བོད་ཡིག་ཚགས་པར་སྟེང་གསར་འགྱུར་འགོད་སྐབས་ཀྱི་སྐྱོན་སེལ་མདོར་ཙམ་གླེང་བ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


དང་པོ། ཚགས་པར་ཁྲོད་ཀྱི་ཁ་བྱང་གི་ཁྱད་ཆོས།

ཚགས་པར་ཁྲོད་ཀྱི་ཁ་བྱང་ནི་གསར་འགྱུར་འགོད་སྐབས་ཀྱི་མིག་ལྟ་བུར་སྣང་བས་གསལ་ཆ་དོད་པའི་རང་བཞིན་ཆེས་ཆེར་ལྡན་དགོས་ལ། ཁ་བྱང་གཙོ་བོ་ཡིན་ན། རྩོམ་ཡོངས་ཀྱི་ནང་དོན་གྱི་སྙིང་པོ་བསྡུས་ཡོད་ལ། ཁ་བྱང་ཕལ་བ་ཡིན་ན། ཁ་བྱང་གཙོ་བོར་གསལ་བཤད་ཀྱི་ཚུལ་དུ་བཀོད་པ་ཙམ། དེ་ཡང་རྩོམ་ཡིག་སོགས་ཀྱི་ཁ་བྱང་དང་འདྲ་བར་བརྗོད་དོན་ཉིང་བསྡུས་དང་བརྗོད་གཞིའི་སྙིང་དོན་གསལ་བར་སྟོན་ནུས་ལ། ཀློག་པ་པོའི་དུས་ཡུན་ཐུང་ངུའི་ནང་ཆ་འཕྲིན་གྱི་ནང་དོན་མདོར་དྲིལ་ཤེས་རྟོགས་བྱེད་ཐུབ་པའི་སྐད་ཆའི་སྨྱན་བྱད་ཡིན། ཐ་སྙད་དང་ཚིག་གི་སྦྱོར་ཚུལ། རྒྱན་སྟངས་སོགས་ཀྱི་ཐད་ནས་ཚགས་པར་གྱི་ཁ་བྱང་གི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ན། ཀློག་པ་པོའི་ཀློག་འདོན་གྱི་ཆུ་ཚད་དང་གསར་བྱུང་བྱ་དངོས་ལ་ཤེས་རྟོགས་བྱེད་པའི་ནུས་པ་ཇེ་མཐོར་གཏོང་ཐུབ། ཁ་བྱང་ལེགས་པོ་ཞིག་ཡིན་ན་ཚིག་བསྡུས་གནད་ཁེལ་དང་སྙིང་དོན་འབུར་ཐོན། ཡང་དག་གསོན་ཉམས་ལྡན་པ་ཞིག་ཡིན་དགོས་ཏེ། ཀློག་པ་པོའི་སེམས་ཤུགས་ཅི་ནུས་ཀྱང་འགུག་ཐུབ། དེ་བས། ཚགས་པར་ཁྲོད་ཀྱི་མ་ཡིག་གི་ཁ་བྱང་ལ་གོ་བ་ཡང་དག་ལེན་རྒྱུ་ནི་མ་ཡིག་གི་སྤྱིའི་ནང་དོན་ལ་གོ་བ་ཡང་དག་ལེན་པའི་སྔོན་འགྲོའི་ཆ་རྐྱེན་རེད།

གཉིས་པ། ཚགས་པར་ཁྲོད་ཀྱི་མིང་བརྡ་སྒྱུར་ཐབས།

ཚགས་པར་ཁྲོད་ཀྱི་ཆེད་སྤྱོད་བརྡ་ཆད་བསྒྱུར་སྐབས་ངེས་པར་གཅིག་གྱུར་ཡོང་དགོས། ལོ་ཙཱ་བ་ཚོས་རང་འདོད་དང་འོལ་ཚོད་ཀྱིས་བསྒྱུར་ན། མ་ཡིག་མེད་ཚེ་འགྱུར་ཁོ་ནའི་སྟེང་ནས་གོ་བ་ལོན་མི་ཐུབ་པའི་གནས་སུ་ལྷུང་ངེས། མིང་བརྡ་འོས་འཚམ་སྤྱད་དེ་མ་ཡིག་ཁྲོད་ཀྱི་མིང་བརྡ་ནོར་འཆུག་མེད་པར་བསྒྱུར་རྒྱུ་ནི་གསར་འགྱུར་རྩོམ་ཡིག་གི་ནང་དོན་ལོག་བསྒྱུར་མ་བྱ་བའི་གཞི་རྩ་རེད། གསར་འགྱུར་བསྒྱུར་སྐབས་གཟབ་ནན་རང་བཞིན་དང་གཏན་ཚིགས་རང་བཞིན་ལྡན་པའི་མིང་བརྡ་སྤྱོད་པ་ལས་གཅིག་ཚབ་གཅིག་གིས་གཏན་ནས་བྱེད་མི་རུང་། དཔེར་ན།“邮编”ཞེས་པ་ལ་ད་སྐབས་ཡོངས་གྲགས་སུ་སྦྲག་ཨང་ལྟར་དུ་བསྒྱུར་བཞིན་ཡོད་པས་ཡང་བསྐྱར་སྦྲག་གྲངས་ཞེས་བསྒྱུར་བའི་དགོས་པ་མེད་པར་འདོད། ཡང་“培训”ཞེས་པའི་མིང་བརྡ་དེ་དེང་གི་སྤྱི་ཚོགས་ཐོག་བཀོལ་རྒྱ་ཆེ་ལ། གསོ་སྦྱོང་དང་ཟབ་སྦྱོང་གཉིས་ཀ་བཀོལ་བཞིན་ཡོད། ཡང་ང་ཚོའི་མིང་འབྲུ་རིགས་རང་མཁོ་རང་སྤྲོད་དེ་གཉིས་ལས་སྐབས་བབ་ཀྱི་ནང་དོན་ལ་གང་བསྟུན་པ་དེ་བཀོལ་ན་འོས་ལ། གང་དེའི་སྙིང་དོན་ཇི་བཞིན་དུ་སྟོན་ཐུབ་ཡོད། དེ་བས། ལོ་ཙཱ་བས་རང་ལ་གོམས་པའི་སྐད་རིགས་གཞན་གྱི་ཡུལ་སྐད་གང་རུང་ཞིག་གི་སྒྲ་གདངས་ལྟར་བྱས་ཏེ་མ་བསྒྱུར་ན་འོས།

གསུམ་པ། ཚགས་པར་གྱི་ཚིག་གི་སྒྱུར་ཐབས།

རྒྱ་ཡིག་དང་བོད་ཡིག་གི་ཡི་གེའི་གྲུབ་སྟངས་སོགས་ལ་ཁྱད་པར་ཆེན་པོ་ཡོད་པས། སྒྱུར་མཁན་གྱིས་ཚགས་པར་ཁྲོད་ཀྱི་མ་རྩོམ་བསྒྱུར་སྐབས་སྒྱུར་ཐབས་ཁག་གང་ལ་གང་འཚམ་དུ་བཀོལ་བ་ལས་གང་འདོད་དུ་ཁ་གསབ་དང་འཕྲི་ལེན་བྱ་མི་འོས། 1.མིང་བརྡ་བཀོལ་བ་འོས་འཚམ་མིན་པ། དཔེར་ན།为贫困老人捐赠5吨新鲜优质酥油。དཀའ་ངལ་ཅན་གྱི་རྒན་པ་ལ་སྤུས་ལེགས་ཀྱི་མར་སོ་མ་ཏུན་5སྟེར་བ་རེད། ཅེས་པ་ལ་འདིར་མར་བྱིན་པ་རེད་མ་གཏོགས་སྟེར་བ་རེད་ཅེས་པ་བོད་རང་གི་བརྡ་སྤྲོད་ལུགས་དང་མི་མཐུན། 2.ཡིན་དང་རེད་ཀྱི་ཁྱད་པར། ཡིན་དང་རེད་གཉིས་ཀྱི་འཇུག་ཡུལ་ལ་ཡིན་ནི་རང་གཞན་གཉིས་ཀྱི་ནང་ནས་གཙོ་བོ་རང་ལ་འཇུག་པའི་ཕྲད་ཡིན་ཏེ། དཔེར་ན། ང་གསར་འགོད་པ་ཡིན། རེད་ནི་རང་གཞན་གཉིས་ཀྱི་ནང་ནས་གཙོ་བོ་གཞན་ལ་འཇུག་པའི་གསལ་བཤད་ཀྱི་ཕྲད་ཡིན་པ། དཔེར་ན། ཁོང་རྩོམ་སྒྲིག་པ་རེད་ཟེར་བ་ལས་ཁོང་རྩོམ་སྒྲིག་པ་ཡིན་ཞེས་མི་བཤད། དཔེར་བརྗོད།据了解,今年某县将建设配水管道及相关配套设施。རྒྱུས་ལོན་པ་ལྟར་ན། རྫོང་ག་གེ་མོས་ད་ལོར་ཆུ་སྦུག་སྒྲིག་སྦྱོར་དང་འབྲེལ་ཡོད་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱ་རྒྱུ་རེད། ཅེས་འདིར་ཚིག་བསྡུ་སྐབས་རེད་བཀོལ་བ་ལས་ཡིན་ཞེས་བཤད་ན་མི་འཚམ། 3.ཚིག་རང་འདོད་དུ་བསྡུས་པ། བརྟག་ཞིབ་བྱེད་སྣེ་ཁྲིད་པ། བསམ་བློ་གཏོང་སྣེ་ཁྲིད་པ། འཆད་ཁྲིད་སྤེལ་སྣེ་ཁྲིད་པ་ཞེས་པ་སོགས་ལ་ཞིབ་ཏུ་བལྟས་ན། ནང་དོན་གསལ་པོ་ཞིག་ཅི་ནུས་ཀྱང་སྟོན་ཐུབ་མེད། དེ་ངེས་པར་དུ་རྒྱས་བཤད་བྱེད་དགོས། 4.ཚིག་གི་གོ་རིམ་སྔ་ཕྱི་འཁྲུལ་བ། དཔེར་ན།我县将到高校招聘部分紧缺专业技术人员。རང་རྫོང་གིས་མཐོ་རིམ་སློབ་གྲྭ་ནས་དཀོན་པའི་ཆེད་ལས་ལག་རྩལ་མི་སྣ་འཚོལ་བསྡུ་བྱ་རྒྱུ་ཡིན། ཞེས་པ་དེ་ནི་ཀློག་ཚོད་ཀྱིས་ཁ་ལ་མི་བདེ་བས། རང་ཁུལ་གྱི་འབྲེལ་ཡོད་མི་སྣ་མཐོ་རིམ་སློབ་གྲྭར་ཕྱིན་ནས་ཆེད་ལས་དཀོན་པའི་ལག་རྩལ་མི་སྣ་འཚོལ་བསྡུ་བྱ་རྒྱུ་རེད། ལྟར་དུ་བསྒྱུར་ན་ཅུང་འོས་སྙམ། 5.ཁ་སྐད་ཀྱི་ཤན་ཤུགས་ཐེབས་པ། དཔེར་ན།详情请登录县人力资源和社会保障网查询。གནས་ཚུལ་གསལ་མོ་ཤེས་དགོས་བསམ་ན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་དྲ་ཚིགས་སུ་རྒྱུས་ལོན་བྱ་རོགས་ཞུ། །ཞེས་པར་ཁ་སྐད་ཀྱི་ཤན་ལྷག་ཏུ་ཐེབས་ཡོད། གསར་འགྱུར་ཁྲོད་ཀྱི་སྐད་ཆར་གཟབ་བཙུན་རང་བཞིན་ལྡན་དགོས་པས་གནས་ཚུལ་གསལ་པོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་དྲ་ཚིགས་སུ་རྒྱུས་ལོན་བྱོས། ལྟ་བུའོ། །

བཞི་པ། མཇུག་བསྡུ་བའི་གཏམ།

མིག་སྔར། ཚགས་པར་སྟེང་གསར་འགྱུར་སྒྱུར་པ་པོ་མང་ཤས་ཀྱིས་རང་གི་ནང་དོན་ལ་གོ་བ་ལེན་ཚུལ་གྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་ཐད་ཀར་བསྒྱུར་བཞིན་ཡོད་ལ། དེ་ལྟར་གཟབ་ནན་མི་བྱེད་པར་འོལ་ཚོད་ཀྱིས་བསྒྱུར་ན། ཚགས་པར་གྱི་སྤུས་ཀ་ཇེ་ལེགས་སུ་འགྱུར་རྒྱུ་ཕར་ཞོག །མ་ཡིག་གི་ནང་དོན་དང་ཡང་འགལ་བ་བྱུང་ཡོད། ཚགས་པར་ཞིག་ལ་མཚོན་ན། ཀློག་པ་པོ་དང་འགུག་ཤུགས། ཤུགས་རྐྱེན་ཟབ་མོ་ཡོད་མེད་དེའི་ནང་དོན་ལ་རག་ལས་པས། ཚགས་པར་སྟེང་གསར་འགྱུར་བསྒྱུར་བའི་བྱ་བར་མཐོང་ཆེན་དང་ཤུགས་སྣོན་རྒྱག་རྒྱུ་ནི་གསར་འགྱུར་མི་སྣ་རེ་རེའི་འོས་འགན་རེད། ། 

◆ རྩོམ་པ་པོ། བསོད་ནམས་སྐྱིད། རྔ་བའི་ཉིན་རེའི་ཚགས་པར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1