྒ་ཉི་མ་རང་ཤར་དང་ལྕག་ཚན་བསམ་པའི་དོན་གྲུབ་གཉིས་ཀྱི་རྗེས་ཤུལ་དང་གླིང་སེང་ལྕམ་འབྲུག་མོའི་རྒྱན་ཆར་གྱུར་བའི་ལག་གདུབ། སོར་གདུབ། མེ་ལོང་སོགས་ཀྱི་རྗེས་ཤུལ་གྱི་རི་མོ་བཅས་མངོན་སུམ་དུ་མཇལ་རྒྱུ་ཡོད།

(2)ཡང་རི་དེའི་ངོར་བྲག་ཟོར་ཟོར་ཁང་པའི་འགྲམ་གྱང་དང་མཚུངས་པ་ཞིག་ཡོད་པའི་འགོ་རྔ་གཉིས་ཀྱི་བར་ལ་གས་སྲུབས་རིང་པོ་ཞིག་ཡོད་པའི་དཀྱིལ་ཙམ་ལ་བུ་ག་ཞིག་ཡོད་པ་ལས་ཕར་བལྟས་ན་དག་དག་ཆུ་མིག་ཞིག་མཐོང་ཐུབ། འདི་ནི་སྔར་གླིང་སྐྱེས་བུ་ཆེན་པོས་སྤྱིར་སེམས་ཅན་ཡོངས་དང་དགོས་སུ་བོད་ཀྱི་མི་དང་སངས་རྒྱས་ཀྱི་བསྟན་པར་གནོད་པ་བྱེད་པའི་ཀླུ་བདུད་ནག་པོ་བྱ་བ་དེ་ལ་གབ་ནས་མདའ་འཕངས་ཤིང་བཏུལ་བའི་རྗེས་ཤུལ་ཡིན་ཟེར་སྲོལ་འདུག

(3)དེ་ནས་གཡོན་རི་ལ་ལྷ་རྟ་ཅང་རྒོད་འབར་བའི་རྨིག་རྗེས་དང་ཁྱི་དུང་ལེའི་རྗེས་སོགས་རང་བྱུང་ངོ་མཚར་བ་མང་པོ་མཇལ་རྒྱུ་ཡོད་དོ། །

དེ་ལྟར་གླིང་དང་འབྲེལ་བའི་བཤད་རྒྱུན་མང་དུ་འདུག་པ་ནི་གཏེར་སྒྲུང་གཡུ་རོང་བསེ་རྫོང་ཁྲ་མོ་དང་ཁྱི་ཤུལ་རིག་བཟང་གི་ཇོ་རུའི་རྣམ་ཐར། མཁན་པོ་ཡི་དམ་གྱི་གཡུ་གླིང་། ཁོ་བོས་བྲིས་པའི་རྩང་གླིང་མེ་ཏོག་ར་བ་སོགས་སུ་གསལ་བས་དེར་གཟིགས་པར་ཞུ། །

དྲུག ། ཆུ་བྱ་གསར་པས་རྩང་སྟོད་རྩྭ་ཐང་ལ་མཛེས་སྡུག་བསྐྲུན།


སྤྱིར་རྩང་སྟོད་རྩྭ་ཐང་ནི་ཁོར་ཡུག་གཙང་ཞིང་མེ་ཏོག་རྣམ་པར་བཀྲ་བའི་ཡུལ་ལྗོངས་ཤིག་ཡིན་ལ་སྲོག་ཆགས་སྣ་ཚོགས་བག་ཡངས་སུ་རྒྱུ་ཞིང་འཚེ་བ་དང་བྲལ་བའི་གནས་ཉམས་དགའ་བ་ཞིག་ཡིན། སྤྱི་ལོ་2019ལོའི་སྟོན་ཁ་རྩང་སྟོད་རྩྭ་ཐང་གི་ལྟེ་བའམ་ཝ་སེང་བྲག་གི་གནས་འགྲམ་དུ་ཁོ་བོས་སྔར་མེད་པའི་བྱ་རིགས་གསར་པ་འདི་མཐོང་བ་དང་པར་བླངས་པ་ཡིན། དྲྭ་རྒྱ་ལས་ཤེས་རྟོགས་བྱུང་བ་ལྟར་ན་ལོ་འགའ་ཞིག་གི་སྔོན་དུ་མཚོ་སྔོན་པོའི་འགྲམ་དུ་ཡང་བྱ་འདི་རིགས་གསར་དུ་བྱུང་བའི་གནས་ཚུལ་བཀོད་འདུག །བོད་ཀྱི་དམངས་ཁྲོད་དུ་ཆུ་སྲེག་ཡང་ཟེར་མཁན་འདུག ། ཡིག་ཚགས་ལྟར་ན་སྐྱར་མོ། ཆུ་སྐྱར། ངུར་བ་སོགས་མང་པོ་ཞིག་ལ་ངོས་བཟུང་འདུག ། 


བདུན། རྩང་སྟོད་རྒྱ་བོད་དབྱིན་གསུམ་གྱི་མ་ཎི་ཀ་ཆེན།


སྤྱིར་བོད་ཀྱི་ཡུལ་གྲུ་སྟོད་སྨད་བར་གསུམ་དུ་ལན་ཝར་སུམ་ཕབ་མའི་མ་ཎི་སོགས་རྡོ་ལ་བརྐོས་པ་མང་དུ་ཡོད་ལ་ཆེས་མཐོང་བར་དཀོན་པ་ནི་ཕྱི་གླིང་པས་ཁམས་བྲག་འགོའི་རྩང་སྟོད་རྩྭ་ཐང་དུ་བརྐོས་པའི་རྒྱ་བོད་དབྱིན་གསུམ་གྱི་མ་ཎི་ཀ་ཆེན་དེ་དག་ཡིན། མ་ཎི་ཀ་ཆེན་འདི་དག་ནི་སྤྱི་ལོ་1930ལོའི་ཟླ་7པར་དར་མདོའི་གནམ་བདག་ཆོས་ལུགས་སྤེལ་མཁན་ཕྱི་གླིང་པ་ཞིག་རྩང་སྟོད་ཐ་བ་ཤོག་ཁའི་ཨ་འཛི་ཚང་གི་ནད་པ་ཞིག་ལ་ནུབ་སྨན་བྱེད་པར་བྱུང་བ་དེས་བརྐོས་པ་ཞིག་ཡིན་འདུག །
སྤྱིར་བཤད་ན་བོད་ཀྱི་ཡུལ་གྲུ་རྣམས་སུ་རྒྱ་བོད་དབྱིན་གསུམ་གྱི་མ་ཎི་ཀ་ཆེན་མཐོང་བར་དཀོན་པ་དང་ཁྱད་པར་དུ་ཕྱི་གླིང་པ་གནམ་བདག་ཆོས་ལུགས་སྤེལ་མཁན་ཞིག་གིས་བརྐོས་པ་འདི་དེ་ལས་ཀྱང་མཐོང་དཀོན་པ་ཞིག་ཡིན་པ་རེད། རྩང་གི་ཞིང་ཐར་གནས་ནང་དུ་སྔར་དེ་འདྲའི་མ་ཎི་ཀ་ཆེན་དྲུག་ཙམ་ཡོད་ཀྱང་ད་སྐབས་འདྲེན་བྱེད་མིག་གི་ཡུལ་དུ་གྱུར་པ་གཉིས་ཙམ་ལས་མི་འདུག་ལགས།
འདིས་ཅི་ཞིག་མཚོན་ཐུབ་པ་ཡིན་ཟེར་ན་སྔོན་གྱི་དུས་སུ་ཡུལ་ཁམས་འདིའི་མི་རིགས་དང་མི་རིགས་བར། རྒྱལ་ཁབ་དང་རྒྱལ་ཁབ་བར། ཆོས་ལུགས་དང་ཆོས་ལུགས་བར་ཀྱི་འཆམ་མཐུན་དང་མི་རྣམས་ཀྱི་གུ་ཡངས་བའི་བསམ་བློ། གསར་བྱུང་རིག་གནས་ལ་དང་ལེན་བྱེད་ཐུབ་པ་སོགས་མཚོན་ཡོད་པ་ཡིན། 

བརྒྱད། གཡག་སྙིང་རྡོ་རིང་མ།

འཇིག་རྟེན་འདིའི་སྟེང་དུ་ལོ་སྟོང་ལ་སྡོད་ཐུབ་པའི་མི་མེད་རུང་རྩང་སྟོད་ཡུལ་གྱི་གཡག་སྙིང་རྡོ་རིང་མ་ནི་ལོ་སྟོང་ལོན་པའི་རྒད་པོ་ནང་བཞིན་རྩང་གི་ཐང་རྔར་གླིང་སྒྲུང་དང་བོད་སིལ་བའི་སྐབས་སོགས་ཀྱི་ལོ་རྒྱུས་ཀྱི་ཆོས་འབྱུང་བཞིན་གནས་ཡོད། ཆོས་དང་སྲིད་སྣ་ཚོགས་ལ་ཇི་ལྟར་དར་རྒུད་སོང་ན་ཡང་གཡག་སྙིང་རྡོ་རིང་མ་ནི་རྡོ་གྱོ་མོ་ནང་བཞིན་ལོ་རྒྱུས་ཀྱི་གསང་བ་ཉལ་ནས་ད་དུང་ང་ཚོའི་མིག་གི་ཡུལ་དུ་འགྱུར་རྡོ་གསོན་པོའི་རང་བཞིན་དུ་འདུག །འཇིག་རྟེན་གྱི་ཁ་དཔེར། ངོས་ཟིན་ན་རྡོ་ཡང་ནོར་བུ་ཡིན། ངོས་མ་ཟིན་ནོར་བུ་ཡང་རྡོ་ཞིག་ཡིན་ཞེས་པ་ལྟ་བུ་ལགས།

གཡག་སྙིང་རྡོ་རིང་མ་ནི་ཐོག་མར་གླིང་གི་ཇོ་རུ་དགུང་ལོ་བཅུ་གསུམ་སྐབས་གླིང་དམག་རྩང་དུ་འབྱོར་བས་གཡུ་རོང་དང་འཐབ། སྐབས་དེར་རྩང་གི་གཡག་སྙིང་སུམ་མདོར་བསེར་ཉི་འབུམ་གྱི་ལས་དམག་ལས་གྲུབ་ཆེན་ལྷ་རིག་རྒོད་པོ་དང་དཔའ་བོ་ཤེས་རབ་དབང་ཕྱུག གྲུབ་ཆེན་ཤཱཀྱ་ཡ་མེད་བཅས་ཀྱིས་བདུད་གཡུ་བློན་འགོང་སྲིན་སྤྲེལ་གདོངས་ལག་རིང་། ཕུང་བྱེད་རི་བོང་འགོང་རྒྱལ། མི་ཟན་ཁྱི་མགོ་ལྕགས་སེན་རྣམས་དག་ཞིང་དུ་སྤར་ནས་འགོང་སྲིན་རྣམས་ཁ་མི་དར་བའི་ཆེད་དུ་མནན་གཏད་བྱས། དེ་ཡི་ཤུལ་དུ་རྡོ་འབུམ་ཆུང་ངུ་ཞིག་བཞེངས་པ་ནས་བཟུང་རིམ་པར་ཇེ་རྒྱས་སུ་གྱུར། ཁྱད་པར་དུ་ར་ཧོར་བླ་མ་རྒྱ་མཚོའི་སྐུ་རིང་ལ་དབལ་ཤུལ་སྦུབས་ཐ་མས་ཁ་གསོ་རྒྱ་ཆེར་མཛད། སླར་ལོ་རབས་བརྒྱད་ཅུ་པའི་སྐབས་པཎ་ཆེན་བི་མའི་དངོས་སྤྲུལ་མཁན་ཆེན་ཟླ་བའི་འོད་ཟེར་གྱིས་གཙོ་བོ་མཛད་པས་བསྐྱར་གསོ་ཐེངས་གཅིག་མཛད། དེང་གི་དུས་སུ་ཡང་སྟོང་དཔོན་བླ་མ་འཇམ་དབྱངས་ཉི་མ་དང་ཉི་ཁོ་སོགས་ཀྱི་བཀའ་དྲིན་གྱིས་ཁ་གསོ་མཛད་མེས་སུ་ཡོད་པ་ཡིན། རྡོ་འབུམ་འདི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་རྫ་ཆུ་ཁའི་བསང་གི་མ་ཎི་རྡོ་འབུམ་ལས་ལོ་ཉི་ཤུ་ཙམ་གྱིས་སྔ་བས་ལོ་རྒྱུས་ཞིབ་འཇུག་པ་དང་ལྗོངས་རྒྱུ་བ་རྣམས་ལ་ལྟད་མོ་དང་རིག་དངོས་ཞིབ་འཇུག་གི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་ཡིན་པ་མ་ཟད་པར་དང་བརྙན་ལེན་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་གནང་བའི་ཡུལ་ཞིག་ཡིན་པ་རེད། 
དགུ ། ལུག་རའི་མ་ཎི་རང་བྱོན།

ཡོངས་གྲགས་སུ་རྩང་ཡུལ་ལུག་རའི་མ་ཎི་རང་བྱོན་ཟེར་བ་འདི་ནི་གནའ་སྔ་མོ་ཞིག་ལ་བོན་གྱི་མ་ཎི་སྟེ་ཨོཾ་མ་ཏྲི་མ་ལེ་ས་ལེ་འདུ་ཞེས་པ་ཞིག་ཡིན་ལ་ཕྱིས་སུ་ཡུལ་དེར་ནང་པའི་བསྟན་པ་དར་བས་ཨོཾ་མ་གཉིས་ཀྱི་ཡིག་འབྲུ་མ་ཡིན་པ་ཐམས་ཅད་མེད་པར་བྱས་པ་ཞིག་ཡིན། འོན་ཀྱང་གནའ་མི་རྣམས་ཀྱིས་མཐོང་ཆེན་བྱེད་པའི་ཡུལ་ཞིག་ཡིན། ཅི་ཡིན་ཟེར་ན་མ་ཎི་རང་བྱོན་འདི་ནི་རྩང་ཡུལ་གཡང་གི་འབྲི་མོ་ར་བཞི་ཟེར་བ་ལས་ལུག་ར་ཞེས་པའི་ལུང་པའི་ནང་ཡོད་པས་གཡང་རྟེན་ཡིན་ཟེར་སྲོལ་འདུག །ད་དུང་ར་བཞི་ལས་རྟ་ར་ཟེར་བའི་ནང་དུ་ཡང་མ་ཎི་རང་བྱོན་ཞིག་ཡོད་པའང་ཡིག་འབྲུ་གཉིས་ལས་བཞག་མེད་པ་ཞིག་ཡིན། ཡང་བཤད་ལུགས་གཞན་ཞིག་ཡོད་པ་ནི་སྔོན་ལོ་ཆེན་བཻ་རོ་ཙ་ན་རྒྱལ་མོ་རོང་ནས་དབུས་སུ་ཕེབས་པའི་ལམ་བར་དུ་རྩང་གི་མེ་ལོང་ཐང་དུ་སྤང་མི་ཕམ་མགོན་པོ་ལ་རྫོགས་པ་ཆེན་པོ་ཀློང་གི་སྡེ་གསུང་པ་ན་ཨ་མ་དྲན་པས་ཕྱག་མཛུབ་ཀྱིས་བྲིས་པ་ཡིན་ཟེར་མཁན་ཡང་འདུག །

མདོར་ན་བོན་གྱི་མ་ཎི་ཡིན་ནའང་ཆོག་བཻ་རོའི་ཕྱག་བྲིས་ཡིན་ནའང་ཆོག །འདི་ནི་རྩང་ཡུལ་ལ་མཚོན་ན་གཡང་གི་རྟེན་རྩ་ཆེན་ཞིག་གམ་རིག་དངོས་རྩ་ཆེན་ཞིག་ཡིན་པས་རིག་དངོས་དང་ལོ་རྒྱུས་ཞིབ་འཇུག །ཡུལ་སྐོར་ལྗོངས་རྒྱུ་བ་རྣམས་ལ་མཚོན་ན་རིག་དངོས་ཕུན་སུམ་ཚོགས་པ་ཞིག་ཡིན། ད་དུང་བོན་གྱི་སྒོ་བཞི་མཛོད་ལྔ་དང་སྔ་འགྱུར་རྫོགས་པ་ཆེན་པོའི་ལོ་རྒྱུས། ཡང་ན་ལོ་ཆེན་བཻ་རོ་དང་གཡུ་སྒྲ་གཉིས་དབུས་སུ་ཕེབས་ལམ་ཞིབ་འཇུག་དང་ཡུལ་ཁམས་དེའི་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞི་ཆེན་པོ་ཞིག་ཀྱང་ཡིན་ནོ། ། 
བཅུ། ཞིང་ཐར་གནས་ནང་གི་རྡོ་འབུམ།

ར་ཧོར་དགོན་འདབས་སུ་གནས་པའི་སྤྱན་རས་གཟིགས་ཕྱག་བཞི་བ།


རྩང་ཡུལ་ཞིང་ཐར་གནས་ནང་གི་རྡོ་རིང་གྲོ་ལོད་ཀྱི་རྡོ་བརྐོས།


རྩང་སྟོད་ཡུལ་ཚོའི་ཞིང་ཐར་གནས་ནང་གི་སྟོན་པའི་ཞབས་རྗེས་རྙིང་པ།

སྤྱིར་རྡོ་རུ་བརྐོས་པའི་གཟུགས་རིས་ལས་སྲོག་ཆགས་དང་འཚོ་བ་མཚོན་པའི་རི་མོ་ནི་དེང་གི་དུས་སུ་ཞིབ་འཇུག་པ་རྣམས་ཀྱིས་གནའ་བོའི་རིག་གནས་ཀྱི་འཕེན་རིམ་ལ་དཔྱད་བརྗོད་བྱེད་པའི་རྒྱུ་ཆ་གཙོ་བོ་ཞིག་ལ་འཛིན་བཞིན་ཡོད་པ་རེད། རི་མོ་དེ་དག་དུས་ནམ་ཞིག་ལ་བྱུང་བ་དང་ཚུལ་ཅི་ལྟ་བུའི་སྒོ་ནས་བྱུང་བ་སོགས་ལ་རྗེས་དཔག་བྱེད་ཐུབ་པ་རེད།

ང་ཚོ་བྲག་འགོ་རྫོང་རྩང་སྟོད་སྡེ་པའི་མངའ་ཁུངས་སུ་རྡོ་བརྐོས་དང་རྡོ་འབུམ་མང་པོ་ཡོད་པ་ནི་གེར་འཛོང་རྡོ་འབུམ། གཡག་སྙིང་རྡོ་རིང་མ། རྩང་བ་རྒྱལ་པོའི་བཀའ་དམ་རྡོ་འབུམ། ཀྱུག་མ་དང་ཀ་སྐྱའི་རྡོ་འབུམ། བྱ་བདོའི་རྡོ་འབུམ། རྡོ་ཙོག་མའི་རྡོ་འབུམ། ཞིང་ཐར་མདོའི་རྡོ་འབུམ། ར་ཧོར་རྡོ་འབུམ། ཞིང་ཐར་གནས་ནང་གི་རྡོ་འབུམ་སོགས་གནའ་ནས་ཡོད་ལ་དེའི་ནང་དུ་གནའ་བོའི་བརྐོས་རྩལ་འབུར་དུ་ཐོན་པ་ནི་ཞིང་ཐར་གནས་ནང་གི་རྡོ་འབུམ་དེ་ཉིད་ཡིན། གེར་འཛོང་རྡོ་འབུམ་ནི་རྩང་གི་སའི་གོང་བ་དང་གཡག་སྙིང་རྡོ་རིང་མ་སའི་རྐུབ་ཡིན་པ་ནི་ས་མཁན་ར་ཧོར་རྒྱ་མཚོའི་ཞལ་གསུང་ལོ་ལོན་རྒན་པོ་རྣམས་ཀྱི་ངག་ལ་རླུང་ལྟར་གྲགས་འདུག་གོ །ཞིང་ཐར་གནས་ནང་གི་རྡོ་འབུམ་འདི་དུས་ནམ་ཙམ་ལ་བཞེངས་འགོ་བཙུགས་པ་མི་གསལ་ལ་གནའ་བོའི་རྡོ་འབུམ་ཆུང་ངུ་ཞིག་ཡོད་པའི་ཁར་ཞིང་ཐར་རི་ཁྲོད་དེར་སྒྲུབ་པ་ཚེ་དང་མཉམ་པར་མཛད་པའི་སྟག་རིང་སྨན་ཆེན་ངེས་ལེགས་དང་གོས་རྩའི་ཞང་ཞུང་མོ་ཆེན། གནམ་མཚོ་མཁན་པོ་བསྟན་འཛིན། ཨ་འཛི་གཞན་ཕན་སོགས་ཡུལ་དེ་གར་བཞུགས་པའི་བླ་གྲྭ་རྡོ་རྐོ་བའི་ལག་རྩལ་ལ་དབང་འབྱོར་བ་རྣམས་ཀྱིས་ཁ་གསོ་མཛད་པ་ཞིག་ཡིན།

རྡོ་འབུམ་འདིའི་ནང་དུ་རྒྱལ་བའི་བཀའ་འགྱུར། འབུམ། རྡོར་གཅོད། ཤེར་ཕྱིན། ཐར་མདོ། ཚེ་མདོ། མ་ཎི་ཀ་ཆེན། སིདྡྷི་ཀ་ཆེན། ཚེ་བསྙེན། ཕྱག་རྡོར་བསྙེན་པ་སོགས་ལན་ཝར་བོད་གསུམ་གྱི་ཡི་གེ་སུམ་འབེབ་ཅན་གྱི་འགོ་རྒྱན་པ་ཊའི་འོག་ཏུ་བུམ་སྒོ་ལྟ་བུའི་ནང་ས་སྐུ་མེ་རུ་བསྲེག་པས་བཙུད་པ་ས་གནས་གཞན་དུ་མཐོང་བར་དཀོན་པ་དང་ཕྱི་གླིང་བ་ཡེ་ཤུ་ཆོས་པ་ཞིག་གིས་བསྐོས་པའི་རྒྱ་བོད་དབྱིན་གསུམ་གྱི་མ་ཎི་ཀ་ཆེན་སོགས་གསུང་གི་སྐོར་དང་ཚེ་ལྷ་རྣམ་གསུམ། སྤྱན་རས་གཟིགས། ཕྱག་རྡོར། གུ་རུ། སྒྲོལ་མ་དཀར་ལྗང་། སྟོན་པའི་ཞབས་རྗེས་རྒྱ་གར་ལུགས། ར་ཧོར་སྐུ་ཆེན་འཇམ་དབྱངས་གྲུབ་པའི་དབང་པོའི་སྐུ། སྨན་ལྷ་མཆེད་བརྒྱད། མཆོད་རྟེན་སོགས་འབག་སྐུ་ལྟ་བུ་འབུར་དོད་མ། ལན་ཝར་བོད་གསུམ་གྱི་མ་ཎི་དཀྱིལ་འཁོར་མཐོང་གྲོལ་སྒོ་དང་བཅས་པ་སོགས་སྐུ་རྟེན་གསུང་རྟེན་མང་། དེ་དག་གི་ནང་དུ་བརྒྱན་བྱེད་རི་མོ་པ་ཊ་དང་གསང་སྔགས་ཀྱི་རི་མོ་སྣ་ཚོགས་དཔེར་ན་རྟགས་བརྒྱད། རྫས་བརྒྱད། འདོད་ཡོན་ལྔ། མེ་ཏོག །ཕུར་པ། རྡོ་རྗེ། ཀ་པཱ་ལ། དབང་པོའི་མེ་ཏོག གྲི་གུག །མར་མེ། ཊ་རུ། རྡོ་དྲིལ་སོགས་མང་ངོ་། ། 

བཅུ་གཅིག །རྫོགས་པ་ཆེན་པོའི་གཏེར་གནས་ཁམས་ཀྱི་ཝ་སེང་བྲག


ཁམས་ཀྱི་ཝ་སེང་བྲག་ནི་བྲག་འགོ་རྫོང་རྩང་སྟོད་ཡུལ་དུ་ཡོད་ལ་སྔོན་དམ་སྲི་མ་རུང་བ་ཞིག་སྨད་མདོ་ཁམས་སུ་ཤོར་བ་འདུལ་བར་སློབ་དཔོན་པདྨ་འབྱུང་གནས་ཕེབས་པས་བཏུལ་ཞིང་དམ་སྲིའི་དོན་སྣོད་རྣམས་ཀྱིས་མདོ་ཁམས་སུ་རྟ་མགྲིན་གྱི་སྒྲུབ་གནས་བརྒྱ་དང་བརྒྱད་བྱིན་གྱིས་བརླབས་པ་དང་རྫོགས་ཆེན་ཟབ་ཆོས་རྫས་དང་བཅས་པ་གཏེར་དུ་སྦས་ཤིང་ཁམས་ཀྱི་ཝ་སེང་བྲག་ཅེས་གྲགས། དེའི་རྗེས་སུ་ལོ་ཆེན་བཻ་རོ་ཙ་ན་ཤར་རྒྱལ་མོ་རོང་དུ་ཕེབས་པས་སྤང་སངས་རྒྱས་མགོན་པོ་སོགས་ལ་རྫོགས་པ་ཆེན་པོ་སེམས་སྡེ་སོགས་གསུངས་པས་ཆོས་ཀྱི་ཉི་མ་ཤར་བར་མཛད། དེ་ནས་གཡུ་སྒྲ་སྙིང་པོ་དང་བཅས་ཡར་དབུས་སུ་ཕེབས་པའི་ལམ་ཁར་རྩང་གི་མེ་ལོང་ཐང་ངམ་རྩང་ཡུལ་མནྡ་ར་བའི་ཝ་སེང་བྲག་གི་གནས་སུ་སྤང་རྒན་ནམ་རྩང་རྒན་མི་ཕམ་མགོན་པོ་ལ་རྫོགས་པ་ཆེན་པོ་ཀློང་གི་སྡེ་གསུངས། རྒན་པོས་ཝ་སེང་བྲག་ཏུ་དེ་ཉིད་བསྒོམས་པས་སྐལ་པ་སྦྲུལ་གྱི་ལོར་སློབ་མ་ངན་ལམ་བྱང་ཆུབ་མཆོག་དབྱིངས་སོགས་དཔོན་སློབ་ལྔ་པོ་དུས་གཅིག་ལ་འོད་ལུས་སུ་གཤེགས་པའི་གནས་ཡིན་ནོ། །

དེང་གི་དུས་སུ་ཡུལ་ཁམས་དེར་བོད་ཀྱི་ས་གནས་གཞན་པར་མེད་པའི་ལོ་ཆེན་བཻ་རོ་དང་གཡུ་སྒྲ་སྙིང་པོ། རྩང་རྒན་མི་ཕམ་མགོན་པོ་རྣམས་མཇལ་འཕྲད་མཛད་པའི་རྣམ་ཐར་དང་རྫོགས་པ་ཆེན་པོ་ཀློང་གི་སྡེའི་ཟབ་ཆོས་སྤེལ་བའི་ལོ་རྒྱུས་ཟློས་གར་གྱི་རྣམ་པ་སོགས་མིག་གི་དགའ་སྟོན་དུ་འཁྲབ་རྒྱུ་ཡོད་པས་ཕྱི་རོལ་ནས་ཕེབས་པའི་སྐུ་མགྲོན་མང་པོའི་ཡིད་དབང་དང་དད་པའི་བ་སྤུ་གཡོ་བར་འགྱུར་བཞིན་ཡོད་ལགས། 

བཅུ་གཉིས། གནའ་དེང་ཧོར་བྲིས་ཀྱི་འཕེལ་རིམ།

གངས་རིའི་ར་བས་མུ་ཁྱུད་དུ་བསྐོར་བའི་བྷོ་ཊའི་ཞིང་ཁམས་སུ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་བཟོ་ཡི་རིག་པ་ཡུལ་ཁམས་སོ་སོར་ཚོམ་བུ་ལྟར་བྱུང་བའི་ནང་ནས་དུས་རབས་བཅོ་ལྔ་པར་བལ་བྲིས་ལ་མཁས་པ་རྡོ་པ་བཀྲ་ཤིས་རྒྱ་མཚོའི་སློབ་མ་སྨན་ཐང་པ་དོན་གྲུབ་རྒྱ་མཚོས་སྲོལ་བཏོད་པའི་སྨན་ཐང་ལུགས་རྙིང་ངམ་ལྷོ་བྲིས་ལས་ཁམས་བྲག་འགོའི་ཕྱོགས་སུ་ཧོར་བྲིས་བྱ་བའི་རི་མོའི་ལུགས་གསར་པ་ཞིག་རིམ་པར་འཕེལ་རྒྱས་སུ་བྱུང་། དེང་གི་དུས་སུ་མང་པོ་ཞིག་གིས་ཧོར་བྲིས་ལ་གང་འདོད་དུ་མིང་གསར་པ་ཞིག་བཏགས་པས་ནམ་མཁའ་རྒྱན་གྱི་ལྷ་རྒྱུད་ཅེས་འབོད་སྲོལ་ཆགས་འདུག་ནའང་དོན་ལ་ནི་དེ་ལྟ་མ་ཡིན་ལགས། དུས་རབས་བཅུ་བདུན་པའི་ནང་ཧོར་བྲག་འགོའི་སྤྲུལ་པའི་བཟོ་བོ་ནམ་མཁའ་རྒྱས་ཀྱིས་སྨན་རྙིང་ལུགས་ལ་འབུར་བྲིས་དང་མཐོང་སྒྲིབ་རིག་པའི་སྲོལ་གསར་དུ་བཏོད། སྐབས་དེར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་བྱེ་བྲག་པར་འབུར་བྲིས་སམ་མཐོང་སྒྲིབ་རིག་པ་དར་ཡོད་པ་ད་གཟོད་རྒྱ་ནག་ལ་དར་འགོ་ཚུགས་པའི་སྐབས་ཙམ་ཡིན་པ་རེད། ལོ་རྒྱུས་དེ་དག་ལ་གཞིག་ན་སྤྲུལ་པའི་བཟོ་བོ་ནམ་མཁའ་རྒྱས་ནི་བོད་ཀྱི་འབུར་བྲིས་རི་མོ་དང་མཐོང་སྒྲིབ་རིག་པ་གསར་གཏོད་མཛད་མཁན་ཡིན་ཅེས་བཤད་ན་མི་ཆོག་རྒྱུ་མི་འདུག་སྙམ། ཁོང་གི་རི་མོའི་སྒྱུ་རྩལ་གཙོ་བོ་ནི་མཐོང་སྒྲིབ་རིག་པ་ལྟར་ཐག་རིང་ཐུང་གི་དབང་གིས་ལྷ་དང་ཡུལ་ལྗོངས། ཁང་པ། སྲོག་ཆགས་སོགས་ཆེ་ཆུང་དབྱེ་ནས་འབྲི་བ་དང་གཟུགས་བརྙན་ཤིན་ཏུ་ཆུང་བའི་རིགས་ཆུ་བུར་མིག་གིས་སྤྱོད་ཡུལ་དུ་གྱུར་དཀའ་བ་དག་ཆེར་བསྐྱེད་མཐོང་ཤེལ་གྱི་བལྟས་ན་ཡུལ་ལྗོངས་ཀྱི་སྲོག་ཆགས་ཆུང་ཆུང་གི་མིག་དང་མཛུབ་མོ། སྣ་བདུན་གྱི་བཙུན་མོའི་སྐྲ་ཡི་ཉག་མ་ལ་སོགས་པ་གསལ་བར་མཐོང་ཐུབ་པ་རེད། དེའི་ཕྱིར་བོད་མིའི་ཁ་དཔེར། བྲིས་རགས་དཀའ། །ལྷ་ཞིབ་(ཆུང་) དཀའ་ཟེར་བ་ལྟ་བུ་ཡིན་པས་ཡུལ་སྣང་གི་ལྷ་དང་ལྷ་མོ་སོགས་ཞིབ་མོ་བྲིས་པ་ལ་དམངས་ཁྲོད་དུ་སྤུ་ཉག་ལྷ་བཟོ་ཡང་ཞུ། ཞི་ཁྲོའི་སྐུ་གཟུགས་རྣམས་ཀྱི་ཞལ་དང་ཤ་ཚུགས། ན་བཟའ། ཁྲི། ཆུ་བྲག་སོགས་འབུར་ཚུགས་སུ་མངོན་པར་མཛད་པས་མཐོང་སྒྲིབ་རིག་པ་ནང་བཞིན་བྲིས་ཡོད་པ་ཞིག་ཡིན། རྗེ་འདི་པའི་འབུར་བྲིས་དང་མཐོང་སྒྲིབ་རིག་པ་ནི་ཚུལ་ཇི་ལྟ་བུ་ཞིག་གི་སྒོ་ནས་ཤེས་རྟོགས་བྱུང་བ་ནི་ཤིན་ཏུ་ལྐོག་གྱུར་གྱི་གསང་བ་ཞིག་གོ །འབུར་བྲིས་ཀྱི་རི་མོ་འདི་གསར་གཏོད་བྱུང་བ་ནས་བཟུང་མི་རྣམས་ཀྱིས་རི་མོ་འདི་ལ་ཧོར་བྲིས་ཞེས་མིང་དུ་བཏགས་པར་མཛད་པ་ཡིན་ནོ། །

རྗེ་འདི་པའི་སྒྱུ་རྩལ་བརྩམས་ཆོས་ལས་ཚབ་མཚོན་རི་མོ་ནི་སྨན་རྙིང་ལུགས་ལ་མཐོང་སྒྲིབ་རིག་པས་བརྒྱན་དེ་བྲིས་པ་བདེ་ཆེན་ཞིང་བཀོད་ལྟ་བུ་དང་སྨན་རྙིང་གི་ལུགས་ལ་ཡུལ་གང་ལ་ལོ་རྒྱུས་ཡུལ་སྣང་དེ་དང་མི་རིགས་གང་ཡིན་པ་དེ་ལྟར་བྲིས་པ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ལྟ་བུ། སྨན་རྙིང་ལུགས་ལ་ཉམས་འགྱུར་དང་འབུར་ཚུགས་ཀྱིས་བརྒྱན་དེ་བྲིས་པ་སྟོན་པའི་མཛད་པ་དཔག་བསམ་འཁྲི་ཤིང་། རྒྱ་ནག་གི་དོན་མཚོན་རི་མོ་དང་མཚུངས་པར་བྲིས་པའི་གནས་བརྟན་ཆུ་རིས་མ་ལྟ་བུ། གཞན་ཡང་གླིང་སེང་ཆེན་ནོར་བུ་དགྲ་འདུལ། པདྨ་འབྱུང་གནས་སོགས་མང་། བཟོ་ཡི་དེད་དཔོན་ཆེན་པོ་འདིས་སྲན་འབྲུ་ཕྱེད་ཀྱི་ཐོག་ཏུ་ཐུབ་པ་གནས་བརྟན་བཅུ་དྲུག་འབྲི་ཐུབ་པ་དང་རྗེས་བྱུང་ལྷ་རྒྱུད་ས་གཞི་རྒྱན་གྱིས་ཤིང་ཏོག་སྐྱི་ལིའི་ནང་སྙིང་ཕྱེད་ཀྱི་ཐོག་ཏུ་ཐུབ་པ་གནས་བརྟན་བཅུ་དྲུག་འབྲི་ཐུབ་པ་ཡིན། ད་དུང་བྲག་རྒྱབ་གྲོང་པར་ནས་འབྲུ་གཅིག་གི་ཐོག་ཏུ་ཁབ་རྩེ་ཡིས་གངས་རི་དང་སེངྒེ་ཁ་སྤྲོད་རྐོ་ཐུབ་པའི་རྐོ་པ། ཡང་སད་སེལ་ལུག་པའི་ཕྱག་བཟོ་སད་སེལ་ཕུད་ཀོང་དང་སད་སེལ་མཎྜལ་སོགས་ཧོར་བྲག་འགོའི་ཡུལ་དུ་སྐད་གྲགས་ཅན་གྱི་བཟོ་རྩལ་ཅན་མང་པོ་བྱུང་མྱོང་བ་རེད།

བཟོ་མཆོག་རྒྱལ་པོ་ནམ་མཁའ་རྒྱས་ཀྱིས་རྒྱ་བོད་ལུགས་གཉིས་ལ་མ་དར་བ་ཁོ་རང་གི་ཕྱག་དང་རིག་པའི་རྩལ་ལས་བྱུང་བའི་མཐོང་སྒྲུབ་རིག་པ་དང་སྒྱུ་རྩལ་རི་མོ་འབུར་བྲིས་མ་དེས་བོད་གཅིག་པུ་མ་ཡིན་པར་རྒྱ་ནག་གི་མི་རྣམས་ཀྱང་ཧ་ལས་པར་གྱུར། དཔེར་ན་རྒྱ་ནག་གླང་ཆེན་འགྱིང་རིའི་ཉེ་འདབས་སུ་སྐྱེས་པའི་མཁས་པ་ཝང་ཀྲི་ཕིང་(王治平居士)ཡང་ཡིད་དབང་རབ་ཏུ་བཀུག་པས་སྙན་དངགས་ཀྱི་བསྟོད་པ་ཤོ་ལོ་ཀ་ཞིག་མཛད་པ་དང་ད་དུང་ལྷུག་རྩོམ་ནམ་མཁའ་རྒྱས་ཀྱི་རིས་བྲིས་བྱ་བ་ཞིག་མཛད་པས་ཡོ་རོབ་དང་སུའུ་ལེན་སོགས་སུ་སྤེལ། མ་ཟད་རྒྱལ་ནང་གི་རྩེ་པོ་ཏ་ལ། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོའི་ཕོ་བྲང་། ཧོར་བྲག་འགོ་དགོན་པ། སྟོང་སྐོར་དགོན་པ་སོགས་རྒྱལ་ཕྱི་ནང་གཉིས་ཀྱི་ས་ཆ་མང་པོར་ཁོང་གི་ཕྱག་བྲིས་གནང་བའི་ཞལ་ཐང་ཉར་ཚགས་བྱས་ཡོད་པ་བཞུགས།

རྗེ་འདི་པ་ཡབ་སྲས་ནས་བཟུང་རྩང་རོང་གི་རི་སྨད་པ་སྤུ་ཚང་(སྤུ་ཚང་དང་སྤུ་ལྷ་དཔོན་ཟེར་བ་ནི་གོང་ལྟར་སྤུ་ཉག་ལྷ་བཟོ་ལས་བཏགས་པ་ཞིག་ཡིན། )གིས་རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོའི་ལྷ་དཔོན་མི་རབས་བཅུ་གསུམ་ལ་མཛད་པ་དང་ད་བར་དུ་མི་རབས་བཅུ་དྲུག་སོང་ཡོད་པ་རེད། འདི་ཚང་གི་སློབ་རྒྱུད་དུ་གྱུར་པ་ཁྱིམ་མིང་དབལ་ཤུལ་ཚང་གི་བུ་རྗེས་དཀར་པདྨ་དབང་ཆེན་རེབ་གོང་ཕྱོགས་སུ་སོང་བ་ལ་འཛམ་ཐང་སྤྲུལ་པའི་ལྷ་བཟོ་ཞེས་གྲགས་ཤིང་རེབ་གོང་གི་བྲིས་རྒྱུན་ཡང་ཧོར་བྲིས་ལས་ཆད་པ་ཡིན་འདུག །ད་དུང་ནམ་མཁའ་རྒྱས་ཀྱི་སློབ་མ་སྡེ་དགེ་བ་ཕུར་བུ་ཚེ་རིང་བྱ་བ་ཞིག་ཀྱང་ཡོད་འདུག་པ་དེ་གྲུ་པ་ཕུར་བུ་ཚེ་རིང་ཡིན་མིན་མི་གསལ་བས་དཔྱད་པའི་གནས་ཤིག་གོ །

གཞན་ཡང་འདི་བཟོ་རྒྱུད་དུ་གྱུར་པ་ལྷ་ཕྲུག་དཔལ་ལོ་དང་ལུག་རྣ་ཐང་ལྷ་དཔོན་གཉིས་དར་རྩེ་མདོར་ཤིས་ཁམས་ཞིང་ཆེན་གྱི་ཀྲུའུ་ཞིའུ་རྒན་པ་རྒྱ་དཔོན་ལིའུ་ཝུན་ཧུའེ་(刘文辉 西康省政府主席、民国革命军二级陆军上将)གདན་ཞུ་བྱུང་བ་ལྟར་ཕེབས་པས་ཐང་ག་མང་པོ་བྲིས། སྐབས་དེར་གཞན་ལྷ་མོ་རྩེ་དགོན་པར་མཁའ་སྤྱོད་མ་སོགས་ཐང་ག་མང་པོ་བྲིས། ཕྱིས་སུ་ཡང་རྒྱ་ནག་གི་དཔོན་ཆེན་ཅང་ཨུ་ཡོན་ཀྲང་ཟེར་བའམ་ཡང་ན་ལིའུ་ཝུན་ཧུའེ་གང་རུང་གི་བཀའ་མངག་ལྟར་ཧོར་བྲག་འགོར་བཅའ་སྡོད་བྱས་པའི་གོ་མིན་ཏང་གི་དམག་དཔོན་ཐོན་ཀྲང་ཀྲང་ཧོང་(张行团长)གིས་གདན་ཞུ་བྱས་པ་ལྟར་ལུག་རྣ་ཐང་ལྷ་དཔོན་རྒྱ་ནག་ན་བ་ཁྲ་ལེབ་བྱ་བ་དང་སྤོས་ལྡན་གྲོང་ཁྱེར་གྱི་ཉེ་འདབས་སུ་ཕེབས་ཤིང་ལྡེབས་རིས་དང་ཐང་ག་སྒང་པ་བོད་ཀྱི་ཧོར་བྲིས་ལུགས་ལྟར་མཛད་པས་མཚན་སྙན་རྒྱ་ཡི་ཡུལ་གྲུ་ཀུན་ལ་ཁྱབ་པར་གྱུར་པ་དང་ཆོ་ལོར་རྨ་བྱའི་ཞྭ། ཙན་དན་གྱི་མཁར་བ། གཟན་ཤམ་སོགས་གོས་ཀྱི་ཐོག་ཏུ་གསེར་སྐུད་ཀྱིས་རྗེ་འདི་པའི་མིང་དང་ཡོན་བདག་གི་མིང་སོགས་མ་ཧཱ་ཙི་ནའི་ཡི་གེས་དྲུབ་པ་སོགས་གནང་བ་སོགས་ལ་བལྟས་ནའང་ཧོར་བྲིས་ནི་རྒྱ་བོད་གཉིས་ལ་སྐད་དུ་གྲགས་པའི་བཟོ་རིག་པ་ཞིག་ཡིན་པ་ཤེས་ཐུབ་བོ། །

དེ་ཡང་ཧོར་བྲིས་ཀྱི་ལུགས་འདི་དར་བའི་ཡུལ་གཙོ་བོ་ནི་སྔར་ཧོར་རྗེ་ཏ་ར་ཁག་ལྔའི་མངའ་ཁུངས་སམ་ད་ལྟའི་ཧོར་བྲག་འགོ་དང་རྟའུ། དཀར་མཛེས་དང་གཞན་ཡང་འཛམ་ཐང་། མི་ཉག །ཉག་རོང་། སྡེ་དགེ །རྫ་ཁོག །རེབ་གོང་སོགས་ཡུལ་གྲུ་མང་པོར་དར་རྒྱས་སུ་ཕྱིན་ཡོད་པ་རེད། གཞན་ཡང་ཧོར་བྲིས་ཀྱི་ཤིང་ཚོན་ཞེས་ཚོན་མདངས་བཀྲ་ཞིང་རི་མོའི་རྩལ་ལེགས་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་ནི་དེང་གི་དུས་སུ་གཙུག་ལག་ཁང་དང་མགྲོན་ཁང་ཆེན་མོ། མི་སྒེར་གྱི་ཁང་པ། མཆོད་ཁང་། ཁྱིམ་ཆས་སོགས་ལ་མེད་དུ་མི་རུང་བའི་བཟོ་རྩལ་ཞིག་ཏུ་གྱུར་ཡོད་པ་རེད།

བྲིས་རྒྱུན་འདི་ལས་བྱུང་བའི་བཟོ་བོ་མཁས་པ་བྲག་འགོའི་སྤྲུལ་པའི་བཟོ་མཆོག་དཀྲོ་ནམ་མཁའ་རྒྱས། ས་གཞི་རྒྱན་ནམ་བཟོ་བོ་སྟོན་པ་རྒྱལ་མཚན། ལོ་ཙ་བཟོ་བོ་ཡབ་སྲས་ཚེ་དཔག་དར་རྒྱས་དང་རྡོ་རྗེ་མགོན་པོ། ལུག་རྣ་ཐང་ལྷ་བཟོ་ཚེ་དབང་དར་རྒྱས། ར་ཧོར་མཁན་པོ་ཐུབ་བསྟན། མཁར་ཆ་ཆོས་ཉིད། ཤེས་རབ་རྡོ་རྗེ། ཨ་བླ་རྡོ་རྗེ། གཙོས་རི་མའི་ལྷ་བཟོ་བག་ཧ་ཁ་ཆེ་མ། དར་རྒྱས་དགོན་པའི་ཐུབ་བསྟན་ཉི་མ། སྟོང་སྐོར་བ་ཚུལ་ཁྲིམས་རྡོ་རྗེ་དང་དགེ་འདུན། རེས་བུ་དང་ལྷ་ཕྲུག །རྒྱ་འཕེལ། བཟོ་བོ་གནས་ལུ། བརྟན་པ། ལྷ་ཕྲུག་དཔལ་ལོ། བསྟན་པ། ལྷ་བཟོ་ཟླ་བ། ཡེ་ཤེས་ཚེ་བརྟན། བསམ་གྲུབ། དགུ་ནང་གཡུང་ལོ། བྱང་ཆུབ་རྡོ་རྗེ། ཚངས་དགའ། འདམ་མདོ་བ་ཤེས་རབ་རྒྱལ་མཚན། རྩང་སྟོད་པ་གཏེར་སྐྱོང་། རྫ་དར་རྒྱས་དགོན་པའི་རྡོ་དགའ། བཟོ་བོ་ཚངས་པོའམ་ཚེ་དབང་བཀྲ་ཤིས། དཀྲོ་པ་དཔལ་ལྡན་བསམ་གྲུབ། ཚེ་རིང་དར་རྒྱས། ཡེ་ཤེས་འོད་ཟེར། དཀྲོ་པ་པུ་གྱའམ་པདྨ་ཚེ་རིང་། རྟའུ་བ་ཧྥ་གངས་སམ་ཤེས་རབ་རྒྱལ་མཚན། རྡོ་མཁར་བ་ཆོས་སྐྱོང་། རྩང་སྟོད་པ་བསོད་ནམས་དར་ལོ། གཡུ་ཁོག་བ་དགའ་བ། སྤུ་ལྷ་དཔོན་ཕུར་བུ་ཐར། སྡེ་དགེ་བ་ཕུར་བུ་ཚེ་རིང་། སྤུ་མགོན་པོ་སྐྱབས། སྤུ་འབྲུག་ཐར། ཀརྨ་བསྟན་འཛིན། ཚེ་དབང་འགྱུར་མེད། ཀརྨ་འཕྲིན་ལས། འཕྲིན་ལས་ལྷུན་གྲུབ། འགྱུར་མེད་བསྟན་འཛིན། འགྱུར་མེད་རྡོ་རྗེ། པདྨ་ལྷུན་གྲུབ། པདྨ་དབང་རྒྱལ། བླ་མ་པདྨ་རིག་འཛིན། ཡིད་བཞིན་དབང་རྒྱལ། ནོར་བུ་དབང་རྒྱལ། རྗེས་དཀར་པདྨ་དབང་ཆེན་ནམ་འཛམ་ཐང་སྤྲུལ་པའི་ལྷ་བཟོ་སོགས་ཡུལ་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པ་བྱུང་ངོ་། །

དེ་ཡང་དེང་གི་དུས་སུ་ཡང་2007ལོ་བྲག་འགོ་རྫོང་ནམ་མཁའ་རྒྱས་ (བྲག་འགོ་རྫོང་སྲིད་གཞུང་དང་ཚོགས་པ། ཚོང་གཉེར་ཁང་སོགས་ཀྱིས་ནམ་མཁའ་རྒྱན་ཞེས་བྲིས་འདུག་ཀྱང་གནའ་ཡིག་རྙིང་པ་དང་ལོ་ལོན་རྒན་པོ་འགའ་རེའི་ངག་ལམ་དུ་ནམ་མཁའ་རྒྱས་ཡིན་ཟེར་བ་འདུག་པས་དེ་ལྟར་ལོ་རྒྱུས་ཡིག་རྙིང་སོགས་གཙོ་བོར་བཟུང་བས་འདིར་བཀོད་པ་ཡིན། ) ཐང་ག་སྒྱུ་རྩལ་ཚོགས་པ་དང་ཐང་གའི་ཚོང་གཉེར་ཁང་གསར་དུ་བཙུགས་པས་ཧོར་བྲིས་ཀྱི་རྒྱུན་བཟུང་བ་དང་ཕྱི་ཕྱོགས་སུ་དར་སྤེལ་དང་ཁྱབ་བསྒྲགས་བྱས། 2008ཀྱི་ལོ་ནམ་མཁའ་རྒྱས་ཐང་ག་སི་ཁྲོན་ཞིང་ཆེན་གྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ནང་ཐོ་འགོད་བྱས་པ་དང་རྒྱལ་ཁབ་རིག་གནས་པུའུ་ཡིས་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཡུལ་ཁམས་སྟེ་ཐང་གའི་ཕ་ས་(中国民间艺术之乡——唐卡之乡)ཞེས་པའི་མཚན་སྙན་ཐོབ། 2012ལོའི་ཟླ་གཉིས་པར་དཀར་མཛེས་ཁུལ་ནམ་མཁའ་རྒྱས་ཐང་གའི་སྒྱུ་རྩལ་རིག་གནས་ཚད་ཡོད་ཚོང་གཉེར་ཁང་གསར་དུ་བཙུགས། ཟླ་12པར་སྤོས་ལྡན་གྲོང་ཁྱེར་གྱི་དམངས་ཁྲོད་ལག་རྩལ་འགྲེམ་སྟོན་ཐོག་མཁན་སློབ་ཆོས་གསུམ་གྱི་ཐང་ག་ལ་ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ། 2013ལོའི་ཟླ་5པར་ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་། ལྷོ་ནུབ་མི་རིགས་སློབ་ཆེན་བཅས་ཀྱིས་མཉམ་དུ་སྤེལ་བའི་ཀརྨ་སྒར་བྲིས་ཀྱི་བུམ་པ་ཞེས་པའི་རི་མོ་འགྲེམ་སྟོན་ཐོག་སྒྲོལ་ལྗང་ཐང་ག་ལ་དངུལ་གྱི་རྟགས་མའམ་ཨང་གཉིས་པའི་བྱ་དགའ་ཐོབ། 2016ལོ་ཟླ་ལྔ་པའི་ནང་རྒྱལ་ས་པེ་ཅིན་གྱི་རྒྱལ་ཁམས་ཀྱི་ཟློས་གར་ཁང་ཆེན་(国家大剧院)དུ་ནམ་མཁའ་རྒྱས་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་པའི་བརྩམས་ཆོས་བཤམས་སྟོན་མཛད་པས་རྒྱལ་ཕྱི་ནང་ཀུན་ཏུ་སྙན་པའི་གྲགས་པ་འབར་བར་གྱུར། 2017ལོ་བྲག་འགོ་རྫོང་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་མཉམ་འབྲེལ་གྱིས་བྲག་འགོ་རྫོང་མི་རིགས་ལག་རྩལ་གསབ་སྦྱོང་གནས་གཞིའི་སློབ་གྲྭ་གསར་དུ་བཙུགས་པ་དང་སློབ་མ་བརྒྱ་ཙམ་བསྡུས་པས་ས་གནས་ལག་རྩལ་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད། 2018ལོའི་ཟླ་བདུན་པར་ཧོར་བྲག་འགོའི་ཧོར་བྲིས་ཀྱི་ཐང་ག་ཕྱི་སོག་རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་ཁང་དུ་གཏན་དུ་ཉར་ཚགས་བྱས་པ་དང་ནམ་མཁའ་རྒྱས་སྒྱུ་རྩལ་ཐང་གའི་ཞིབ་འཇུག་ཁང་(郎卡杰唐卡研究院)འཛུགས་རྒྱུའི་ཆོག་མཆན་ཐོབ། ད་ལྟ་བྲག་འགོ་རྫོང་གཅིག་པུ་ལ་ཞིང་ཆེན་རིམ་པའི་ཧོར་བྲིས་སྒྱུ་རྩལ་རྒྱུད་འཛིན་པ་མི་སྣ་བཞི་དང་ཁུལ་རིམ་པའི་མི་སྣ་བཅུ་བཞི། རྫོང་རིམ་པའི་མི་སྣ་བདུན་བཅས་ལ་ལག་ཁྱེར་སྤྲད་ཡོད་པ་སོགས་བཟོ་བོ་ནི་ས་གནས་སོ་སོར་ཉི་རྡུལ་གྱི་གྲངས་དང་མཉམ་པ་མཐའ་ཡས་པའོ། ། 

མཇུག་གི་གཏམ།

ལ་གླུ་ཡི་ཕ་ཡུལ་ཁམས་བྲག་འགོ་ནི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ཕུན་སུམ་ཚོགས་ཤིང་། དེང་རབས་རིག་གནས་ཀྱི་དྲི་བསུང་ཕྱོགས་བཅུར་འཕྲོ་བའི་རིག་གནས་ཀྱི་ལྟེ་གནས་འགངས་ཆེན་ཞིག་ཡིན། གནའ་དེང་གི་སྐྱེས་ཆེན་གྲངས་མེད་ཅིག་ཕྱི་སྣོད་ཀྱི་བཀོད་པ་ལེགས་པར་འཛོམས་པའི་གནས་འདིར་སྐུ་འཁྲུངས་མྱོང་བར་མ་ཟད། གླིང་རྗེ་གེ་སར་རྒྱལ་པོ་སོགས་སྐྱེས་ཆེན་གྲངས་མེད་ཅིག་གིས་ཞབས་ཀྱིས་བཅགས་མྱོང་སའི་གནས་མཆོག་ཅིག་ཀྱང་ཡིན། རེབ་འདིར་ཁ་བཏགས་དཀར་པོ་རྩོམ་སྒྲིག་ཁང་གི་རེ་སྐུལ་ངོར་ལྡོག་མ་ཐུབ་པར་གཟུར་གནས་ལྡན་པའི་ངང་ནས། ཁམས་བྲག་འགོ་དང་འབྲེལ་བའི་ལོ་རྒྱུས་ཏོག་ཙམ་ས་བཅད་མ་སྟོང་བ་ཙམ་ཞིག་འདི་གའི་རྩོམ་སྒྲིག་ཁང་ལ་མཁོ་སྤྲོད་ཞུས་པ་ཡིན།

སྤྱིར་ས་གནས་ཀྱི་ལོ་རྒྱུས་གང་དང་གང་ཡིན་རུང་ངག་རྒྱུན་དང་བཤད་སྒྲོས་མི་འདྲ་བ་ཡོད་པ་རྒྱུན་ལྡན་ཞིག་ཡིན་ཡང་། དེབ་འདིར་འཁོད་པའི་ལོ་རྒྱུས་དག་ནི་འདི་ཙམ་ལ་ཁ་གཡར་ནས་ཅི་བྱུང་གང་བྱུང་དུ་བཤད་པ་དང་བྲིས་པ་གཅིག་ཀྱང་མེད་པར། རྩོམ་མཁན་འདི་དག་གིས་ཡུལ་དངོས་སུ་གོམ་པ་བརྒྱབས་ནས་རྒྱུས་ལོན་དང་རྟོག་ཞིབ་བྱས་པ་དང་གཅིག །ས་གནས་ཀྱི་ལོ་རྒྱུས་ཁུངས་དག་ལ་གཞི་བཅོལ་བ་དང་གཉིས། མེས་པོ་གོང་མའི་བཤད་རྒྱུན་དག་མ་ལ་ཁུངས་གཏུག་ནས་བྲིས་པ་ཏག་ཏག་ཡིན་པ་ལས། རང་སྣང་གང་ཤར་དང་མཛུབ་མོས་རི་སྟོན་ལྟ་བུའི་སྒྱིད་ལུག་གི་བརྟུལ་ཞུགས་བཟུང་ནས་བྲིས་པ་གཅིག་ཀྱང་མེད་པ་ཁ་ཚོན་གཅོད་ཐུབ། ཡིན་ནའང་བསམ་བཞིན་མ་ཡིན་པར་ནོར་འཁྲུལ་ཅི་རིགས་མཆིས་སྲིད་པས་མཁྱེན་ལྡན་རྣམས་ཀྱིས་གསལ་འདེབས་བྱེད་པར་ཞུ། དེ་མཚུངས་ད་དུང་ལྷག་ལུས་སུ་སོང་བའི་གལ་ཆེའི་ལོ་རྒྱུས་ཡོད་སྲིད་ཀྱང་། འདི་དག་ནི་རྒྱ་མཚོའི་ནང་གི་ཆུ་ཐིགས་ཞེས་པ་ལྟར་ཕྱོགས་ཕྱོགས་ཙམ་ཞིག་ངོ་སྤྲོད་བགྱིས་པ་ཡིན་ནོ། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1