ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་གཅིག་འཁོར་བར་རྟེན་འབྲེལ་ཞུ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་འཚོགས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 10-09
ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་འཚོགས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་གཅིག་འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་ལྔ་བརྒྱ་ཙམ་དང་དགའ་འཛོམས་གནང་ནས། སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།
མི་དམངས་ཚོགས་ཁང་ཆེ་མོའི་གསོལ་སྟོན་ཚོམས་ཆེན་དུ་མེ་ཏོག་རྣམ་པར་བཞད་པ་དང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཀྲུའུ་སྟེགས་བུའི་སྟེང་བརྗིད་ཉམས་ལྡན་པའི་རྒྱལ་རྟགས་མཐོན་པོར་བཀལ་ནས། “1949ལོ་ནས་2020ལོའི་བར”གྱི་ལོ་རྟགས་དེ་དམར་མདངས་བཀྲ་བའི་དར་དམར་འོག་དེ་བས་མངོན་གསལ་དོད་པོ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཤིས་ཚིག་ཕུལ་བ་དང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། སྤུན་ཟླ་ཞང་ཀང་པ་དང་ཨའོ་མོན་པ། སྤུན་ཟླ་ཐའེ་ཝན་པ། ཕྱིར་སྡོད་རང་མི་བཅས་ལ་མཛའ་བརྩེའི་འཚམས་འདྲི་ཞུས་པར་མ་ཟད། ཀྲུང་གོའི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།
ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་གསར་པའི་ལོ་ངོ་དོན་གཅིག་རིང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་བརྩོན་བྱས་པའི་ལོ་རྒྱུས་ཤིག་དང་། རྒྱལ་ཁབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཆེས་ཆེར་འཕར་བའི་འོད་སྟོང་འབར་བའི་ལོ་རྒྱུས་ཤིག་རེད། ད་ལོ་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་སྤྱིར་བཏང་ཞིག་གཏན་ནས་མིན། གློ་བུར་དུ་བྱུང་བའི་གློ་ཚད་ཀྱི་རིམས་ནད་གསར་པ་དང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་སོང་བ་ལས་བྱུང་བའི་ཕོག་ཐུག་ཚབས་ཆེན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་བཞག་ནས། རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ནད་གདོན་དང་འཐབ་འཛིང་བྱེད་པ་དང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རང་སྲོག་བློས་གཏོང་ཆེན་པོ་བྱས་ནས་རིམས་ནད་འགོག་པའི་འཐབ་རྩོད་ཀྱི་འཐབ་ཇུས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། “བརྟན་འཇགས་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ། དཀའ་ངལ་སེལ་བའི་གཞི་ཁྱོན་རང་བཞིན་གྱི་སྲིད་ཇུས་དུས་ཐོག་ཏུ་བཏོན་པ་དང་། ལག་བསྟར་ལམ་སྲོལ་གསར་གཏོད་བྱས་ནས་ཁེ་ལས་ལ་ཐད་ཀར་ཕན་པ་དང་དམངས་ལ་ཕན་པ་བསྐྲུན་ཡོད། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་གྱི་གཞི་རྩའི་གནས་ཚུལ་བརྟན་པོ་ཡོང་བར་བྱས་ལ། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཧ་ཅང་ཆེན་པོ་ཐེག་ཐུབ་པ་བྱུང་བས་དབུལ་ཐར་མཁྲེགས་གཏོར་ལ་སྔར་ལས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། མི་དམངས་ཀྱི་འཚོ་བར་འགན་སྲུང་ནུས་ལྡན་ཐོབ་ཡོད་པར་མ་ཟད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སེམས་ཤུགས་ཆེན་པོ་མངོན་པར་བརྟེན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེན་པོ་ཡིན་ཟེར།
ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་འཕེལ་རྒྱས་ལ་ཕྱི་ནང་གི་རྐྱེན་སྣ་ཚོགས་དང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དངོས་ནས་རྐང་འཛུགས་པ། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་པ་དང་ཡིད་ཆེས་བརྟན་པོ། འགྲན་སློང་ལ་ཁ་གཏད་བཅས་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་མུ་མཐུད་ཡག་པོ་བྱེད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ཁྲོམ་རའི་བྱེད་པོ་དཀའ་གནད་ལས་སྒྲོལ་བ་དང་སྐྱེ་སྟོབས་སླར་གསོ་བྱེད་རོགས་བྱས་ཏེ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་འཚོ་འགན་ལེན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་མང་དུ་གཏོང་དགོས། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སློབ་གྲྭར་འགྲོ་བ་དང་སྨན་པ་བསྟེན་པ། རྒན་གསོ། བུ་བཅོལ་སོགས་ཐད་ཀྱི་དོན་དངོས་ཡག་པོ་བསྒྲུབས་ནས། རིམས་ནད་དང་ཆུ་ལོག་གི་གནོད་འཚེ་ཕོག་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་འགན་ལེན་ཡག་པོ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་འགན་ལེན་བྱེད་དགོས། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་དེ་བས་ཆེ་བ་འཕེལ་བར་བྱེད་དགོས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱལ་ཡོངས་གོང་འོག་ཚང་མས་འབད་འབུངས་ལྷུར་ལེན་བྱས་ནས། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་གཙོ་བོ་མངོན་འགྱུར་གང་ཐུབ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པར་བྱེད་དགོས་ཟེར།