ཞི་ཅིན་ཕིང་གིས་ཤིན་ཅང་གི་ལས་དོན་སྐོར་ལ་གསུང་བཤད་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-28


         ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་སྤྱི་ཟླ་9ཚེས་25ཉིན་ནས་ཚེས་26ཉིན་བར་པེ་ཅིང་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཞི་ཅིན་ཕིང་གིས། མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་ཤིན་ཅང་གི་ལས་དོན་ཡག་པོ་སྒྲུབ་པར། དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་འཐབ་ཇུས་ཆེན་མོ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་འབེན་ལ་དམ་པོར་གཞིགས་ཏེ། ཁྲིམས་ལྟར་ཤིན་ཅང་སྐྱོང་བ་དང་། མཐུན་སྒྲིལ་ལ་བརྟེན་ནས་ཤིན་ཅང་བརྟན་ལྷིང་ཡོང་བ་བྱེད་པ། རིག་གནས་ལ་བརྟེན་ནས་ཤིན་ཅང་ཤེས་དཔལ་ཡོང་བ་བྱེད་པ། དམངས་ཕྱུག་ལ་བརྟེན་ནས་ཤིན་ཅང་དར་རྒྱས་གཏོང་བ། ཤིན་ཅང་ཡུན་རིང་འཛུགས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུས་འགན་སྲུང་བྱས་ཏེ། ཕུགས་ཀྱི་ཐབས་ཇུས་མང་ཙམ་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱད་དེ། མཐུན་སྒྲིལ་ཞི་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། འབྱུང་ཁམས་གང་ལེགས་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཤིན་ཅང་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
         ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད། ཝང་ཡང་གིས་ཕྱོགས་སྡོམ་གསུང་བཤད་གནང་ཡོད་པ་རེད།
         ཞི་ཅིན་ཕིང་གིས་གསུང་བཤད་ནང་། ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན། ཕྱོགས་ཁག་གིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཤིན་ཅང་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཐད་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་བ་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། དེ་ཡང་གཅིག་ནི་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་འགྲོ་བཞིན་ཡོད་པ་དང་། སྤྱི་ལོ་2014ལོ་ནས་སྤྱི་ལོ་2019ལོའི་བར། ཤིན་ཅང་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་9195.9ནས་སྒོར་དུང་ཕྱུར་13597.1བར་འཕར་ནས། ལོ་རེར་ཆ་སྙོམས་7.2%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་1282.3ནས་སྒོར་དུང་ཕྱུར་1577.6བར་འཕར་ནས། ལོ་རེར་ཆ་སྙོམས་5.7%འཕར་ཡོད། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ས་ཁུལ་དང་གྲོང་ཁྱེར་ཚང་མ་མྱུར་བགྲོད་གཞུང་ལམ་གྱི་དུས་རབས་སུ་སླེབས་ཡོད། གཉིས་ནི་མི་དམངས་ཀྱི་འཚོ་བ་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད།
         སྤྱི་ལོ་2014ལོ་ནས་སྤྱི་ལོ་2019ལོའི་བར་ཤིན་ཅང་གི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་9.1%འཕར་ཡོད་པ་དང་། གྲོང་གསེབ་ཀྱི་བདེ་སྡོད་ལས་གྲྭ་ཁྲི་169ལྷག་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ཁྲི་156ལྷག་བསྐྲུན་པ། མང་ཚོགས་ཁྲི་1000ལྷག་སྡོད་ཁང་གསར་པར་སྤོས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་ལེགས་སུ་སོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་བ། དམངས་ཡོངས་ལ་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འགྱུར་ཚད་ཆ་སྙོམས་100%ཟིན་པ། གྲོང་མི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་99.7%ཟིན་ཡོད། གསུམ་ནི་དབུལ་སྒྲོལ་འགག་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སྤྱི་ལོ་2014ལོར། ཤིན་ཅང་དུ་ཡིག་ཚགས་དང་གཱ་ཤོག་བཟོས་པའི་མི་འབོར་དབུལ་པོའི་དུད་ཁྱིམ་ཁྲི་77.9དང་། མི་གྲངས་ཁྲི་308.9 གྲོང་ཚོ་དབུལ་པོ་3666 དབུལ་ཕོངས་རྫོང་32བཅས་ཡོད། སྤྱི་ལོ་2019ལོའི་བར་དུ། ཤིན་ཅང་ཡོངས་སུ་རིམ་རྩིས་བྱས་ན་ཁྲི་292.32དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་3107དབུལ་སྒྲོལ་ཐུབ་པ། རྫོང་དབུལ་པོ་22དབུལ་ཞྭ་ཕུད་ཐུབ་པ། དབུལ་པོ་ཐོན་ཚད་སྤྱི་ལོ་2014ལོའི་19.4%ནས་1.24%བར་ཆག་ཡོད། དེའི་ནང་། ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་བཞིར་རིམ་རྩིས་བྱས་ན་མི་ཁྲི་251.16དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་2683དབུལ་སྒྲོལ་ཐུབ་པ། རྫོང་དབུལ་པོ་16དབུལ་ཞྭ་ཕུད་པ། དབུལ་པོ་ཆགས་ཚད་སྤྱི་ལོ་2014ལོའི་29.1%ནས་2.21%བར་ཆག་ཡོད། སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པ། དབུལ་ཕོངས་ཁྱིམ་དུད་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་བྱིས་པ་དབུལ་ཕོངས་ཀྱིས་རྐྱེན་པས་སློབ་ཤོར་དང་སློབ་མཚམས་ཆད་པའི་གནས་ཚུལ་གཙང་སེལ་བྱུང་ཞིང་། དབུལ་ཕོངས་མི་འབོར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ཚབས་ཆེན་འགན་བཅོལ་ལ་ཞུགས་ཚད་100%ཟིན་ཡོད། གནས་སྤོས་དབུལ་སྐྱོར་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད། བཞི་ནི་ཀྲུང་དབྱང་གི་རྒྱབ་སྐྱོར་གནང་ཤུགས་དང་རྒྱལ་ཡོངས་ཀྱིས་ཤིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། སྤྱི་ལོ་2014ལོ་ནས་སྤྱི་ལོ་2019ལོའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་དཔུང་སྡེར་བརྗེ་སྒྱུར་གཏོང་སྤྲོད་བྱས་པའི་དངུལ་གྲངས་སྒོར་དུང་ཕྱུར་2636.9ནས་སྒོར་དུང་ཕྱུར་4224.8བར་འཕར་སྣོན་བྱུང་ཞིང་། ལོ་རེར་ཆ་སྙོམས་10.4%འཕར་ཡོད། ལོ་6གི་རིང་ཁྱོན་བསྡོམས་ཤིན་ཅང་ལ་སྒོར་དུང་ཕྱུར་ཁྲི་2ལྷག་རྒྱབ་སྐྱོར་བྱས་ཡོད། ཤིན་ཅང་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་19ཡིས་ཕྱོགས་ཡོངས་ནས་ཁ་གཏད་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད། རིམ་རྩིས་བྱས་ན་ཤིན་ཅང་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་964ཟིན་པ་དང་། ཤིན་ཅང་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཁྲི་1ལྷག་ལག་བསྟར་བྱས་ཡོད། ཤིན་ཅང་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་ནས་མ་དངུལ་སྒོར་དུང་ཕྱུར་16840དོན་འཁྱོལ་བྱས་པ་དང་། ཀྲུང་དབྱང་ཁེ་ལས་ཀྱིས་མ་དངུལ་སྒོར་དུང་ཕྱུར་7000ལས་བརྒལ་བ་མ་འཇོག་བྱས་ཡོད། སྤྱི་ཡོངས་ནས་བལྟས་ན། ཤིན་ཅང་དུ་སྤྱི་ཚོགས་བརྟན་བརླིང་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་ཐོན་ནས། ཡུན་རིང་བདེ་འཁོད་ཕྱོགས་སུ་བསྐྱོད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། རང་རྒྱལ་གྱི་མི་རིགས་ལས་དོན་ལེགས་གྲུབ་བྱུང་བ་དོན་དངོས་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད་པ་དང་། གྲུབ་འབྲས་འདི་དག་ཐོབ་པ་ནི་ཏང་ཀྲུང་དབྱང་གིས་ཤུགས་ཆེའི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པའི་འབྲས་བུ་རེད་ལ། ཤིན་ཅང་གི་མི་རིགས་ཁག་གི་བུ་ཕྲུག་བྱེ་བ་གཉིས་དང་ས་ཡ་ལྔ་ལྷག་ཙམ་གྱི་བློ་གྲོས་དང་རྔུལ་ཆུ་ལས་བྱུང་བ་ཡིན་ཞེས་གསུངས་ཡོད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། ཤིན་ཅང་ལས་དོན་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་འཐབ་ཕྱོགས་ཁག་གི་བློ་མཐུན་རྣམས་དང་། ཤིན་ཅང་མི་རིགས་ཁག་གི་མི་དམངས། གཞི་རིམ་གྱི་འཐབ་ས་མདུན་མར་དཀའ་སྤྱད་ལས་འགན་སྒྲུབ་བཞིན་པའི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད་པ་རེད།
         ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཤིན་ཅང་སྐྱོང་བའི་ཆོས་ཉིད་ལ་ངོས་འཛིན་དང་ཁོང་དུ་ཆུད་པར་བྱས་ཏེ། དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་ཇུས་གཞི་ཆེན་པོ་ཆགས་ཡོད། འཐབ་ཇུས་ཐོག་ནས་ཤིན་ཅང་གི་ལས་དོན་ལ་ཞིབ་ལྟ་དང་ཇུས་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་དེ་ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་དུ་བརྩི་རྒྱུ་རྒྱུན་འཁྱོངས། མི་སེམས་གཅིག་སྒྲིལ་བྱ་རྒྱུ་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་རྒྱུན་འཁྱོངས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་སྐྱེད་སྲིང་བྱ་རྒྱུ་རྒྱུན་འཁྱོངས། དམངས་འཚོ་དང་བསྟུན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། ཏང་གིས་ཤིན་ཅང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་མཛད་ཇུས་རྦད་དེ་ཡང་དག་ཡིན་པ་ལག་ལེན་དངོས་ལས་ར་སྤྲོད་ཐུབ་ཡོད་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་ཐབས་ཇུས་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས། འཐུས་སྒོ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱ་རྒྱུའི་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། ཤིན་ཅང་གི་ལས་དོན་ཐད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
         ཞི་ཅིན་ཕིང་གིས། ཤིན་ཅང་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་རྒྱུན་མཐུད་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་པར། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དར་ཆ་མཐོན་པོར་བསྒྲེང་དགོས་པ་དང་། ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་དེ་ཤིན་ཅང་ལས་དོན་གྱི་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ་བྱེད་དགོས། ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་གཞོགས་འདེགས་བྱེད་པ། མང་ཚོགས་ཀྱིས་ཐེ་ཞུགས་བྱེད་པ། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་ཁྱོན་ཡོངས་ནས་ཆགས་པ་བྱ་དགོས་པ་དང་། མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་བཅོས་སྐྱོང་། མཉམ་དུ་ལོངས་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་གཏོད་དགོས་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཤིན་ཅང་ནི་གནའ་སྔ་མོ་ནས་བཟུང་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་པ་དང་། ཤིན་ཅང་མི་རིགས་ཁག་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་འདྲེས་པའི་ཁྱིམ་མི་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་གི་གནས་སྟངས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་སློབ་གསོ་དེ་ཤིན་ཅང་གི་ལས་བྱེད་པའི་སློབ་གསོ་དང་། གཞོན་ནུ་ལོ་ཆུང་གི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་ཀྱི་ནང་འཇུག་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་ཀྱི་རྩ་བ་སེམས་གཏིང་དུ་ཟུག་པ་བྱེད་དགོས་པ་དང་། མི་རིགས་ཁག་གིས་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཤིན་ཅང་གི་དབྱི་སི་ལམ་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཆོས་ལུགས་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་གཏིང་ཟབ་ངང་ཡག་པོ་སྒྲུབ་པ་དང་རིག་གནས་ལ་བརྟེན་ནས་ཤིན་ཅང་གི་ཤེས་དཔལ་ཡར་ཐོན་གྱི་ལས་དོན་གཏིང་ཟབ་སྤེལ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
         ཞི་ཅིན་ཕིང་གིས། གོང་འཕེལ་ནི་ཤིན་ཅང་ཡུན་རིང་བདེ་འཁོད་ཡོང་བའི་རྨང་གཞི་གལ་ཆེན་ཞིག་རེད། ཤིན་ཅང་གི་ས་བབ་བཟང་ཆ་འདོན་སྤེལ་བྱས་ཐོག དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། ཤིན་ཅང་རང་ངོས་ཀྱི་ས་ཁོངས་རང་བཞིན་གྱི་སྒོ་དབྱེའི་འཐབ་ཇུས་དེ་རྒྱལ་ཁབ་ཀྱིས་ནུབ་ཕྱོགས་ལ་སྒོ་མོ་དབྱེ་བའི་སྤྱིའི་བཀོད་སྒྲིག་ནང་འཇུག་པ་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་རིམ་པ་མཐོ་རུ་གཏོང་བ། སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་གཏོད་བྱེད་པ་བཅས་བྱས་ཏེ། སྐམ་སའི་དབུས་ཁུལ་སྒོ་འབྱེད་དང་མཐའ་རྒྱུད་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་དགོས། བཟོ་ལས་ཀྱི་རྨང་གཞི་བརྟན་གཏོང་དང་ཕན་འབྲས་ཆེར་གཏོང་དང་རྣམ་པ་སྒྱུར་བའི་རིམ་སྤར་ལ་སྐུལ་འདེད་གཏོང་བ། ཤིན་ཅང་གི་ཁྱད་ལྡན་བཟང་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས། ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་འཆར་འགོད་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པ་དང་། བྱེ་བཅོས་ཆུ་བཅོས་དང་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་གི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་སྤེལ་ཏེ། མཛེས་སྡུག་ལྡན་པའི་ཤིན་ཅང་གི་ནམ་མཁའ་སྔར་ལས་སྔོ་བ་དང་། རི་བོ་སྔར་ལས་ལྗང་བ། ཆུ་མོ་སྔར་ལས་དྭངས་བ་བཅས་ཡོང་བ་བྱ་དགོས་ཞེས་བསྟན་གནང་ཡོད།
         ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་འགྱུར་འཆར་འགོད་བྱེད་དགོས་པ་དང་། བརྟན་པོ་དྲུག་གི་ལས་དོན་ཡག་པོ་བསྒྲུབ་པ། འགན་ལེན་དྲུག་གི་ལས་འགན་ལག་བསྟར་བཅས་བྱས་ཏེ་དབུལ་སྒྲོལ་འགག་གཏོར་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དོན་ཆེན་གཉིས་ལ་རྒྱུན་ཆད་མེད་པར་དམ་འཛིན་བྱེད་དགོས། དབུལ་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་ཟུར་སྐྱོར་ལམ་ལུགས་སྒྲིག་གཞི་འཐུས་ཚང་འཛུགས་པ་དང་། ཁྱོན་ཡོངས་དབུལ་སྒྲོལ་དང་ཤང་གྲོང་དར་རྒྱས་འཐབ་ཇུས་གཉིས་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ། ནང་སྐྱེས་ཀྱི་གོང་འཕེལ་སྒུལ་ཤུགས་དང་གོང་འཕེལ་གྱི་གསོན་ཤུགས་སྔར་བས་ཤུགས་ཆེར་བཏང་སྟེ། དབུལ་གྲོལ་བྱུང་རྗེས་གོང་འཕེལ་ཡོང་བ་དང་རྒྱུན་མཐུད་ཐུབ་རྒྱུར་འགན་སྲུང་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་སྒྲིག་གཞི་གསར་གཏོད་བྱས་ཏེ། ཉེ་ས་དང་ས་ཆ་དེ་རང་ལ་ལས་ཞུགས་ཐུབ་པ་དང་གོ་རིམ་ལྡན་པའི་ངང་ཕྱིར་གཏོང་ལས་ཞུགས་སྤོ་འགྱུར་བྱ་རྒྱུ་གཉིས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཤིན་ཅང་ལྷོ་རྒྱུད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས། བང་རིམ་མང་བ་དང་། ལེ་ལག་ཚང་བ། ལངས་གཟུགས་རྣམ་པ་བཅས་ཀྱི་ཐོག་ནས་ཤིན་ཅང་གི་གཏམ་རྒྱུད་ཡག་པོ་བརྗོད་དགོས་པ་དང་། བདེན་ཡོད་ཞུམ་མེད་སྒོ་ནས་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་གི་གནས་བབ་བཟང་པོ་དང་། མི་དམངས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་འཚོ་བ་དྲིལ་བསྒྲགས་ཡག་པོ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
         ཞི་ཅིན་ཕིང་གིས། རང་རེའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་འཚོལ་བ་དང་། ཤིན་ཅང་མི་རིགས་ཁག་ཚུད་པའི་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་རེད། རིམ་ཁག་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་འཐབ་ཇུས་ལ་གཞིགས་ནས་རང་རྟོགས་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་ཡོང་བ་བྱེད་དགོས། རྒྱུན་ཆད་མེད་པར་ཕུགས་བསམ་གྱི་དད་མོས་སློབ་གསོ་ཤུགས་ཆེར་གཏོང་བ་དང་། ཆབ་སྲིད་སྦྱོང་བརྡར་ཤུགས་ཆེར་གཏོང་བ། ལས་བྱེད་པའི་ཆབ་སྲིད་བྱང་ཚད་རྒྱུན་དུ་གསལ་འབྱེད་བྱེད་པ་བཅས་བྱས་ནས། རིམ་ཁག་གི་འགོ་ཁྲིད་དབང་ཆ་དེ་བློ་དཀར་གཞུང་དྲང་དང་འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པའི་ལག་ཐོག་ཏུ་དམ་འཛིན་ཐུབ་པ་བྱེད་དགོས། གསོ་སྦྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཤིན་ཅང་གི་ལས་བྱེད་པའི་དཔུང་ཁག་གསོ་སྦྱོང་སྦྱོང་བརྡར་བྱེད་པའི་འཆར་འགོད་ཞིབ་འཇུག་གསར་བཟོ་བྱེད་པ། རིགས་གཞུང་གི་ཆུ་ཚད་ལེགས་ཤིང་། སྲིད་ཇུས་ཁོང་དུ་ཆུད་པ། ལག་བསྟར་ནུས་པ་ཆེ་བ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས། ཏང་ལ་བློ་དཀར་དང་། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་དུ་དམ་འཛིན་བྱེད་དགོས། མི་སྣ་བཀོལ་སྤྱོད་བྱེད་པའི་སྟོན་ཕྱོགས་གསལ་པོ་འཛུགས་པ་དང་། ཆབ་སྲིད་གོ་རྟོགས་མཐོ་བ་དང་། འགན་འཁྲི་འཁུར་ཕོད་པའི་ཕུལ་བྱུང་གི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་ཡིད་ཆེས་དང་མཐུན་སྒྲིལ་ཆེན་པོ་བྱེད་དགོས་པ་དང་། བློ་ཁོག་ཆེན་པོས་འདེམས་བསྐོ་བྱེད་པ། བློ་བདེ་པོས་བེད་སྤྱོད་བྱེད་པ་བཅས་བྱེད་དགོས། ལྷག་པར་དུ་གཟེངས་སུ་ཐོན་པ་རྣམས་དམིགས་གསལ་ཐོག་ནས་གོ་གནས་སྤོར་དགོས་ཞེས་གསུངས་ཡོད།
         ཞི་ཅིན་ཕིང་གིས། ཤིན་ཅང་མི་རིགས་ཁག་གི་ལས་བྱེད་པ་ནི་ཡིད་ཆེས་བྱེད་རུང་བ་དང་དམག་འཐབ་ནུས་པ་ལྡན་པ་ཤ་སྟག་ཡིན། ཁོང་ཚོར་ཆབ་སྲིད་ཐད་སྐུལ་ལྕག་དང་། ལས་དོན་ཐད་རྒྱབ་སྐྱོར། ཐོབ་ཆའི་ཐད་འགན་ལེན། འཚོ་བའི་ཐད་སེམས་ཁུར། སེམས་ཁམས་ཐད་དོ་ཁུར་བཅས་བྱེད་དགོས་པ་དང་། ནུས་ལྡན་གྱི་བྱ་ཐབས་ཞིབ་འཇུག་སྒོས་ལག་བསྟར་བྱས་ཏེ། ཤིན་ཅང་གི་ལས་བྱེད་པའི་དཔུང་ཁག་བརྟན་པོ་ཡོང་བ་བྱེད་དགོས། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཧུ་ཡང་གི་སྙིང་སྟོབས་དང་དམག་སྡེའི་སྙིང་སྟོབས་ལག་བསྟར་བྱས་ཏེ། རིམ་ཁག་ལས་བྱེད་པས་དུས་རབས་གསར་པར་མཐའ་མཚམས་ལ་རྩ་བ་ཚུགས་པ་དང་མཐའ་མཚམས་ལ་ལེགས་སྐྱེས་འབུལ་རྒྱུར་སྐུལ་ལྕག་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
         ཞི་ཅིན་ཕིང་གིས། ཤིན་ཅང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་དོན་ཆེན་ཞིག་ཡིན་པས། ངེས་པར་དུ་རྒྱལ་ཡོངས་གོང་འོག་གཅིག་སྒྲིལ་གྱི་བསམ་བློ་བརྟན་པོ་འཛུགས་དགོས་པ་དང་། ཏང་ཀྲུང་དབྱང་གི་གཅིག་འགྱུར་འགོ་ཁྲིད་དང་། ཀྲུང་དབྱང་ཚན་པའི་རྒྱབ་སྐྱོར་དང་མཛུབ་ཁྲིད། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རོགས་སྐྱོར་དང་གཞོགས་འདེགས། ཤིན་ཅང་གི་བྱེད་པོའི་ནུས་པ་འདོན་སྤེལ་སོགས་ཀྱི་ལས་དོན་སྒྲིག་གཞི་སྔར་བས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ཀྲུང་དབྱང་གི་ཤིན་ཅང་ལས་དོན་མཐུན་སྦྱོར་ཚོ་ཆུང་གིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཤིན་ཅང་ལས་དོན་གྱི་གནས་བབ་ལ་དབྱེ་ཞིབ་བརྡར་ཤ་གཅོད་རྒྱུ་དང་། སྲིད་ཇུས་ཞིབ་འཇུག མཐུན་སྦྱོར་མཛུབ་ཁྲིད། ལྟ་སྐུལ་ཞིབ་བཤེར་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གནད་དོན་ཆེ་གྲས་ཐད་འཕྲལ་དུ་ལས་དོན་བསམ་འཆར་འདོན་དགོས། ཀྲུང་དབྱང་གི་འབྲེལ་ཡོད་ཚན་པས་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱེད་པ་དང་། བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གཏིང་ཟབ་བྱེད་པ། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་ཐུབ་པ་བཅས་བྱས་ནས་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་དགོས། ཤིན་ཅང་རང་སྐྱོང་ལྗོངས་ཏང་ཨུད་དང་མཉམ་དུ་བྱེད་པོའི་འགན་འཁྲི་ཡག་པོ་འཁུར་ཏེ། ལས་དོན་ཁག་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་བྱེད་དགོས། ནང་སའི་ཞིང་ལྗོངས་དང་གྲོང་ཁྱེར་ཁག་གིས་ཤིན་ཅང་དང་འབྲེལ་བ་ཡོད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་ནས་ཤིན་ཅང་གི་བརྟན་ལྷིང་དང་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་དགོས། ཤིན་ཅང་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཤིན་ཅང་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཡུན་རིང་ཁ་གཏད་རོགས་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁ་གཏད་ཅང་སྐྱོར་གྱི་ཕྱོགས་སྡུད་ཕན་འབྲས་མཐོ་རུ་གཏོང་དགོས། བསྒྱུར་བཅོས་རྒྱུན་མཐུད་ཟབ་གཏོང་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོབ་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དམག་སྡེའི་སྒྲིག་འཛུགས་བཟང་ཆ་དང་སྐུལ་སློང་ནུས་པ་རྒྱུན་མཐུད་ཤུགས་ཆེར་གཏོང་བ་བཅས་བྱས་ནས་དམིགས་གསལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
         ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་ཤིན་ཅང་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ཁྱོན་ཡོངས་ནས་ཕྱོགས་བསྡོམས་གནང་ཡོད་པ་དང་། མིག་སྔའི་ཤིན་ཅང་ལས་དོན་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་མཛད་ཇུས་རྒྱས་བཤད་གནང་བ། མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་ཤིན་ཅང་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་། དམིགས་འབེན་ལས་འགན། བྱེད་ཕྱོགས་སྲིད་ཇུས། འཐབ་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་གནང་བ། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་ཡོད་པས། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་ཅིང་། དེ་ནི་དུས་རབས་གསར་པའི་ཤིན་ཅང་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་གཞིགས་གཏིང་ཟབ་བྱེད་པ། ལག་བསྟར་དོན་འཁྱོལ་བྱ་ཐབས་ཞིབ་འཇུག་བྱ་དགོས། བསམ་བློ་དང་བྱ་སྤྱོད་ཤིན་ཅང་གི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
         ཝང་དབྱང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་གོ་དོན་རྒྱ་ཆེ་ཞིང་དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས། དུས་རབས་གསར་པའི་ཤིན་ཅང་ལས་དོན་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། ཤིན་ཅང་གི་ལས་དོན་དྲང་སྲུང་གསར་གཏོད་དང་རྒྱལ་ཁའི་ངང་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱེད་པའི་སྟོབས་ཆེའི་བསམ་བློའི་དྲག་ཆས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། དོན་སྙིང་གཙོ་བོ་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པ་བྱེད་པ། སློབ་སྦྱོང་གི་བརྒྱུད་རིམ་དེ་ངོས་འཛིན་མཐོར་འདེགས་དང་ལས་ཀ་ལེགས་བཅོས་བྱེད་པའི་བརྒྱུད་རིམ་དུ་འགྱུར་བ་བྱེད་དགོས། དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་མཛད་ཇུས་ལ་གོ་བ་ཡང་དག་ལེན་པ་དང་ཡུན་རིང་རྒྱུན་འཁྱོངས་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ཤིན་ཅང་གི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་གོང་འཕེལ་ཡོང་བའི་འགན་ལེན་བྱེད་དགོས། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་འབེན་ཁོང་དུ་ཡང་དག་ཆུད་པ་བྱས་ནས་ཕུགས་ཀྱི་ཇུས་གཞི་འདིང་དགོས། རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས་སྤྱད་དེ་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་བང་རིམ་གཏིང་ཟབ་པའི་གནད་དོན་ཐད་གཅིག་སྡུད་ཐོག་ནུས་ཤུགས་འདོན་དགོས། ཤིན་ཅང་དང་ཀྲུང་དབྱང་གི་སྡེ་ཁག་ཁག་ནས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་བཟོ་བ་དང་། ལས་འགན་གཙོ་བོ་རྣམས་དོན་ཚན་རེ་རེ་བཞིན་ཞིབ་ཚགས་སུ་བཏང་སྟེ། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དེ་དོན་དངོས་ཀྱི་ཕན་འབྲས་སུ་བསྒྱུར་བ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་ཟབ་སྐྱོད་དང་མི་སེམས་ལ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
         པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་གནང་ཡོད།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་དང་། ས་གནས་དང་ཁུལ། གྲོང་ཁྱེར་བཅས་ཁག་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་དང་ཧྲི་ཤོག་ཁག་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། གཞན་ད་དུང་ཞིང་ལྗོངས་དང་གྲོང་ཁྱེར་ ཁག་གི་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། འབྲེལ་ཡོད་མི་དམངས་ཚོགས་པ་དང་། དངུལ་རྩའི་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན། དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1