འཕྲིན་སྦྱོར་གསར་པའི་དུས་རབས་སུ་ཚགས་པར་རྩོམ་སྒྲིག་ལས་དོན་གྱི་གསར་གཏོད་འདུ་ཤེས་ཇེ་ཆེར་གཏོང་བའི་སྐོར་ཅུང་གླེང་བ།

ཀུན་དགའ་བསམ་གཏན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


གཅིག །འཕྲིན་སྦྱོར་གསར་པའི་དུས་རབས་སུ་ཚགས་པར་རྩོམ་སྒྲིག་ལས་ཀའི་གསར་གཏོད་འདུ་ཤེས་ཆེ་རུ་གཏོང་བའི་གལ་ཆེའི་

རང་བཞིན་བཤད་པ།

འཕྲིན་སྦྱོར་གསར་པའི་རྒྱབ་ལྗོངས་འོག་ཆ་འཕྲིན་ཁྱབ་སྤེལ་གྱི་མྱུར་ཚད་མགྱོགས་པར་མ་ཟད་ཁྱབ་སྤེལ་བྱེད་སྟངས་ཀྱང་སྔར་ལས་སྣ་མང་ཅན་དུ་གྱུར་ཡོད་པས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། འཕྲིན་སྦྱོར་གསར་པ་སྒོ་ཐོན་པ་ནས་བཟུང་སྲོལ་རྒྱུན་ཤོག་བུའི་འཕྲིན་སྦྱོར་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཏེ་དེའི་འཚོ་གནས་ཀྱི་བར་སྟོང་ཆུང་དུ་བཏང་ཡོད། དེས་ན་ཚགས་པར་རྩོམ་སྒྲིག་ལས་དོན་གྱི་གསར་གཏོད་འདུ་ཤེས་ཆེ་རུ་བཏང་ནས་སྲོལ་རྒྱུན་ཤོག་བུའི་འཕྲིན་སྦྱོར་གྱི་འཕེལ་ལམ་གསར་པ་འཚོལ་ཞིབ་བྱ་དགོས། །

གཉིས། འཕྲིན་སྦྱོར་གསར་པའི་དུས་རབས་སུ་ཚགས་པར་རྩོམ་སྒྲིག་ལས་ཀའི་གསར་གཏོད་འདུ་ཤེས་ཆེ་རུ་གཏོང་བའི་

ཞིབ་ཕྲའི་ཐབས་ལམ།

1.གསར་གཏོད་འདུ་ཤེས་དང་དེང་རབས་ཅན་གྱི་འདུ་ཤེས་ཡོད་དགོས།

འཕྲིན་སྦྱོར་གསར་པའི་དུས་རབས་སུ་ཚགས་པར་རྩོམ་སྒྲིག་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པར་བྱ་དགོས། དེ་སྔའི་སྲོལ་རྒྱུན་གྱི་བསམ་བློའི་འདུ་ཤེས་བསྒྱུར་ནས་དེང་རབས་ཅན་གྱི་འདུ་ཤེས་བཅང་དགོས་ལ། ཀློག་པ་པོའི་དགོས་མཁོ་དངོས་དང་བསྟུན་ནས་སྤྱི་ཚོགས་ཐོག་གླེང་མང་བའི་གནད་དོན་དང་སྐབས་དོན་ཆབ་སྲིད་གཙོ་གནད་དུ་བཟུང་ནས་ནང་དོན་གདམ་གསེས་དང་པར་ངོས་ཇུས་འགོད་བྱས་ཏེ་ལྟ་ཀློག་གི་སྤྲོ་སྣང་བསླང་དགོས། གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཚགས་པར་རྩོམ་སྒྲིག་ལས་དོན་དང་འཕྲིན་སྦྱོར་གསར་པ་མཉམ་འདྲེས་བྱས་པའི་ཐོག་དེའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཚགས་པར་ལས་རིགས་ཆ་འཕྲིན་ཅན་དང་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་ནས་ཚགས་པར་ལས་རིགས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་འདིང་དགོས། ཚགས་པར་རྩོམ་སྒྲིག་པས་དེང་རབས་ཀྱི་འདུ་ཤེས་དང་གསར་གཏོད་ཀྱི་འདུ་ཤེས་བཅངས་པའི་འོག་གཞི་ནས་ཚགས་པར་ལས་རིགས་ཀྱི་ལས་ཆོད་དང་སྤུས་ཚད་ཇེ་ཡག་ཏུ་ཕྱིན་ཐུབ་པ་དང་ཚགས་པར་ལས་རིགས་ཆ་འཕྲིན་ཅན་དུ་འགྱུར་ཤུགས་ཆེ་རུ་གཏོང་ཐུབ། །

2.རྩོམ་སྒྲིག་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་པར་ངོས་ཇུས་འགོད་ལ་སྣང་ཆེན་བྱ་དགོས།

རྩོམ་སྒྲིག་གི་ནང་དོན་སྤུས་ཚད་དང་ཐད་ཀའི་འབྲེལ་བ་ཡོད་ཅིང་། ཚགས་པར་ལས་རིགས་མི་ཉམས་གོང་འཕེལ་གཏོང་འདོད་ན་ཚགས་པར་རྩོམ་སྒྲིག་པས་ཚགས་པར་གྱི་ནང་དོན་གཙོ་གནད་དུ་བཟུང་ནས་པར་ངོས་ཇུས་འགོད་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས། དེང་སྐབས་ཚགས་པར་ལས་རིགས་ནང་ལད་མོ་དང་རྐུ་བཤུས་སོགས་ཀྱི་སྣང་ཚུལ་ཅུང་མང་བས་ནང་དོན་དང་པར་ངོས་སོགས་གང་ཐད་ནས་འདྲ་མཚུངས་རང་བཞིན་ངེས་ཅན་ལྡན་ཞིང་། ཁྱད་ཆོས་མེད་ལ་ཀློག་པ་པོའི་ལྟ་ཀློག་གི་སྤྲོ་སྣང་ལའང་ཤུགས་རྐྱེན་ཐེབས་པར་བརྟེན། ཚགས་པར་རྩོམ་སྒྲིག་པས་པར་ངོས་ཇུས་འགོད་ཀྱི་མངོན་གསལ་རང་བཞིན་དང་རང་གཤིས་རང་བཞིན་ལ་སྣང་ཆེན་བྱ་དགོས་ཤིང་། ཚགས་པར་རྩོམ་སྒྲིག་བྱེད་དུས་པར་ངོས་ཀྱི་སྒྱུ་རྩལ་རང་བཞིན་ཆེ་རུ་བཏང་བ་སྟེ་ཕྱོགས་གཅིག་ནས་རྩོམ་སྒྲིག་གི་ནང་དོན་གང་ལེགས་དང་ལུགས་མཐུན་གྱི་བཀོད་སྒྲིག་བྱ་དགོས། ཕྱོགས་གཞན་ཞིག་ནས་པར་ངོས་མཛེས་བཟོ་བྱེད་ཤུགས་ཆེ་རུ་གཏང་དགོས། ཚགས་པར་རྩོམ་སྒྲིག་གི་བརྒྱུད་རིམ་ཁྲོད་ད་དུང་རི་མོ་དང་འདྲ་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དོ་སྣང་བྱས་ཏེ་ཡིག་ཐོག་ཆ་འཕྲིན་ཁ་གསབ་ནུས་ལྡན་བྱ་དགོས། ཡི་གེའི་ཆ་འཕྲིན་དང་པར་རིས་ཆ་འཕྲིན་བསྡུ་སྒྲིག་གང་ལེགས་བྱས་ནས་ཀློག་པ་པོས་ནང་དོན་དེ་བས་གཏིང་ཟབ་རྟོགས་ཐུབ་པར་བྱ་དགོས། །

3.ཞབས་ཞུའི་འདུ་ཤེས་ཆེ་རུ་བཏང་ནས་ཀློག་པ་པོའི་དགོས་མཁོ་གཙོ་གནད་དུ་འཛིན་དགོས།

ཚགས་པར་ལས་རིགས་ཡུན་རིང་འཕེལ་རྒྱས་ཡོང་བར་ཀློག་པ་པོའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ཅིང་། འཕྲིན་སྦྱོར་གསར་པའི་དུས་རབས་སུ་ཚགས་པར་རྩོམ་སྒྲིག་བྱེད་པར་ཐོག་མཐའ་བར་གསུམ་དུ་ཞབས་ཞུའི་འདུ་ཤེས་ལྡན་དགོས། འབྲེལ་འདྲིས་ཡག་པོར་བྱས་ནས་ཀློག་པ་པོའི་དགོས་མཁོ་བསྐང་དགོས་པས་མ་ཚད་དེའི་ཐད་རྒྱུས་ལོན་གང་ལེགས་བྱ་དགོས། རྗེས་མཐུད་རྩོམ་སྒྲིག་ལས་དོན་སྤེལ་བའི་དམིགས་སའི་རང་བཞིན་ཆེ་རུ་གཏང་རྒྱུ་ནི་ཚགས་པར་ལས་རིགས་དང་མང་ཚོགས་བར་འབྲེལ་བ་ཆགས་པའི་རྨང་གཞི་ཡིན་ཞིང་། སྤེལ་རེས་བྱས་པར་བརྒྱུད་ཚགས་པར་རྩོམ་སྒྲིག་པས་ཀློག་པ་པོའི་བསམ་ཚུལ་ངོ་མ་ཤེས་རྟོགས་ཐུབ་ལ་ཀློག་པ་པོས་རང་ངོས་ལ་ཁས་ལེན་བྱེད་ཚད་ཀྱང་མཐོ་རུ་གཏོང་ཐུབ། དེ་མིན་ཚགས་པར་རྩོམ་སྒྲིག་པས་ད་དུང་ཀློག་པ་པོས་ཕྱིར་ལྡོག་བྱས་པའི་ཆ་འཕྲིན་ལ་དམིགས་ནས་ལེགས་སྒྲིག་དང་དབྱེ་ཞིབ་བྱ་དགོས། དེ་ཉིད་ཕྱོགས་སྟོན་དུ་བྱས་ཏེ་པར་ངོས་ཇུས་འགོད་དང་རྩོམ་སྒྲིག་ནང་དོན་ལེགས་སྒྱུར་དང་ལེགས་སྒྲིག་བྱས་ནས་ཀློག་པ་པོའི་དགོས་མཁོ་དང་གཅིག་མཐུན་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས། །

མཇུག་བསྡུའི་གཏམ།

མདོར་ན། ཚགས་པར་རྩོམ་སྒྲིག་བྱེད་སྐབས་རང་ངོས་ཀྱི་གསར་གཏོད་འདུ་ཤེས་ཆེ་རུ་གཏང་རྒྱུ་གལ་ཆེ་ཞིང་། དེ་ནི་ད་ཆའི་འཕྲིན་སྦྱོར་གསར་པའི་དུས་རབས་ཀྱི་དགོས་མཁོ་དང་མཐུན་པར་མ་ཟད་རང་ངོས་ཀྱི་ལས་སྒོའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏང་རྒྱུར་ཡང་དགེ་མཚན་ལྡན་པ་རེད། ཚགས་པར་འཕྲིན་སྦྱོར་གྱིས་ཀྱང་དེ་སྔའི་བསམ་བློའི་འདུ་ཤེས་དུས་ཐོག་ཏུ་བསྒྱུར་བཅོས་བཏང་ནས་ཕྱོགས་མང་པོའི་ཐད་ནས་མགོ་བརྩམས་ཏེ་བསྒྱུར་བཅོས་དང་གསར་གཏོད་བྱས་ན་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཆེ་བའི་གསར་འགྱུར་ནང་དོན་ཐོན་སྐྱེད་བྱ་ཐུབ་པས་སྲོལ་རྒྱུན་གྱི་ཚགས་པར་ལས་རིགས་བསྒྱུར་བཅོས་དང་འཕེལ་རྒྱས་བཏང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཐུབ་པ་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1