༄༅།།ཁྲོ་ཕུ་ལོ་ཙཱ་བའི་ལྟ་གྲུབ་ཀྱི་མཆེད་ཁུངས་ལ་ཐོག་མར་དཔྱད་པ།

རྩོམ་སྒྲིག་པ།ཕུན་ཚོགས་ཚེ་རིང་།ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། 09-28



ཕུན་ཚོགས་ཚེ་རིང་།
གནད་བསྡུས། དཔྱད་རྩོམ་འདིར་ཁྲོ་ཕུ་བཀའ་བརྒྱུད་པའི་སྐྱེས་ཆེན་དམ་པ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱི་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་ཁུངས་སྣེར་བྱས་ཏེ། ཁོང་གིས་ཁྲོ་ཕུ་བཀའ་བརྒྱུད་པའི་ལྟ་གྲུབ་སྟོན་པའི་གཞུང་ལུགས་ཀྱི་གཞི་རྐང་ཇི་ལྟར་བཙུགས་ཚུལ་དང་། སྒོས་སུ་ཁྲོ་ཕུ་ལོ་ཙཱ་བ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་ཀྱི་ཐོག་མའི་མཆེད་ཁུངས་སོགས་གླེང་བྱར་བྱས་པ་སྟེ ། ཐོག་མར་བཀའ་བརྒྱུད་གོང་མའི་ལྟ་གྲུབ་གསན་བསམ་མཛད་པའི་སྐོ ར་དང་། བར་དུ་གྲུབ་ཆེན་མི་ཏྲ་ཛོ་ཀི་ལས་གདམས་ངག་གི་ཉིང་ཁུ་བཏུས་པའི་སྐོར། དེ་རྗེས་པཎ་ཆེན་བུདྡྷཱ་ཤྲཱི་ལས་མདོ་སྔགས་ཀྱི་བཅུད་བཏུས་པའི་སྐོར། མཐའ་མར་ཁ་ཆེ་པཎ་ཆེན་ཤཱཀྱ ་ཤྲཱི་ལས་གདམས་ངག་གི་བཅུད་རྫོགས་པར་ཞུས་པ་སོགས་ཀྱི་སྐོར་ལ་དཔེ་རྙིང་རྩ་ཆེན་འགའ་རྒྱབ་རྟེ ན་དུ་བྱས་ནས་ལུང་རིགས་ཀྱིས་དཔྱད་བརྗོད་བྱས་འདུག
གནད་ཚིག ཁྲོ་ཕུ་ལོ་ཙཱ་བ། ལྟ་གྲུབ། མཆེད་ཁུངས་། པཎ་གྲུབ་རྣམ་གསུམ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6 [ཡིག་ཚང་མཚོན་བྱང་།] A[རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)01-069-12
        གླེང་གཞི།
        དེ་ཡང་ཁྲོ་ཕུ་ལོ་ཙཱ་བ་(1172—1236)བྱམས་པའི་དཔལ་ནི་བསྟན་པ་ཕྱི་དར་གྱི་ཚེ་ན་བོད་གངས་ཅན་གྱི་ལྗོངས་སུ་བྱོན་པའི་མཁས་མང་གསེར་རིའི་ཕྲེང་བའི་དབུས་ན་རི་ཡི་རྒྱལ་པོ་རི་རབ་ལྷུན་པོ་ཇི་བཞིན་མཆོག་གི་བརྟུལ་ཞུགས་ལ་མངོན་པར་གནས་ཤིང་། གངས་ཅན་རིག་གནས་སྤྱི་དང་བྱེ་བྲག་བོད་ཀྱི་ནང་པ་སངས་རྒྱས་ཀྱི་རིག་གནས་ནང་འདྲེན་གྱི་བྱ་གཞག་ཁྲོད་གཞན་དྲིང་མི་འཇོག་པའི་མཛད་རྗེས་བཞག་མྱོང་བའི་ངེས་པ་དོན་གྱི་སྐྱེས་ཆེན་དམ་པ་ཞིག་དང་། བོད་ཀྱི་སྒྲ་བསྒྱུར་ལོ་ཙཱ་བ་གྲགས་ཆེན་ཞིག་ཀྱང་ཡིན་ཏེ། 《བུ་སྟོན་ཆོས་འབྱུང》ལས། “ཉི་མ་ལྟ་བུར་གྲགས་པའི་གནུབས་བྱམས་པའི་དཔལ་དང་། ཟླ་བ་ལྟ་བུར་གྲགས་པའི་ས་སྐྱ་པཎྜིཏ། ཐོག་མཉམ་པ་ལོ་པཎ་ཉི་ཟླ་ཟུང་གཅིག་ཏུ་གྲགས་སོ། །”[1]ཞེས་ཆེ་བསྟོད་བླ་ལྷག་ཏུ་མཛད་པ་ལྟར། ཁོང་གིས་སྐུ་ཚེ་གང་པོར་རང་དོན་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་བཤད་སྒྲུབ་ལས་གསུམ་གྱིས་འཕྲིན་ལས་རླབས་པོ་ཆེ་བཞག་པའི་སྐྱེས་བུ་དམ་པ་ཞིག་ཡིན། དེ་བས་ཀྱང་སྐབས་དེར་བོད་ཡུལ་དུ་དྲི་མ་མེད་པའི་སངས་རྒྱས་ཆོས་ལུགས་སླར་གསོ་བྱུང་བའི་ཚ་རླབས་དང་བསྟུན་ནས་ཁོང་གིས་སྐུ་སྲོག་དང་བསྡོས་ཏེ། སྔ་ཕྱིར་རྒྱ་གར་དང་བལ་ཡུལ་གྱི་ལྗོངས་སུ་ཐེངས་མང་བརྟོལ་ནས་གྲུབ་ཆེན་མི་ཏྲ་ཛོ་ཀི་དང་། པཎ་ཆེན་བུདྡྷཱ་ཤྲཱི། ཁ་ཆེ་པཎ་ཆེན་ཤཱཀྱ ་ཤྲཱི་(1127—1225)སྟེ་ཡོངས་གྲགས་སུ་པཎ་གྲུབ་རྣམ་གསུམ་ཞེས་པ་རིམ་པ་བཞིན་བོད་གངས་ཅན་ལྗོངས་སུ་སྤྱན་དྲངས་པས། བོད་དུ་ཡོད་པའི་ནང་བསྟན་གྱི་ཆོས་ལུགས་སྤྱི་ལ་དག་ཐེར་མང་དུ་མཛད་པ་མ་ཟད། དབུས་གཙང་ཁུལ་དུ་སྐུ་ཚད་མཐོ་ཤོས་སུ་གྱུར་པ་ཁྲུ་བརྒྱད་ཅུའི་བདག་ཉིད་ཅན་གྱི་ཁྲོ་ཕུའི་བྱམས་ཆེན་དང་། ཁྲོ་ཕུའི་སྐུ་འབུམ་མཆོད་རྟེན་ཆེན་མོ་བཞེངས་པ། དེ་བཞིན་བཀའ་བསྟན་བཅོས་མང་དུ་བསྒྱུར་བ་དང་སྐུ་གསུང་ཐུགས་རྟེན་རིན་ཐང་གཞལ་བར་དཀའ་བ་བཞེངས་པ་སོགས་མདོ་དོན་སྙིང་པོར་ཁོང་གིས་འཕྲིན་ལས་ཆེན་པོ་རྣམ་གསུམ་གྱིས་གཙོས་པའི་བསྟན་ལ་སྨན་པའི་མཛད་འཕྲིན་དུ་མ་སྐྱེ་བོ་ཕལ་པའི་བློ་ངོར་ཤོང་དཀའ་བའི་ཚུལ་དུ་གཏོད་གཤིས། སྐབས་དེ་དང་དེའི་ཚེ་ན་ཁྲོ་ཕུ་བཀའ་བརྒྱུད་ཅེས་དབུས་གཙང་ཁུལ་དུ་གཟེངས་སུ་མཐོ་བའི་ཆོས་བརྒྱུད་ཅིག་གི་གཞི་རྐང་ཚུགས་ཤིང་། སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་ལ་ཁོར་མོ་ཡུག་ཏུ་གཞོལ་བས། བོད་ཀྱི་ནང་བསྟན་གྱི་ཤེས་རིག་སྤྱི་དང་། སྒོས་སུ་ཁྲོ་ཕུ་བཀའ་བརྒྱུད་པའི་ཆོས་བརྒྱུད་དེ་ཉིད་དར་སྤེལ་གཏོང་བར་བཀའ་དྲིན་བླ་ལྷག་ཏུ་ཆེའོ། །དེས་ན་ཆོས་རྗེ་ས་པཎ་(1182-1251)གྱིས། “བསྟན་བཅོས་བྱེད་པའི་དམ་པ་ཡིས། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དམ་པའི་ཚིག །འདི་ནི་འཐད་པ་བཟང་པོ་མཐོང་། །”[2]ཞེས་གསུངས་པ་ཇི་བཞིན། འདིར་ཡང་ཁོ་བོས་དོན་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར་ཁྲོ་ཕུ་ལོ་ཙཱ་བའི་ལྟ་གྲུབ་ཀྱི་མཆེད་ཁུངས་རགས་རིམ་ཙམ་གླེང་བར་འདོད་དོ། །
        ཁྲོ་ཕུ་ལོ་ཙཱ་བས་སྐུ་ཚེ་ཧྲིལ་པོར་ཚད་ལྡན་བླ་མ་བགྲང་ལས་འདས་པ་བསྟེན་ཅིང་། ཁྱད་པར་དུ་ཁོང་རང་ཉིད་ལ་བཀའ་དྲིན་ཆེ་བའི་བླ་མ་བཅུ་བསྟེན་པ་སྟེ། 《ཁྲོ་ཕུ་ལོ་ཙཱ་བའི་རྣམ་ཐར》ལས། “ཐོག་མེད་འཁོར་བ་སྡུག་བསྔལ་གྱི། །རྒྱ་མཚོར་བྱིང་བ་སྒྲོལ་མཛད་ཅིང་། །བླ་མེད་བདེ་ཆེན་སར་འགོད་པ། །དཔལ་ལྡན་བླ་མ་དྲིན་ཆེན་བཅུ་ཞབས་འདུད། །[3] དེ་ཡང་[རྗེ་རྒྱལ་ཚ་དང་། རྗེ་ཀུན་ལྡན་རས་པ། རྗེ་ཤཱཀྱ ་ཤྲཱི། རྗེ་མི་ཏྲ་ཛོ་ཀི །རྗེ་བུདྡྷཱ་ཤྲཱི །རྗེ་ཨ་ནུ་པ་མ་ཤྲཱི། རྗེ་འབྲི་གུང་པ། རྗེ་སྟག་ལུང་པ། རྗེ་རྩང་དཀར། རྗེ་རྩང་ནག་སྟེ་བཅུ་རྣམས་བསྟེན།”[4]ཞེས་གསུངས་པ་ལྟར་བླ་མ་བཅུའི་དྲུང་ནས་མདོ་སྔགས་རིག་པའི་གནས་སྤྱིར་སྦྱངས་པ་དཔྱིས་ཕྱིན་པ་མཛད་པ་མ་ཟད། པཎ་གྲུབ་རྣམ་གསུམ་བོད་དུ་སྤྱན་དྲངས་ཏེ། ཁོང་རྣམ་པའི་ཟབ་མོའི་ལྟ་གྲུབ་སྟོན་པའི་མན་ངག་དང་། ཐུན་མིན་གསང་སྔགས་ཀྱི་གདམས་པ། དེ་བཞིན་ཡི་དམ་དཀྱིལ་འཁོར་གྱི་སྒྲུབ་ཐབས་[5]སོགས་ལ་གཞི་ཁུངས་གཏུགས་ཤིང་། དེའི་ཐོག་བཀའ་བརྒྱུད་གོང་མའི་ཕྱག་རྒྱ་ཆེན་པོའི་ལྟ་དགོངས་ཀྱིས་ཟུར་བརྒྱན་ཏེ། ཁྲོ་ཕུའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་སྟོན་པའི་གཞུང་ལུགས་མན་ངག་བརྒྱ་རྩ་བརྒྱད་སོགས་མཛད་པའོ། །ད་ནི་ཁྲོ་ཕུ་ལོ་ཙཱ་བའི་ལྟ་གྲུབ་ཀྱི་མཆེད་ཁུངས་དངོས་བཤད་པར་བྱ་བ་ལ་དོན་རྣམ་པ་བཞི་སྟེ ། དང་པོ་བཀའ་བརྒྱུད་གོང་མའི་ལྟ་གྲུབ་གསན་བསམ་མཛད་པའི་སྐོ ར།གཉིས་པ་གྲུབ་ཆེན་མི་ཏྲ་ཛོ་ཀི་ལས་གདམས་ངག་གི་ཉིང་ཁུ་བཏུས་པའི་སྐོར། གསུམ་པ་པཎ་ཆེན་བུདྡྷཱ་ཤྲཱི་ལས་མདོ་སྔགས་ཀྱི་བཅུད་བཏུས་པའི་སྐོར། བཞི་པ་ཁ་ཆེ་པཎ་ཆེན་ཤཱཀྱ ་ཤྲཱི་ལས་གདམས་ངག་གི་བཅུད་རྫོགས་པའི་སྐོ ར་བཅས་སོ། །
དང་པོ། བཀའ་བརྒྱུད་གོང་མའི་ལྟ་གྲུབ་གསན་བསམ་མཛད་པའི་སྐོར།
        སྤྱིར་བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ནི་རྗེ་མར་པ་ལོ་ཙཱ་བ་ལས་བརྒྱུད་ཅིང་། ཕྱིས་བཀའ་བརྒྱུད་པའི་ལྟ་སྒོམ་སྤྱོད་གསུམ་ལས་ལྟ་བ་ཕྱག་རྒྱ་ཆེན་པོ་དང་། སྒོམ་པ་ནཱ་རོ་ཆོས་དྲུག །སྤྱོད་པ་ཐབས་ཤེས་ཟུང་འཇུག་སོགས་ཀྱི་གཞུང་ལུགས་མང་དུ་བྱུང་བའོ། །དེ་རྗེས་རྗེ་བཙུན་མི་ལའི་གསུང་མགུར་སོགས་སུ་ཕྱག་རྒྱ་ཆེན་པོ་ཞེས་པའི་ཐ་སྙད་མི་ཉུང་བ་ཞིག་གསུངས་ཡོད་མོད། བོད་གངས་ཅན་གྱི་ལྗོངས་སུ་ཕྱག་རྒྱ་ཆེན་པོའི་ལྟ་བའི་རྣམ་གཞག་དར་ཞིང་རྒྱས་པར་མཛད་མཁན་ནི་མཉམ་མེད་དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུ་(1079-1153)ཡིན་ལ། ཁོང་གིས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་མཛད་པ་དང་། ཕྱ ག་རྒྱ་ཆེན་པོ་གསལ་བྱེད་ཀྱི་མན་ངག དེ་བཞིན་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་སྒོམ་རིམ། ཕྱག་རྒྱ་ཆེན་པོའི་འབུམ་ཏིག ཕྱག་རྒྱ་ཆེན་པོའི་མན་ངག་ཐོག་བབས། ཕྱག་ཆེན་གོ་ཆ་ཉིད་ཀྱི་མན་ངག་ལ་སོགས་ཕྱག་རྒྱ་ཆེན་པོའི་ལྟ་བ་ངོ་སྤྲོད་པ་དང་སྒོམ་ཚུལ་གྱི་གསུང་རྩོམ་[6]མང་དུ་མཛད་པ་ལས། བོད་ཡུལ་དུ་ཕྱག་རྒྱ་ཆེན་པོའི་ལྟ་གྲུབ་རྒྱས་པར་དར་རོ། །
        བྱེ་བྲག་ཁྲོ་ཕུའི་བླ་མ་གོང་མའི་གདམས་པའི་རྒྱུན་འཛིན་པའི་སྐོར་ལ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་རྩ་བའི་བླ་མ་རྒྱལ་ཚ་རིན་ཆེན་མགོན་(1118-1195) དང་། ཀུན་ལྡན་རས་པ་(1148—1217)ཁུ་དབོན་གཉིས་ལས་གདམས་ངག་མང་དུ་ཞུས་པ་སྟེ། 《པཎ་གྲུབ་གསུམ་གྱི་རྣམ་ཐར》ལས། “རྗེ་བཙུན་དེ་ཉིད་ལ་གདམས་ངག་ཟབ་དགུ་ཐམས་ཅད་ཀྱི་བཀའ་བབས་བཅུ་གསུམ་ཡོད་པ་ཡིན་པས་དེ་ཐམས་ཅད་མ་ལུས་པར་ཞུས། སྤྱིར་གདམས་པའི་ལུགས་མི་འདྲ་བ་བརྒྱ་དང་སུམ་ཅུ་རྩ་དྲུག་བྱ་བ་བཞུགས། པོད་ཆུང་དང་བེའུ་བུམ་ལྔ་བརྒྱ་ཉི་ཤུ་བཞུགས་པ་ཐམས་ཅད་གསན།”[7]ཞེས་གསུངས་པ་ལྟར་རྒྱལ་ཚ་རིན་ཆེན་མགོན་(1118-1195)གྱི་དྲུང་ལས་ཁྲོ་ཕུ་བཀའ་བརྒྱུད་ཀྱི་ཐུན་མིན་མན་ངག་སྤྱི་དང་། ཆིག་བརྒྱུད་ཀྱི་གདམས་པའི་བཀའ་བབས་མི་འདྲ་བ་མང་དུ་བཞུགས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། ཡང་ཀུན་ལྡན་རས་པའི་དྲུང་ནས་གསང་སྔགས་ཀྱི་གདམས་པ་མང་དུ་གསན་པའི་སྐོར་ཁྲོ་ཕུའི་རྣམ་ཐར་ཁག་ལས་གསལ་ལོ། །
        གང་ལྟར་ཡང་ཁྲོ་ཕུ་ལོ་ཙཱ་བས་ཁྲོ་ཕུ་བཀའ་བརྒྱུད་ཀྱི་གོང་མ་རྒྱལ་ཚ་རིན་ཆེན་མགོན་དང་། ཀུན་ལྡན་རས་པ་རྣམ་གཉིས་ལས་ཁྲོ་ཕུའི་རང་ལུགས་སྟོན་པའི་ཐུན་མོང་མ་ཡིན་པའི་གདམས་པ་མང་དུ་ཞུས་པ་མ་ཟད། འགྲོ་མགོན་ཕག་མོ་གྲུ་པས་ཁྲོ་ཕུ་རྒྱལ་ཚ་རིན་ཆེན་མགོན་ལ་དམིགས་སུ་གནང་བའི་ཆོས་སྐོར་རྣམས་ཇི་ལྟར་ཕ་ནོར་བུ་ལ་འཇོག་པ་བཞིན་དུ་སྐུ་གཤེགས་ཁར་ཁྲོ་ཕུ་ལོ་ཙཱ་བར་མ་ལུས་པར་གནང་ཞིང་། གཞན་ཡང་ཀུན་ལྡན་རས་པའི་དྲུང་ལས་གསང་སྔགས་ཀྱི་གདམས་པ་ཁྱད་པར་ཅན་ཇི་སྙེད་ཅིག་གསན་པ་དག་ཀྱང་། དོན་དམ་དུ་བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་དགོངས་པ་ལས་མ་འདས་ཏེ། 《དེབ་ཐེར་སྔོན་པོ》ལས། “དེ་ལ་རྗེ་རྒྱལ་ཚ་དང་ཀུན་ལྡན་རྣམ་པ་གཉིས་ནི་རྗེ་ཕག་མོ་གྲུ་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྐྱེད་པའི་དངོས་ཀྱི་སློབ་མ་ཡིན། ཆོས་རྗེ་ལོ་ཙཱ་བ་ཡང་རིན་པོ་ཆེ་རྒྱལ་ཚའི་གདམས་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས།”[8]ཞེས་གསུངས་པ་ལྟར་རོ། །
        གཞན་ཡང་། ཆོས་བརྒྱུད་གཞན་གྱི་ལྟ་གྲུབ་ཀྱིས་ཤུགས་རྐྱེན་ཐེབས་ཚུལ་ནི། ཁྲོ་ཕུ་ལོ་ཙཱ་བ་ནི་ཐོག་མར་གནུབས་ནམ་མཁའི་སྙིང་པོ་དང་། གནུབས་སངས་རྒྱས་ཡེ་ཤེས་གཉིས་ཀྱི་གདུང་རྒྱུད་དུ་སྐུ་འཁྲུངས་པས། ཆུང་དུས་ཁྱིམ་ཚང་གི་རིག་གནས་ཁོར་ཡུག་འོག་ཐོག་མར་རྙིང་མའི་གཞུང་ལུགས་དང་། ཆོ་གར་སྤྱིར་ཆུང་ནས་འདྲིས་ཤིང་། ཁྱད་པར་སྐུ་ཚེའི་སྨད་དུ་དགེ་སློང་གི་བསླབ་པ་ཕུལ་བ་སྟེ། 《ལྷོ་རོང་ཆོས་འབྱུང》ལས། “ཁ་རག་སྒོམ་ཆུང་གཞོན་ནུ་སྐྱེ་བ་ལེན་པའི་བར་སྲིད་ལ་གཟིགས་ནས་དེ་ཆེད་ལ་དགེ་སློང་གི་བསླབ་པ་ཕུལ་ནས་རིགས་ཀྱི་སྲས་བསྐྲུན་པ་ཡིན།”[9]ཞེས་གསུངས་པ་ལྟར་ཁོང་གིས་དགེ་བཤེས་ཁ་རག་སྒོམ་ཆུང་མྱ་ངན་ལས་འདས་པའི་ཚུལ་མངོན་ཤེས་ཀྱིས་མཁྱེན་པས། དགག་བྱ་དང་དགོས་དབང་ལ་གཟིགས་ཏེ། དགེ་སློང་གི་བསླབ་པ་ཕུལ་ཏེ་གདུང་སྲས་བསྐྲུན་པ་རེད། དེ་ལྟར་ཁོང་ཁྱིམ་ཚང་གི་རིག་གནས་རྒྱབ་ལྗོངས་འོག་རྙིང་མའི་རྫོགས་ཆེན་གྱི་ལྟ་བ་སོགས་ཀྱིས་ཁོང་ལ་ཆུང་དུས་ནས་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། དེ་རྗེས་ཁྲོ་ཕུ་དགོན་དང་ཐག་ཉེ་བའི་སར་གནས་པའི་ཆུ་མིག་དགོན་དུ་དགེ་བཤེས་གཙང་དཀར་དང་། གཙང་ནག་འདུལ་བ་འཛིན་པ་སོགས་ལས་བྱམས་ཆོས་སྡེ་ལྔ་སོགས་གསན་བསམ་རྒྱ་ཆེར་མཛད། སྤྱིར་ཆུ་མིག་དགོན་ནམ་ཆུ་མིག་བཤད་གྲྭ་ནི་ལོ་རྒྱུས་ཡིག་ཆས་ཕོངས་ཡང་ཁོ་བོའི་འདོད་པར། བཀའ་གདམས་པའི་ཆོས་བརྒྱུད་ལྟ་བུ་ཞིག་ཡིན་ངེས་ལ། ཁྲོ་ཕུ་ལོ་ཙཱ་བའི་སྐུ་དུས་སུ་དེར་བཤད་གྲྭ་ཚུགས་ཟིན་པ་མ་ཟད་། དགེ་བཤེས་གཙང་དཀར་ལས་ཚད་མ་དང་། མངོན་པ། ཕར་ཕྱིན་སོགས་ཀྱི་མདོ་ཕྱོགས་ཀྱི་གཞུང་ལུགས་མང་དུ་གསན་ཚུལ་སོགས་ཁྲོ་ཕུ་ལོ་ཙཱ་བའི་མཛད་རྣམ་[10]སྐབས་འཆད་ཟིན་ཏོ། །
        དེ་བཞིན་ས་སྐྱའི་ཆོས་བརྒྱུད་ནི་གཅིག་ནས་ཡུལ་ཕྱོགས་ངོས་ནས་ཞུས་ན་ཁྲོ་ཕུའི་གདན་ས་དང་ཐག་ཉེ་ཞིང་། གཉིས་ནས་ཁྲོ་ཕུ་ལོ་ཙཱ་བའི་རྣམ་ཐར་སོགས་སུ་ས་སྐྱར་ཆོས་འཁོར་སོགས་ལ་ཕེབས་པའི་སྐོར་འཁོད་ཅིང་། ས་སྐྱ་པཎ་ཆེན་སོགས་ས་སྐྱའི་བླ་མ་མང་པོ་ཞིག་ཀྱང་། དུས་ཕྱིས་ཁ་ཆེ་པཎ་ཆེན་གྱི་ཞབས་ལ་གཏུགས་ནས། མདོ་སྔགས་གཞུང་ལ་ཐོས་བསམ་མཛད་པའི་ཚེ། ཁྲོ་ཕུ་ལོ་ཙཱ་བ་ནི་ཁ་ཆེ་པཎ་ཆེན་དང་ཞལ་མ་བྲལ་བར་བཞུགས་པས། དེས་ན་ས་སྐྱའི་ལྟ་དགོངས་ཀྱིས་ཀྱང་ཁྲོ་ཕུ་ལོ་ཙཱ་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་པར་སེམས། གཞན་ཡང་《དེབ་ཐེར་སྔོན་པོ》ལས། “ཆོས་རྗེ་འབྲི་གུང་པའི་སྐུ་མདུན་ནས་མར་པ་བཀའ་བརྒྱུད་ཀྱི་གདམས་ངག་ཐམས་ཅད་རྫོགས་པར་གསན།”[11]ཞེས་གསུངས་པ་ལྟར་ཁྲོ་ཕུ་ལོ་ཙཱ་བས་སྐུ་ཚེའི་སྨད་ལ་ཆོས་རྗེ་འབྲི་གུང་པའི་མདུན་ནས། འབྲི་གུང་པའི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་དང་། དམ་ཆོས་དགོངས་གཅིག་སོགས་འབྲི་གུང་ཆོས་བརྒྱུད་ཀྱི་གདམས་པ་མང་དག་ཅིག་གསན་པ་དང་། ཡང་འགོས་ལོ་གཞོན་ནུ་དཔལ་(1392—1481)གྱིས། “སྐྱིད་རོང་དུ་ཕེབས་པའི་ཚེ་བླ་མ་ཀློང་རྩེ་བ་བྱ་བ་རྗེ་སྒམ་པོ་བའི་དངོས་སློབ་ཅིག་གིས་རྟོ གས་པའི་བོགས་བཏོན་ཏེ། དཔལ་སྒམ་པོ་བའི་བཀའ་བརྒྱུད་ཀྱི་ལུགས་ཁོ་ནའོ། །”[12]ཞེས་གསུངས་པ་ལྟར། སྐབས་དེར་ཁྲོ་ཕུ་ལོ་ཙཱ་བས་དབུས་གཙང་ཁུལ་གྱི་བླ་མ་གྲགས་ཆེན་ཕལ་མོ་ཆེའི་ཞབས་ལ་གཏུགས་ཤིང་། རིས་སུ་མ་ཆད་པའི་གྲུབ་མཐའི་གཞུང་ལ་ཐོས་བསམ་རྒྱ་ཆེར་མཛད་པས། དེས་ཁོང་གི་ལྟ་གྲུབ་ཐད་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད་པར་གདོན་མི་ཟའོ། །
གཉིས་པ། གྲུབ་ཆེན་མི་ཏྲ་ཛོ་ཀི་ལས་གདམས་ངག་གི་ཉིང་ཁུ་བཏུས་པའི་སྐོར།
        དེ་ཡང་ངོ་མཚར་གྱི་རྣམ་ཐར་བཅོ་བརྒྱད་[13]ཡོད་པར་གྲགས་པའི་གྲུབ་ཆེན་མི་ཏྲ་ཛོ་ཀི་ཞེས་པ་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་སྐབས་སུ་བྱོན་པའི་རྒྱ་གར་གྱི་གྲུབ་ཆེན་ཞིག་ཡིན། མི་ཏྲ་ཛོ་ཀི་ཞེས་པ་བོད་སྐད་དུ་བཤེས་གཉེན་རྣལ་འབྱོར་ཞེས་པའི་དོན་ཡིན། 《སློབ་དཔོན་མི་ཏྲ་ཛོ་ཀིའི་རྟོགས་བརྗོད》ལས།“ལོ་ཆེན་བྱམས་པའི་དཔལ་གྱིས་བལ་ཡུལ་དུ། །མཇལ་ནས་ལྗོངས་འདིར་ཕྱོགས་ཏེ་བཞུགས་པ་ཡི། །རྟེན་འབྲེལ་ལ་དགོངས་བོད་དུ་འབྱོན་དགོས་པའི། །ཞུ་བ་ཕུལ་ཀྱང་མ་གནང་རྒྱ་གར་ཕེབས། །”[14]ཞེས་གསུངས་པ་ལྟར་ཁྲོ་ཕུ་ལོ་ཙཱ་བས་ཐོག་མར་བལ་ཡུལ་དུ་རྗེ་མི་ཏྲ་ཛོ་ཀི་དང་མཇལ་ནས་བོད་གངས་ཅན་གྱི་ལྗོངས་སུ་གདན་འདྲེན་པའི་ཞུ་བ་ནན་ཆེར་མཛད་ཀྱང་། ཁོང་གིས་ཞལ་གྱིས་མ་བཞེས་པར་རྒྱ་གར་དུ་ཕེབས་ཤིང་། དེའི་ཚེ་ན་ལོ་ཙཱ་བས་བོད་ཀྱི་སེམས་ཅན་སྤྱི་དང་། སྒོས་སུ་སངས་རྒྱས་ཀྱི་བསྟན་པ་ཁོ་ནར་དམིགས་ཏེ། སླར་ཡང་རྒྱ་གར་ཚ་བའི་ཡུལ་དུ་ཕེབས་པ་མ་ཟད། དཀའ་བ་འབུམ་ཕྲག་ཁྱད་བསད་ཀྱིས་ཁོང་གི་དྲུང་ལས་ཟབ་མོའི་ཆོས་དང་གདམས་ངག་མང་དུ་ཞུས་ཤིང་། མུ་མཐུད་གདན་འདྲེན་པའི་ཞུ་བ་ནན་ཆེར་མཛད་ཀྱང་། ད་དུང་ཞལ་གྱིས་མ་བཞེས་པའི་ཚེ། “དེ་འདྲའི་མགོན་དང་མཇལ་ཏེ་འདོད་པའི་དོན། །མ་གྲུབ་ཤི་བ་དགའ་སྙམ་ཕྱི་མ་རུ། །རྣམ་དག་རྟོ གས་པ་འཁྲུངས་པའི་སྨོན་ལམ་བཏབ། །ཆེས་མཐོའི་མཁར་ལས་མཆོང་བར་གྲུབ་ཆེན་ཉིད། །གར་ཕེབས་ཆ་མེད་བྱོན་ཏེ་ཕྱག་གིས་བཟུང་། །”[15]ཞེས་སྐུ་སྲོག་ལྕེ བས་པར་བརྩམས་པའི་གྲབས་མཛད་པ་དང་། བོད་གངས་ཅན་ལྗོངས་སུ་གདུལ་བྱ་མང་བ་དང་འཕྲིན་ལས་དེ་བས་ཆེ་བར་འགྱུར་བས། ཅིས་ཀྱང་དགོངས་སུ་གསོལ་ཞེས་རེ་བ་ནན་ཆེར་མཛད་པས། ད་གཟོད་མི་ཏྲ་ཛོ་ཀིས་ཞལ་གྱིས་བཞེས་པ་སྟེ། 《པཎ་གྲུབ་གསུམ་གྱི་རྣམ་ཐར》ལས། “རྗེ་གྲུབ་ཐོབ་ཆེན་པོ་མེ་མོ་སྦྲུལ་གྱི་ལོ་ལ་བོད་དུ་བྱོན། སྤྱིར་གཙང་གི་རྒྱལ་ཁམས་སུ་ཟླ་བ་བཅོ་བརྒྱད་བཞུགས།”[16]ཞེས་གསུངས་པ་ལྟར་བོད་རབ་བྱུང་གསུམ་པའི་མེ་མོ་སྦྲུལ་(སྤྱི་ལོ་1197ལོར)ལོར་གྲུབ་ཆེན་མི་ཏྲ་ཛོ་ཀི་བོད་དུ་ཕེབས་ཤིང་། ཁྲོ་ཕུ་ལོ་ཙཱ་བ་སོགས་ལ་དབང་དང་གདམས་ངག་དཔག་ཏུ་མེད་པ་བསྩལ། དེ་ནས་གཙང་ཁུལ་དུ་ཁྱོན་ལོ་གཅིག་དང་ལོ་ཕྱེད་ཙམ་གྱི་ཡུན་བཞུགས་རིང་འགྲོ་དོན་མང་དུ་མཛད་པ་སྟེ། 《པཎ་གྲུབ་གསུམ་གྱི་རྣམ་ཐར》 ལས། “དབང་དང་གདམས་ངག་དང་རྟེན་བཞེངས་པའི་རྟེ ན་འབྲེལ་དང་། གདུལ་བྱའི་རྣམ་ཐར་བསམ་གྱིས་མི་ཁྱབ་བོ།།”[17]ཞེས་པ་ལྟར་ཐོག་མར་ཁྲོ་ཕུའི་གཙུག་ལག་ཁང་དང་། བྱམས་ཆེན་བཞེངས་པར་རབ་གནས་ཀྱི་ཆོ་ག་རྒྱ་ཆེར་མཛད་དོ། །
        སྒོས་སུ་ཁྲོ་ཕུ་ལོ་ཙཱ་བས་མི་ཏྲ་ཛོ་ཀིའི་དྲུང་ནས་གདམས་པ་ཞུས་ཚུལ་འཆད་པ་ལ། དེ་ཡང་《སློབ་དཔོན་མི་ཏྲ་ཛོ་ཀིའི་རྟོགས་བརྗོད》ལས། “བོད་དུ་འགྲོ་ཞེས་ཞལ་བཞེས་གཙང་སྟོད་དུ། །ཟླ་བ་བཅོ་བརྒྱད་བཞུགས་ཏེ་ཁྲོ་ཕུ་ཡི། །བྱམས་ཆེན་རབ་གནས་མཛད་ཅིང་མི་ཏྲའི་དབང་། །མི་ཏྲ་ཁྲིད་དྲུག་ཁྲོ་ཕུ་བརྒྱ་རྩ་སོགས། །ཟབ་རྒྱས་གདམས་པའི་བདུད་རྩིའི་བགོ་སྐལ་གྱིས། །བོད་ཡུལ་བསྟན་པའི་སྒྲོན་མེ་སྤར་བར་མཛད། །”[18]ཅེས་གསུངས་པ་ལྟར་ཁྲོ་ཕུ་ལོ་ཙཱ་བས་བོད་རབ་བྱུང་གསུམ་པའི་མེ་སྦྲུལ་(སྤྱི་ལོ་1197)ལོར་བོད་དུ་གདན་དྲངས་ཏེ། དབུས་གཙང་ཁུལ་དུ་སྔ་ཕྱིར་ཟླ་བ་བཅོ་བརྒྱད་བཞུགས་རིང་གསང་སྔགས་ཀྱི་གདམས་ངག་མང་དུ་གསུངས་ཤིང་། མི་ཏྲ་བརྒྱ་རྩར་གྲགས་པའི་གསང་སྔགས་ཀྱི་དབང་དང་། ཁྲོ་ཕུ་བརྒྱ་རྩ་སྟེ་ཁྲོ་ཕུ་ལོ་ཙཱ་བས་མི་ཏྲ་བརྒྱ་རྩའི་ཉམས་ལེན་གྱི་སྒྲུབ་ཐབས་སྐོར་བརྒྱ་དང་ཉི་ཤུའི་བདག་ཉིད་ཅན་གྱི་དབང་ལུང་དང་། དེ་བཞིན་མི་ཏྲ་ཛོ་ཀིའི་ཆོས་དྲུག་གི་གདམས་པ་སོགས་མང་དུ་ཞུས་པ་ལས་རིམ་བཞིན་བོད་དུ་དར་འཕེལ་བྱུང་བའོ། །
        གཞན་ཡང་གཙང་སྟོད་ཁུལ་དུ་ཟླ་བ་བཅོ་བརྒྱད་བཞུགས་རིང་། ཞ་ལུའི་ཚོང་འདུས་མན་ཆད་ལ་མ་བྱོན་པར་གཙོ་བོར་ཁྲོ་ཕུ་དགོན་དང་། ཚོང་འདུས། ལ་སྟོད་སྐྱིད་རོང་སོགས་གཙང་ སྟོ ད་ཁུལ་དུ་གཏན་བཞུགས་མཛད་ཅིང་། ཁྱད་པར་དུ་ཁྲོ་ཕུའི་གཙུག་ལག་ཁང་གི་བྱམས་ཆེན་བཞེངས་པར་རབ་ཏུ་གནས་པའི་ཆོ་ག་སོགས་རྒྱས་པར་གནང་བ་དང་། གདུལ་བྱ་དུ་མར་གསང་སྔགས་ཀྱི་གདམས་པ་དུ་མ་བསྩལ་བ་སྟེ ། 《པཎ་གྲུབ་གསུམ་གྱི་རྣམ་ཐར་འཁྲི་ཤིང་མ》ཞེས་པ་ལས། “མགུར་མོ་ཡན་ཆད་ནས། ལ་སྟོད་ཐང་ཆུང་གི་བར་དུ་གྲྭ་པ་བརྒྱ་ཡན་ཆད་སྐྱོང་བའི་དགེ་བཤེས་ཉིས་སྟོང་སུམ་བརྒྱ་ཙམ་རྗེས་སུ་བཟུང་གདའ་སྐད། དེ་མན་ཆད་གྲངས་ཀྱིས་མི་ལང་ངོ་། །”[19]ཞེས་འཁོད་པ་ལྟར་རོ། ། དེ་ལྟར་ཁྲོ་ཕུ་ལོ་ཙཱ་བས་གྲུབ་ཆེན་དེའི་སྐུ་དྲུང་ནས་ཟབ་ཆོས་བདུད་རྩི་མང་དུ་ཞུས་པ་སྟེ། “ཤེས་བྱའི་ཡན་ལག་ཏུ་བསྟན་པ་ཐུན་མོང་གི་སྐོར་དང་། ནང་སྒྲུབ་ཐབས་སུ་བསྟན་པ་ཉམས་ལེན་བྱེ་བྲག་གི་སྐོར། གསང་བ་བྱིན་རླབས་ཀྱི་འཇུག་པ་སྟོན་པ་ཁྱད་པར་གྱི་སྐོར་བཅས་སྐོར་གསུམ་གྱི་གདམས་པ་གནང་བ་དེ་ནི་ཁྲོ་ཕུ་ལོ་ཙཱ་བ་ལས་རིམ་པར་བོད་གངས་ཅན་གྱི་ལྗོངས་སུ་དར་”[20]བ་མ་ཟད། མི་ཏྲ་བརྒྱ་རྩའམ་མི་ཏྲ་ཛོ་ཀིའི་དཀྱིལ་འཁོར་བརྒྱ་རྩའི་སྒྲུབ་ཐབས་ཞེས་སུ་གྲགས་པའི་གསང་སྔགས་ཀྱི་ལུང་ཁུངས་ནི་གྲུབ་ཆེན་འདི་དང་ཁྲོ་ཕུ་ལོ་ཙཱ་བ་བརྒྱུད་དེ་བོད་དུ་དར་འཕེལ་བྱུང་བ་མ་ཟད། ཁྲོ་ཕུའི་མན་ངག་བརྒྱ་རྩ་བརྒྱད་ཀྱི་ཐོག་མའི་མཆེད་ཁུངས་ཀྱང་དེ་དག་ལ་གཞི་བཅོལ་བ་ཞིག་ཡིན་པ་ནི་གོར་མ་ཆག་གོ།
གསུམ་པ། པཎ་ཆེན་བུདྡྷཱ་ཤྲཱི་ལས་མདོ་སྔགས་ཀྱི་བཅུད་བཏུས་པའི་སྐོར།
        པཎ་ཆེན་བུདྡྷཱ་ཤྲཱི་ནི་བལ་ཡུལ་མཐིལ་གྱི་ཁོ་པོ་བྷ་ཡ་གྲ་མ་ཞེས་པར་ཡབ་ཁ་ཆེ་བའི་རིགས་ཡིན་པ་དང་། ཡུམ་རྒྱ་གར་གྱི་རིགས་ཡིན་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཁོང་གིས་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་ནས་རྒྱ་གར་གྱི་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན་མཁས་པའི་གྲགས་པ་ཐོབ་པ་ཞིག་ཏུ་གྱུར། སྐུ་ཚེའི་སྨད་ལ་བལ་ཡུལ་དུ་ཡུན་རིང་བཞུགས་ཏེ། ཕར་ཕྱིན་གྱི་བཀའ་ཁྲིད་དང་གསང་སྔགས་ཀྱི་གདམས་པ་སོགས་མང་དུ་གསུངས་པ་དང་། ཁྱད་པར་དུ་ཁྲོ་ཕུ་ལོ་ཙཱ་བ་དགུང་ལོ་ཉེར་བཞིར་ཕེབས་པ་དང་བལ་ཡུལ་དུ་ཞལ་མཇལ་ཏེ། ལོ་ལྔའི་རྗེས་སུ་རིམ་བཞིན་བོད་དུ་གདན་དྲངས་པའོ། །ཐོག་མར་ཁྲོ་ཕུ་ལོ་ཙཱ་བ་དགུང་ལོ་ཉེར་བཞིའི་སྐབས་པཎ་ཆེན་བལ་ཡུལ་དུ་ཞལ་མཇལ་ཞིང་། དེ་ནས་ལོ་ཙཱ་བས་སྔ་ཕྱིར་ལོ་ངོ་ལྔ་ཙམ་བར་མ་ཆད་པར་སྒོ་གསུམ་དང་བས་བསྟེ ན་ནས། སྔོན་དུ་རྒྱལ་བའི་ཡུམ་མངོན་རྟོགས་རྒྱན་གསན་པ་དང་། མངོན་རྟོགས་རྒྱན་གྱི་འགྲེལ་གསར་ལ་སོགས་ཀྱང་ཞུས། དེ་ནས་སྔགས་ཀྱི་རྡོ་རྗེ་འཕྲེང་བ་ལ་སོགས་པའི་ཕྱག་བཞེས་ཁྱད་པར་ཅན་རྣམས་བོད་དུ་དར་བའི་རྟེན་འབྲེལ་དང་། མུ་མཐུད་བྱམས་ཆེན་བཞེངས་པའི་མཐུན་རྐྱེན་ཡང་སྒྲུབ་སླད་པཎ་ཆེན་དེ་ཉིད་གདན་དྲངས་པ་སྟེ ། 《ཁྲོ་ཕུ་ལོ་ཙཱ་བའི་གསུང་ཐོར་བུ》ལས། “བླ་མ་པཎ་ཆེན་བུདྡྷཱ་ཤྲཱི་ནི་ལྕགས་ཕོ་སྤྲེལ་ལོ་ལ་བོད་དུ་བྱོན། ཁོང་ཉིད་ཀྱི་ལོ་རྟགས་ཀྱང་ལྕགས་ཕོ་སྤྲེལ་ཡིན། དགུང་ལོ་དྲུག་ཅུ་རྩ་གཅིག་བཞེས་པ་ལ་བྱོན།”[21]ཞེས་གསུངས་པ་ལྟར་རབ་བྱུང་གསུམ་པའི་ལྕགས་ཕོ་སྤྲེལ་(སྤྱི་ལོ་1200)ལོར་བོད་དུ་བྱོན་ནོ། །
        དེ་ནས་“པཎ་ཆེན་བུདྡྷཱ་ཤྲཱི་མཆོག་སྐྱིད་རོང་དུ་ཕེབས་པ་དང་། ཆོས་དང་ཟང་ཟིང་གིས་གདུལ་བྱའི་དོན་བསམ་གྱིས་མི་ཁྱབ་པ་མཛད། མང་ཡུལ་གྱི་འཕགས་པ་ཝརྟི་བཟང་པོའི་དྲུང་དུ་ཁྲོ་ཕུ་བྱམས་ཆེན་གྱི་དབུ་ཚད་སྐྱ་རིས་བཏབ། ལྟས་དང་བརྟག་པ་སོགས་པཎ་ཆེན་ཉིད་ཀྱིས་མཛད། དེ་ནས་ཕེབས་ལམ་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།”[22] དེ་ནས་བོད་རབ་བྱུང་གསུམ་པའི་ལྕགས་ཕོ་སྤྲེལ་ལོ་སྟེ ་(སྤྱི་ལོ་1200)ལོར་པཎ་ཆེན་བུདྡྷཱ་ཤྲཱི་དགུང་ལོ་རེ་གཅིག་ཏུ་ཕེབས་པའི་ཚེ་ཁྲོ་ཕུའི་གདན་སར་ཕེབས་ཤིང་། ཁྲོ་ཕུའི་བྱམས་ཆེན་བཞེངས་པའི་གནས་གཞི་བྱིན་གྱིས་བརླབས། ཁྱད་པར་དུ་ཁྲོ་ཕུ་དགོན་དུ་སློབ་མའི་ཚོགས་རྒྱ་ཆེར་འདུས་ཏེ། ལུང་རིགས་མན་ངག་གསུམ་གྱི་བཀའ་ཆོས་མང་དུ་གསུངས། དེ་ནས་ཆུ་མིག་རིང་མོ་དང་། ཚོང་འདུས་མགུར་མོ་སོགས་སུ་གཞུང་ཆེ་ཆུང་དུ་མའི་བཀའ་ཁྲིད་མཛད། མཐའ་མར་དབུས་སུ་གདན་འདྲེན་པ་མང་པོ་བྱུང་བ་ལ། ཁྲོ་ཕུ་ལོ་ཙཱ་བས་བྱམས་ཆེན་བཞེངས་པའི་སྟ་གོན་གྱིས་རབ་ཏུ་བྲེལ་བས། ཆག་ལོ་ཙཱ་བ་ལ་པཎ་ཆེན་དབུས་སུ་གདན་འདྲེན་པའི་ལོ་ཙཱར་བསྐུལ། དགེ་བཤེས་ཆག་ལོ་ཆོས་རྗེ་དཔལ་གྱིས་པཎ་ཆེན་བུདྡྷཱ་ཤྲཱི་དབུ་རུ་དང་གཡོ་རུ་སོགས་སུ་གདན་དྲངས་པས། དཔལ་དུས་ཀྱི་འཁོར་ལོའི་གདམས་པ་ཁྱད་པར་ཅན་མང་དུ་གནང་། དེ་ལྟར་སྔ་ཕྱིར་བོད་དུ་ལོ་གཅིག་དང་ལོ་ཕྱེད་ཙམ་བཞུགས་ཤིང་། མཐར་བོད་རབ་བྱུང་གསུམ་པའི་ཆུ་ཁྱི་(སྤྱི་ལོ་1202)ལོར་བལ་ཡུལ་དུ་ཕྱིར་ཕེབས་པའོ། །
        མདོར་ན། ཁྲོ་ཕུ་ལོ་ཙཱ་བས་ཁོང་གི་དྲུང་ལས་ཐུན་མོང་མ་ཡིན་པའི་གདམས་པ་མང་དུ་གསན་པ་སྟེ། རྒྱལ་བའི་ཡུམ་མངོན་རྟོ གས་རྒྱན་གྱི་འགྲེལ་གསར་ལ་སོགས་དང་། སྔགས་ཀྱི་རྡོ་རྗེ་འཕྲེང་བ་ལ་སོགས་པའི་ཕྱག་བཞེས་ཁྱད་པར་ཅན་མང་བར་ཞུས་པ་མ་ཟད། ལོ་མང་རིང་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་མི་ཉུང་བ་ཞིག་གསན་བསམ་མཛད། གཞན་ཡང་པཎ་ཆེན་དེ་ཉིད་ཀྱིས་མཛད་པའི་སེམས་རིན་པོ་ཆེ་སྦྱངས་པའི་ལམ་འབྲས་ཞེས་བྱ་བ་སོགས་མན་ངག་ཁྱད་པར་ཅན་མང་དུ་ཞུས་པ་དང་། ཆོས་སྤྱོད་བརྒྱ་རྩའི་མན་ངག་ཅེས་པ་སོགས་བོད་ཡིག་ཏུ་བསྒྱུར་གནང་བས། ཕྱིས་སུ་དེ་ནི་ཁྲོ་ཕུ་ལོ་ཙཱ་བའི་ལྟ་གྲུབ་སྟོ ན་པའི་གཞུང་ལུགས་ཀྱི་མཆེད་ཁུངས་གལ་ཆེན་ཞིག་ཏུ་གྱུར་པ་ལགས་སོ། །
བཞི་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་གདམས་ངག་གི་བཅུད་རྫོགས་པའི་སྐོར།
        དེ་ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “ཕྱི་དུས་བསྐལ་བཟང་སངས་རྒྱས་བདུན་པ་གང་། །རབ་གསལ་ཤཱཀྱ འི་བསྟན་ལ་ཚངས་སྤྱོད་པ། །ཁ་ཆེའི་མཁས་པ་ཤཱཀྱ ་ཤྲཱི་ཞེས། །འཕགས་པའི་ཡུལ་ན་རྩོད་མེད་སྡོམ་བརྩོན་པ། །ཁྲོ་ལོའི་དད་བརྩོན་མཁྱེན་པ་ཟླ་མེད་པས། །དབང་དུ་མཛད་དེ་བོད་ཡུལ་སྤྱན་དྲངས་པ།།”[23]ཞེས་གསུངས་པ་ལྟར་ཁ་ཆེ་པཎ་ཆེན་ནི་ཁྲོ་ཕུ་ལོ་ཙཱ་བས་བོད་རབ་བྱུང་གསུམ་པའི་ཤིང་བྱི་(སྤྱི་ལོ་1204)ལོར་བོད་དུ་གདན་དྲངས་པའོ། །སྤྱིར་ན་ཁ་ཆེ་པཎ་ཆེན་(1127-1225)བོད་དུ་བྱོན་པའི་སྐབས་སུ། རྒྱ་གར་དུ་ཏུ་རུས་ཀའི་དམག་[24]གིས་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་དང་། རིག་གནས་སྤྱི་ལ་བཙན་འཛུལ་བྱས་པ་དང་རྡུང་བརྡེག་ཕོག་ཚབས་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན་པ་དང་། དཔལ་ནཱ་ལེནྡྲ་གཙུག་ལག་ཁང་ཡང་ཁོང་གི་སྐུ་དུས་སུ་རྩ་མེད་དུ་སོང་བ་སྟེ། 《གཏམ་རྒྱུད་གསེར་ཐང》ལས། “ཀླ་ཀློའི་དམག་གིས་ཡུལ་དབུས་ཀྱི་ནཱ་ལེནྡྲ་སོགས་རྨེག་མེད་དུ་བཅོམ། པཎ་ཆེན་བོད་དུ་ཕེབས་པའི་ཕྱི་ལོ་དེར་ནཱ་ལེནྡྲར་ཀླ་ཀློའི་དམག་བྱུང་བའི་ལོ་རྒྱུས་དུས་དུམ་རེ་ཆག་ལོའི་ལམ་ཡིག་དང་། ས་སྐྱའི་བསེ་མགོན་གྱི་ལོ་རྒྱུས་སོགས་ན་གསལ།”[25]ཞེས་གསུངས་པ་ལྟར་དོན་དམ་དུ་ཁོང་ནི་སྐབས་དེར་རྒྱ་གར་གྱི་ནང་པའི་གཙུག་ལག་ཁང་ཆེན་མོ་ནཱ་ལེནྡྲའི་གཙུག་ལག་ཁང་ཡང་ཁོང་གི་སྐུ་དུས་སུ་རྩ་མེད་དུ་སོང་ཞིང་། ཁ་ཆེ་པཎ་ཆེན་ནི་དོན་དམ་དུ་དཔལ་ནཱ་ལེནྡྲའི་མཁན་པོ་མཐའ་མར་གྱུར་པ་ལགས་སོ། །
        དེ་བཞིན་ཁོང་གིས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་མཁན་རབས་མཐའ་མ་ཡང་མཛད་པ་སྟེ།《རྒྱ་གར་ཆོས་འབྱུང》ལས། “………དེ་རྗེས་ད་ན་རཀྵི་ཏས་མཛད། དེ་རྗེས་ཨ་བྷ་ཡཱ་རས་ཡུན་རིང་དུ་མཛད།དེ་རྗེས་བུ་བྷ་ཡཱ་ར་གུབ་ཏས་མཛད། དེའི་རྗེས་སུ་ན་ཡ་ཀ་པ་ཤྲཱིས་མཛད། དེ་རྗེས་ཆོས་འབྱུང་ཞི་བས་མཛད།དེ་རྗེས་ཁ་ཆེ་པཎ་ཆེན་ཤཱཀྱ ་ཤྲཱིས་མཛད། དེ་རྗེས་བི་ཀྲ་མ་ཤཱི་ལ་ནུབ་བོ། །”[26]ཞེས་གསུངས་པར་གཞིགས་ན་ཁ་ཆེ་པཎ་ཆེན་ནི་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་མཁན་རབས་མཐའ་མར་ཡང་གྱུར་ཅིང་། ཁོང་གི་སྐུ་དུས་སུ་ཁ་ཆེའི་དམག་གིས་བཙན་འཛུལ་འོག་ཏུ་སྲིད་ན་འགྲན་ཟླ་བྲལ་བའི་ནང་པའི་གཙུག་ལག་ཁང་དེ་དག་ཕལ་མོ་ཆེ་ཕམ་ཉེས་བྱུང་སྟེ་རྩ་སྟོངས་སུ་གྱུར་པ་དང་། ཁོང་རང་ཉིད་ཀྱང་རྒྱ་གར་ཡུལ་དབུས་སུ་བཞུགས་མ་ཕོད་པར་རིམ་བཞིན་བལ་བོད་ཀྱི་ས་མཚམས་སུ་པཎ་ཆུང་དགུ་སོགས་འཁོར་མང་པོ་དང་ལྷན་ཅིག་ཏུ་བྲོས་བྱོལ་ལ་ཕེབས་པས། དེ་ནི་ཁོང་ཉིད་བོད་དུ་ཕེབས་པའི་ཕྱི་རྐྱེན་ལྟ་བུར་གྱུར་པའོ། །
        དེང་འདིར་ལོ་རྒྱུས་ཐོག་ཁ་ཆེ་པཎ་ཆེན་བོད་དུ་བྱོན་པའི་སྐོར་ལ་རིག་པ་སྨྲ་བའི་ཁྲོད་དུ་བཞེད་ཚུལ་རིགས་གཉིས་ཏེ། ཕལ་མོ་ཆེས་ཁྲོ་ཕུ་ལོ་ཙཱ་བས་གདན་དྲངས་པས་བོད་དུ་ཕེབས་པར་བཞེད་པ་དང་། ཡང་ཁ་ཅིག་ན་རེ། སྐབས་དེར་ཁ་ཆེ་པཎ་ཆེན་བོད་དུ་བྲོས་ཕེབས་པ་དང་། ཁྲོ་ཕུ་ལོ་ཙཱ་བ་དང་ལམ་བར་དུ་སྟེས་དབང་གིས་ཞལ་མཇལ་ནས། སྟབས་འཁེལ་བས་ད་གཟོད་པཎ་ཆེན་བོད་དུ་ཕེབས་ཞེས་ཟེར། ཕྱི་མ་ལྟར་ན་སྤྱིར་སྐབས་དེའི་ཚེ་ན་རྒྱ་གར་དུ་ཁ་ཆེའི་ཆོས་ལུགས་ཀྱིས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་བསྣུབས་ཆེད་བཙན་འཛུལ་གྱི་དམག་དཔུང་མང་དུ་བཏེགས་པ་དང་། ནང་པའི་ཆོས་སྡེ་ཕལ་མོ་ཆེ་གཏོར་བཤིག་ཏུ་བཏང་བ། དགེ་འདུན་པའི་སྲོག་འཕྲོག་པ། སྐུ་གསུང་ཐུགས་རྟེན་རྨེག་མེད་དུ་བཅོམ་པ་སོགས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་བས། མཐར་ཁ་ཆེ་པཎ་ཆེན་ཡུལ་དབུས་ཀྱི་ནཱ་ལེནྡྲ་གཙུག་ལག་ཁང་དུ་བཞུགས་མ་ཚུགས་པར་རང་རེ་བོད་ཀྱི་ས་མཚམས་སུ་བྲོས་བྱོལ་དུ་ཕེབས་པ་དང་། བོད་དུ་སངས་རྒྱས་བསྟན་པ་སྤེལ་དགོས་དགོངས་ཏེ། བཻཌཱུརྱའི་ཚོང་འདུས་ཞེས་པར་བཞུགས་པའི་ཚེ། གནས་དེར་ཁྲོ་ཕུ་ལོ་ཙཱ་བ་དང་མཇལ་བས་ན། ཕྱི་མ་ལྟར་རྐྱེན་ངན་གྲོགས་ཤར་གྱི་ཚུལ་དུ་སླར་བོད་དུ་སངས་རྒྱས་ཆོས་ལུགས་སྤེལ་བར་ཕེབས་པར་འདོད་པ་ནི་ཁོ་བོས་འཐད་པར་མི་སེམས་ཏེ། སྐབས་དེར་རྒྱ་གར་ཡོངས་སུ་སངས་རྒྱས་ཆོས་ལུགས་ཉམས་རྒུད་ཚབས་ཆེན་བྱུང་བའི་དུས་སྐབས་ཤིག་ཡིན་པས། “ཁ་ཆེ་པཎ་ཆེན་དགུང་ལོ་བདུན་ཅུ་རྩ་བརྒྱད་ལ་བྱོན་པའི་ཚེ་ན་རྒྱ་གར་ནུབ་ཕྱོགས་ཀྱི་ཏ་སིག་ཨ་རབ་པའི་དམག་གིས་ནུབ་ཕྱོགས་ཀྱི་བརྒྱུད་ནས་སིན་དུའི་བརྒྱུད་དང་རྒྱ་གར་ནུབ་ནས་དབུས་ཕྱོགས་དང་ལྷོ་ཕྱོགས་བཅས་དབང་དུ་བསྡུས་ནས་ཏ་སིག་གི་ཆོས་སྤེལ་ནས་ནང་བསྟན་ནུབ་ཏུ་ཉེ་བ་ན་རྒྱ་གར་གྱི་མཁས་པ་མང་པོ་ཞིག་རྒྱ་གར་ཤར་དང་བྱང་ཕྱོགས་སུ་བྲོས་ཕེབས་གྲས་སུ་ཁ་ཆེ་པཎ་ཆེན་ཡང་བལ་བོད་མཚམས་གྲོ་མོའི་ངོས་སུ་ལོ་གཅིག་བཞུགས།”[27] དེར་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཕྱོགས་གང་སར་པཎ་ཆེན་རྩད་གཅོད་པར་ཕེབས་པ་དང་། མཐའ་མར་ཞལ་མཇལ་ནས་སྤྱན་འདྲེན་ཞུས་པ་ལྟར་གྲོ་མོའི་ལ་མོ་བརྒྱུད་དགུང་ལོ་བདུན་ཅུ་དོན་བརྒྱད་པ་རབ་བྱུང་བཞི་པའི་ཤིང་ཕོ་བྱི་བའི་ལོར་(སྤྱི་ལོ་1204)བོད་དུ་བྱོན་པ་ཞིག་ཡིན་པས། ཁོང་རྣམ་གཉིས་ནི་བྱ་རྡོ་ལམ་འཕྲད་ཇི་བཞིན་ཞལ་འཛོམས་ཐོག་བོད་དུ་ཕེབས་པ་ལས། དོན་དུ་ཁྲོ་ཕུ་ལོ་ཙཱ་བས་ཆེད་མངགས་གདན་འདྲེན་པར་བྱོན་མེད་ཅེས་པ་ནི་བབ་ཅོལ་གྱི་གཏམ་དུ་ཟད་དོ། ། 
        མདོར་ན། འབྲི་གུང་སྤྱན་སྔ་ཆོས་རྗེའི་ཞལ་ལས། “བོད་དུ་སྔ་དར་ལ་དྲིན་ཆེ་བ་མཁན་ཆེན་དང་། ཕྱི་དར་ལ་དྲིན་ཆེ་བ་ཇོ་བོ་དང་ཁ་ཆེ་པཎ་ཆེན་གསུམ་མོ། །”[28]ཞེས་གསུངས་པ་ལྟར་། ཁ་ཆེ་པཎ་ཆེན་གྱིས་འདུལ་བའི་སྡོམ་རྒྱུན་གྱི་བཀའ་བབས་པའི་སློབ་མ་བྱང་རྡོར་ས་གསུམ་[29]ལས་བརྒྱུད་དེ། བོད་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་ཁ་ཆེའི་སྡོམ་རྒྱུན་སྤེལ་བས། དེ་ནས་བཟུང་བོད་ཀྱི་འདུལ་འཛིན་མཁས་གྲུབ་མང་པོས་སྡོམ་རྒྱུན་འདི་ཉིད་བཞེས་པར་བརྟེན། ཚོགས་པ་སྡེ་བཞི་[30]སོགས་ལས་བརྒྱུད་པའི་སྡོམ་རྒྱུན་རྣམ་པར་དག་པ་འཕེལ་ཞིང་རྒྱས་ལ། ངུར་སྨྲིག་རྒྱལ་མཚན་འཆང་བས་གངས་ཅན་གྱི་ས་ཆེན་པོ་ཡོངས་སུ་ཁྱབ་པར་མཛད་དེ། དུས་ད་ལྟའི་བར་དེའི་སྡོམ་རྒྱུན་མ་ཆད་པར་གནས་པ་འདི་ཡང་པཎ་གྲུབ་འདི་ཉིད་ཀྱི་བཀའ་དྲིན་ཉག་ཅིག་ཏུ་འཁུམས་སོ། །
        དེ་ལྟར་ཁ་ཆེ་པཎ་ཆེན་(1127-1225)བོད་དུ་གདན་དྲངས་རྗེས། “ལོ་དེ་རང་ལ་ཁྲོ་ཕུར་དབྱར་གནས་མཛད་པའི་ཚུལ་ཤིང་ལེན་མི་བརྒྱད་བརྒྱ་ལྷག་ཙམ་བྱུང་།”[31] ཤེར་ཕྱིན་བརྒྱད་སྟོང་པའི་ལུང་དང་། སོ་ཐར་གྱི་སྡོམ་པ་དང་གཞི་གསུམ་གྱི་ཆོ་གའི་ལུང་ཡང་རྒྱས་པར་གནང་། གཞན་ཡང་དབུ་མ་རིགས་ཚོགས་དྲུག་སོགས་ཆོས་མང་དུ་གསུངས། པཎ་ཆེན་དེ་ཉིད་གཙང་དུ་ལོ་བཞི་དང་། དབུས་སུ་ལོ་བཞི། ཡར་ལམ་གཙང་དང་མངའ་རིས་སུ་ལོ་ངོ་གཉིས་བཅས་ཁྱོན་ལོ་ངོ་བཅུ་བོད་དུ་བཞུགས་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསུངས་པའི་ལོ་ཙཱ་ཐམས་ཅད་ཁྲོ་ཕུ་ལོ་ཙཱ་བ་ཁོ་ནས་མཛད། “དེ་དུས་བོད་དུ་ལོ་ཙཱ་བའི་མཚན་ཐོགས་པ་མང་དུ་ཡོད་ཀྱང་ཁྲོ་ཕུ་ལོ་ཙཱ་བ་སྐུ་མདུན་དུ་བཞུགས་མེད་དུས་པཎ་ཆེན་གྱིས་ཆོས་གཏན་ནས་མི་གསུང་ཞིང་། ངའི་མ་ཧཱ་ལོ་ཙཱ་བ་འདི་ལྟ་བུ་བོད་ན་ཡོད་པ་འདི་བོད་མི་རྣམས་བསོད་ནམས་ཆེན་པོ་ཡིན་གསུངས་ནས་ཚད་མཐོའི་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་གནང་།”[32] དེ་ལྟར་ཁྲོ་ཕུ་ལོ་ཙཱ་བས་པཎ་ཆེན་ཉིད་ཀྱི་དྲུང་ནས་ཐུན་མོང་མ་ཡིན་པའི་ཆོས་སྐོར་ཡང་མང་དུ་གསན་པ་དང་། ལྟ་སྤྱོད་རྣམ་དག་གི་མན་ངག་དང་། སྐྱིད་སྡུག་ལམ་འཁྱེར་གྱི་གདམས་པ། གཞན་ཡང་མདོ་སྔགས་ཀྱི་གདམས་པ་ཇི་སྙེད་ཅིག་བུམ་པ་གང་བྱོའི་ཚུལ་དུ་ཁྲོ་ཕུ་ལོ་ཙཱ་བར་གནང་ཞིང་། ཁྱད་པར་དུ་མན་ངག་གི་སྐོར་རྣམས་གདམས་པ་ཆིག་བརྒྱུད་ཀྱི་ཚུལ་དུ་ཁྲོ་ལོ་གཅིག་པུར་བསྩལ་བ་སྟེ། “སངས་རྒྱས་བདུན་པ་རབ་གསལ་གྱི་རྣམ་རོལ་ཁ་ཆེའི་པཎྜིཏ་ཤཱཀྱ ་ཤྲཱི་བྷ་དྲས། བོད་དུ་སྔགས་ལ་བཀའ་བབས་པ་དཔྱལ་པ་ཆོས་བཟང་། མན་ངག་ལ་བཀའ་བབས་པ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། ཚད་མ་དང་བརྡ་སྤྲོད་པ་ལ་བཀའ་བབས་པ་ས་སྐྱ་པཎྜིཏ། འདུལ་བ་བདུད་རྩིའི་ཉིང་ཁུ་ལ་བཀའ་བབས་པ་བྱང་རྡོར་རྣམ་གཉིས།”[33] ཞེས་ཡོངས་སུ་གྲགས་པ་ལྟར་ཁ་ཆེ་པཎ་ཆེན་གྱི་དངོས་སློབ་ལས་བོད་དུ་མན་ངག་ལ་བཀའ་བབས་པ་ནི་ཁྲོ་ཕུ་ལོ་ཙཱ་བ་ཁོ་ན་ཡིན་ཞིང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་(1737-1802)ཀྱང་། “ཁྲོ་ཕུའི་མན་ངག་བརྒྱ་རྩའི་ནང་ཚན་པཎ་ཆེན་ཤཱཀྱ ་ཤྲཱིས་ཡུལ་འཁོར་རྣམས་སུ་ཐོར་བུ་གསུངས་པའི་སྐོར་”[34]ཞེས་གསུངས་པ་ལྟར་ཁྲོ་ཕུ་ལོ་ཙཱ་བས་མན་ངག་བརྒྱ་རྩ་བརྒྱད་མཛད་པ་དེའི་མཆེད་ཁུངས་ཕལ་མོ་ཆེ་ནི་ཁ་ཆེ་པཎ་ཆེན་གྱི་གདམས་པ་ཡིན་ལ། དེ་དག་གི་དགོངས་གཞི་ཡང་མཐར་གཏུགས་ན་བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་ལྟ་གྲུབ་སྟོན་པ་འབའ་ཞིག་གོ །
        མདོ་དོན་སྙི ང་པོར། ཁྲོ་ཕུ་ལོ་ཙཱ་བས་བྱམས་པའི་དཔལ་གྱིས་སྐབས་དེར་པཎ་གྲུབ་རྣམ་གསུམ་སྔ་ཕྱིར་བོད་དུ་སྤྱན་དྲངས་ཏེ། ཁོང་རྣམ་པའི་ཟབ་མོའི་ལྟ་གྲུབ་སྟོ ན་པའི་མན་ངག་དང་། ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་གདམས་པ། དཀྱིལ་འཁོར་གྱི་སྒྲུབ་ཐབས་སོགས་ལ་གཞི་ཁུངས་གཏུགས་ཤིང་། ཁྲོ་ཕུ་བཀའ་བརྒྱུད་ཀྱི་གོང་མ་རྒྱལ་ཚ་རིན་ཆེན་མགོན་དང་། ཀུན་ལྡན་རས་པ་རྣམ་གཉིས་སོགས་ལས་ཁྲོ་ཕུའི་མན་ངག་བརྒྱ་དང་སོ་དྲུག་དང་། བཀའ་བབས་བཅུ་གསུམ་སོགས་ཀྱིས་མཚོན་པའི་བཀའ་བརྒྱུད་གོང་མ་རིམ་བྱོན་གྱི་ཟབ་མོ་ཕྱག་རྒྱ་ཆེན་པོའི་ལྟ་དགོངས། དེ་བཞིན་འབྲི་གུང་ཆོས་རྗེ་སོགས་བཀའ་བརྒྱུད་པའི་ཆོས་བརྒྱུད་གཞན་གྱི་བླ་མའི་དྲུང་ནས་ཕྱག་རྒྱ་ཆེན་པོའི་ལྟ་གྲུབ་མཐའ་ཡས་པར་གསན་བསམ་རྒྱ་ཆེར་མཛད་དེ། ཁྲོ་ཕུ་བཀའ་བརྒྱུད་ཀྱི་ལྟ་གྲུབ་སྟོན་པའི་གཞུང་ལུགས་ཏེ་མན་ངག་བརྒྱ་རྩ་བརྒྱད་དང་། སྙི ང་གཏམ་བཞི་གསུམ་བཅུ་གཉིས། སྐྱིད་སྡུག་ལམ་འཁྱེར་གྱི་གདམས་པ་སོགས་མང་དུ་མཛད་པ་དང་། གདན་ས་ཁྲོ་ཕུ་དགོན་དུ་ལྟ་གྲུབ་སྤེལ་བའི་བཤད་གྲྭ་གསར་དུ་བཙུགས་པ་མ་ཟད། ལྟ་བའི་འགྲེལ་ཆེན་སོགས་མི་ཉུང་བ་ཞིག་དར་བས། སྐབས་དེ་ཤེད་ནས་ཁྲོ་ཕུ་བཀའ་བརྒྱུད་པའི་ལྟ་གྲུབ་ཀྱི་གཞི་རྐང་ཡོངས་སུ་ཚུགས་པ་ལགས་སོ། །
        མཆན་འགྲེལ།
        [1] བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991ལོའི་ཟླ་6 ཤ210
        [2] འཇམ་དབྱངས་བླ་མ་ས་སྐྱ་པཎ་ཆེན། མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་རང་འགྲེལ་དཔེ་བསྡུར་མ་བཞུགས་སོ། ། [M] ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས། (ནང་ཁུལ་དཔྱད་ཡིག) ཤ4
        [3] གསལ་བཤད་ཞུ་རྒྱུར། འདིར་ཚིགས་བཅད་ཀྱི་དབང་དུ་བྱས་ན་སྡེབ་སྦྱོར་ཉམས་པའི་སྐྱོན་དུ་མཐོང་ཡང་། མ་ཡིག་གི་དཔེ་རྙིང་བྲིས་མའི་ནང་དུ་གོང་ལྟར་དུ་འཁོད། ཁོ་བོས་དགོས་མེད་ཀྱི་དག་བཅོས་བྱེད་མ་ཕོད་པར་རང་སོར་བཞག་པའོ། །
        [4] གྲོ ་སྟོ ན་བདུད་རྩི་གྲགས། ཁྲོ་ཕུ་ལོ་ཙཱ་བའི་རྣམ་ཐར་དཔག་བསམ་འཁྲི་ཤིང་མ་བཞུགས་སོ། [M] དཔེ་རྙིང་དབུ་མེད་བྲིས་མ། ཤ1-2
        [5] སྒྲུབ་ཐབས་ལ་སྤྱིར་སྦྱོར་ལུགས་ལྔ་ཡོད་དེ། རྩ་བ་སྒྲུབ་ཐབས་དང་སྦྱོར། སྒྲུབ་ཐབས་འཕྲིན་ལས་དང་སྦྱོར། འཕྲིན་ལས་སྒོམ་ཁོག་དང་སྦྱོར། སྒོམ་ཁོག་ཏིང་ངེ་འཛིན་དང་སྦྱོར། ཏིང་ངེ་འཛིན་ངག་དང་སྦྱོར་བ་བཅས་ལྔའོ་ཞེས་《དུང་དཀར་ཚིག་མཛོད་ཆེན་མོ》 ལས་གསུངས་སོ། །
        [6] དྭགས་ལྷ་སྒམ་པོ་དགོན་གྱིས་ཕྱོགས་སྒྲིག་མཛད་པའི་《ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་མཉམ་མེད་སྒམ་པོ་པའི་གསུང་འབུམ་ཡིད་བཞིན་ནོར་བུ》ཞེས་པ་གླེགས་བམ་བཞིའི་བདག་ཉིད་ཅན་(ནང་ཁུལ་དཔྱད་ཡིག)ནང་དུ་རྒྱས་པར་འཁོད་པའོ། །
        [7] བསོད་ནམས་རྒྱལ་བ། ཁྲོ་ཕུ་ལོ་ཙཱ་བ་ཆེན་མོའི་རྣམ་པར་ཐར་པ་འཁྲི་ཤིང་མ་བཞུགས་སོ། [M] དཔེ་རྙིང་དབུ་མེད་བྲིས་མ། ཤ16
        [8] འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྨད་ཆ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ་1 ཤ831
        [9] རྟ་ཚག་ཚེ་དབང་རྒྱལ། ལྷོ ་རོང་ཆོས་འབྱུང་། [M] གངས་ཅན་རིག་མཛོད། པོད་ཉེར་དྲུག་པ། 2013ལོའི་ཟླ་8 ཤ321
        [10] ཕུན་ཚོགས་ཚེ་རིང་། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱི་མཛད་རྣམ་ལས་འཕྲོས་པའི་གཏམ། [J] བོད་ལྗོངས་ཞིབ་འཇུག 2016ལོའི་དུས་དེབ་དང་པོ། ཤ77-88
        [11] འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྨད་ཆ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ་1 ཤ830
        [12] འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྨད་ཆ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ་1 ཤ832
        [13] ངོ་མཚར་གྱི་རྣམ་ཐར་བཅོ་བརྒྱད་ཅེས་པ་ནི། གྲུབ་ཆེན་མི་ཏྲ་ཛོ་ཀིས་གསུངས་པའི་ཆོས་རྣམས་ཀྱི་ལོ་རྒྱུས་དང་སྦྱར་བའི་སྐུ་ཚེ་ཧྲིལ་པོའི་མཛད་པ་བཅོ་བརྒྱད་བྱུང་བའི་ཤོད་རྒྱུན་ཡོད་ལ། དེ་དག་ནི་ཞིབ་པར་《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》ཞེས་པའི་ནང་དུ་བཏུས་པའི་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་《སློབ་དཔོན་མི་ཏྲ་ཛོ་ཀིའི་རྟོགས་བརྗོད》ཅེས་པར་ཚིགས་སུ་བཅད་པའི་ལམ་ནས་བསྟན་ཡོད་པས། འདིར་ཡིག་ཚོགས་ལ་འཇིགས་ནས། ད་ལམ་རེ་རེ་བཞིན་མ་བཀོད་དོ། །
        [14] བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ། སློབ་དཔོན་མི་ཏྲ་ཛོ་ཀའི་རྟོགས་བརྗོད། [M] གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། སྨད་ཆ། [G] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ་3 ཤ198
        [15] བླ ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ། སློབ་དཔོན་མི་ཏྲ་ཛོ་ཀའི་རྟོགས་བརྗོད། [M] གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། སྨད་ཆ། [G] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ་3 ཤ198-199
        [16] དཔལ་ལྡན་རིན་ཆེན། པཎ་གྲུབ་གསུམ་གྱི་རྣམ་ཐར་དཔག་བསམ་འཁྲི་ཤིང་། [M] དཔེ་རྙིང་ཤིང་པར་མ། ཤ28
        [17] དཔལ་ལྡན་རིན་ཆེན། པཎ་གྲུབ་གསུམ་གྱི་རྣམ་ཐར་དཔག་བསམ་འཁྲི་ཤིང་། [M] དཔེ་རྙིང་ཤིང་པར་མ། ཤ28
        [18] བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ། སློབ་དཔོན་མི་ཏྲ་ཛོ་ཀའི་རྟོགས་བརྗོད། [M] གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། སྨད་ཆ། [G] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ་3 ཤ199
        [19] དཔལ་ལྡན་རིན་ཆེན། པཎ་གྲུབ་གསུམ་གྱི་རྣམ་ཐར་དཔག་བསམ་འཁྲི་ཤིང་མ་བཞུགས་སོ། ། [M] དཔེ་རྙིང་ཤིང་དཔར་མ། ཤ31
        [20] ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་ ཟླ་9 ཤ360
        [21] ཁྲོ་ཕུ་ལོ་ཙཱ་བ། ཁྲོ་ཕུ་ལོ་ཙཱ་བའི་གསུང་ཐོར་བུ། [M] དཔེ་རྙིང་དབུ་མེད་བྲིས་མ། ཤ108
        [22] བསོད་ནམས་རྒྱལ་བ། ཁྲོ་ཕུ་ལོ་ཙཱ་བའི་རྣམ་ཐར་དཔག་བསམ་འཁྲི་ཤིང་མ་བཞུགས་སོ། ། [M] དཔེ་རྙིང་དབུ་མེད་བྲིས་མ། ཤ22
        [23] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོ ན། [M] མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ་3 ཤ242
        [24] ཏུ་རུས་ཀའམ་དུ་རུ་ཀ་ཞེས་པ་ནི་རྒྱ་སྐད་དུ་(土耳其)ཞེས་པའི་རྒྱལ་ཁབ་ལ་གོ་ཞིང་། དེ་ནི་སྔར་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་ལ། ཁུལ་དེར་བར་སྐབས་ཤིག་རིང་སངས་རྒྱས་ཆོས་ལུགས་དར་ཡང་། ཕྱིས་ཕལ་མོ་ཆེ་ནི་ཁ་ཆེའི་ཆོས་ལུགས་ལ་དད་པའོ། །
        [25] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་དང་པོ། [M] གངས་ཅན་རིག་མཛོད། པོད་བཅུ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོའི་ཟླ་2 ཤ355-356
        [26] ཇོ་ནང་ཏཱ་ར་ནཱ་ཐ། རྒྱ་གར་ཆོས་འབྱུང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986ལོའི་ཟླ་3 ཤ305
        [27] ར་སེ་དཀོན་མཆོག་རྒྱ་མཚོ། འབྲི་གུང་ཆོས་འབྱུང་། [M] མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་2 ཤ224
        [28] འབྲི་གུང་བསྟན་འཛིན་པདྨའི་རྒྱལ་མཚན། འབྲི་གུང་གདན་རབས་གསེར་ཕྲེང་། [M] གངས་ཅན་རིག་མཛོད། པོད་བརྒྱད་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013ལོའི་ཟླ་7 ཤ148
        [29] བྱང་རྡོར་ས་གསུམ་ཞེས་པ་ནི་ཁ་ཆེ་པཎ་ཆེན་གྱི་སྡོམ་རྒྱུན་བོད་དུ་སྤེལ་བའི་སློབ་མའི་མཆོག་གྱུར་གསུམ་སྟེ། གཙང་པ་བྱང་ཆུབ་དཔལ། དབུས་པ་རྡོ་རྗེ་དཔལ། ས་སྐྱ་པཎྜིཏ་བཅས་གསུམ་ལ་གོའོ། །
        [30] ཚོགས་པ་སྡེ་བཞི་ནི་ཐོག་མར་ཁ་ཆེ་པཎ་ཆེན་གྱིས་ལུང་བསྟན་ལྟར་པཎ་ཆེན་གྱི་དངོས་སློབ་བྱང་ཆུབ་དཔལ་དང་། རྡོ་རྗེ་དཔལ་རྣམ་གཉིས་སོགས་ཀྱིས་དུས་རབས་བཅུ་གསུམ་པའི་ནང་ཕྱག་བཏབ་པའི་པཎ་ཆེན་གྱི་སྡོམ་རྒྱུན་སྤེལ་བའི་དགོན་སྡེ་བཞི་ལ་ཟེར་ཞིང་། གྲངས་བཞིར་འདོད་པ་ཡང་རྩ་བའི་སྡེ་པ་བཞིའི་རྟེ ན་འབྲེལ་ཡིན་པར་གསུངས། ཚོགས་པ་སྡེ་བཞིའི་རྣམ་གྲངས་འདྲེན་ཚུལ་སྐོར་ལ་ཆོས་འབྱུང་ཁག་ནང་བཞེད་ཚུལ་མི་མཐུན་པ་མང་དུ་སྣང་ཡང་། འདིར་《དུང་དཀར་ཚིག་མཛོད་ཆེན་མོ》ལས་གསུངས་པ་ལྟར་ཚོགས་ཆེན་པ་དང་། ཚོགས་པ་བྱེ་རྫིང་པ། ཚོགས་དགེ་འདུན་སྒང་པ། ཚོགས་ཆོས་ལུང་པ་བཅས་བཞིར་འདོད་དོ། །
        [31] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་བཞུགས་སོ། ། པོད་བཅུ་གཉིས་པ། [M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོའི་ཟླ་9 ཤ281
        [32] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོའི་ཟླ་9 ཤ415
        [33] ངག་འཕྲིན་སོགས། བོད་ཀྱི་གནས་ཡིག་བདམས་བསྒྲིགས། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། [M] 2012ལོའི་ ཟླ་2 ཤ365
        [34] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ་7 ཤ153

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1