༄༅།།བྱང་ཚད་ལྡན་པའི་སློབ་མ་ཇི་ལྟར་སྐྱོང་ཐབས་སྐོར་གྱི་བསམ་གཞིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 10-13



          ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་དང་མ་འོངས་པའི་བདག་པོ་རེད། ཏང་དང་རྒྱལ་ཁབ་ཀྱིས་ལོ་ཆུང་བྱིས་པའི་སློབ་གསོར་མཐོང་ཆེན་གྱིས་ཁོ་ཚོའི་རྨང་གཞིའི་སློབ་གསོ་ཡག་པོ་ཡོང་ཆེད་འཆར་གཞི་རབ་དང་རིམ་པ་བཀོད་ནས་འགྲོ་གྲོན་དང་། ལྟ་སྐུལ། ཆ་རྐྱེན་སོགས་གང་སྤྱིའི་ཐད་མཐུན་རྐྱེན་མང་པོ་སྐྲུན་བཞིན་ཡོད་པ་རེད།
          དཀར་གཙང་ཤོག་ལྷེ་འདྲ་བའི་ལོ་ཆུང་བྱིས་པའི་སེམས་པར་ནག་ནོག་དྲི་ཡིས་མི་སྦགས་སླད། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་པོ་དང་བྱང་ཚད་སློབ་གསོ་གཏིང་ཟབ་གཏོང་དགོས་པའི་འབོད་སྐུལ་ས་ཕྱོགས་གང་སར་གྲགས། དེས་ན་ང་ཚོ་སློབ་གསོའི་འཐབ་ས་མདུན་མར་ཡོད་པའི་སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས་བརྗོད་ན། སློབ་མའི་བསམ་སྤྱོད་ཤེས་གསུམ་ཚང་མར་རྨང་གཞི་ལེགས་པོ་ཞིག་ཡོང་བར་བརྩོན་རྒྱུ་ནི་དོར་མེད་ཀྱི་འགན་འཁྲི་ལྕི་པོ་ཞིག་ཡིན་པས། རང་ཉིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ནི་སྨོས་མེད་ལགས། འོ་ན་ང་ཚོས་སྦྱངས་འབྲས་ལེགས་ལ་ཀུན་སྤྱོད་བཟང་བའི་སློབ་མ་གསོ་སྐྱོང་ཇི་ལྟར་བྱེད་དགོས་སམ་ཞེ་ན། ཁོ་བོས་རྨོངས་བསམ་གྱི་དྲན་འཆར་དང་ལོ་མང་གི་ཉམས་མྱོང་དགའ་ཅུང་ཟད་བརྗོད་པར་འདོད།
          གཅིག སློབ་མའི་རང་གཤིས་ལ་རྒྱུས་མངའ་དང་བརྩི་བཀུར་བྱེད་དགོས།
          སློབ་གསོ་ནི་མི་གཞན་ལ་གཅེས་སྐྱོང་དང་བརྩེ་བ་འཛིན་པའི་ལས་དོན་ཞིག་ཡིན་པས་ལྷག་བསམ་རྣམ་དག་གི་བརྩེ་བ་ལས་སློབ་མའི་ཤེས་རབ་ཀྱི་བློ་སྒོ་འབྱེད་ཐུབ། སྐད་གྲགས་ཆེ་བའི་སློབ་གསོ་པ་སུའུ་ཧུ་སི་ཅིས་ཀྱང་སློབ་གསོའི་རྟོགས་དཀའ་བའི་བྱ་བ་ཡོད་ཚད་སློབ་མར་བདག་གཅེས་སྐྱོང་གསུམ་ཇི་ལྟར་བྱེད་པ་དེ་ཡིན་ཞེས་པ་ལྟར་དགེ་སློབ་གཉིས་དབར་གྱི་འཚོ་བ་དང་དོན་དངོས་ཁྲོད་ཕན་ཚུན་རྒྱུས་མངའ་དང་བརྩེ་དུང་མེད་ཚེ་སློབ་གསོའི་བྱ་བ་སྤེལ་ཐབས་བྲལ། རྒྱུ་རྐྱེན་དེའི་དབང་གིས་སློབ་གསོའི་ལས་དོན་པ་ཚང་མས་རྨང་གཞི་ཞན་པའི་སློབ་མའམ་ཀུན་སྤྱོད་ཞན་པའི་སློབ་མ་གང་ཞིག་ལའང་ཕྱོགས་ལྷུང་གི་ལྟ་ཚུལ་མི་འཛིན་པར་ཤ་ཚ་དང། བདག་སྐྱོང་། ཡིད་ཆེས་དང་བཅས་ལྷག་བསམ་རྣམ་དག་ངང་ཁོ་ཚོར་འཇམ་རྩུབ་གཉིས་ལྡན་གྱི་སློབ་གསོ་རྒྱག་རྒྱུ་དང་སྐུལ་ལྕག་བྱེད་རྒྱུ་ནི་ཆེས་བཟང་བའི་ཐབས་ལམ་ཞིག་ཡིན་ལ། རྒྱུན་མཐུད་རང་བཞིན་གྱི་སློབ་གསོ་དང་། སྐུལ་ལྕག ཡིད་ཆེས་བཅས་ལས་ཁོ་ཚོ་ཡ་རབས་ཚུལ་ལྡན་གྱི་ལམ་ལ་འགྲོ་བའི་ལམ་སྣེ་སྟོན་ཐུབ།
          དེ་ཡང་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་སློབ་གསོའི་མཛད་ཕྱོགས་དང་། ཚན་རིག་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ། སློབ་གསོའི་ཆོས་ཉིད་བཅས་དང་མཐུན་ཤོས་ཀྱི་སློབ་གསོའི་ཐབས་ལམ་ཞིག་བཤང་སྟེ་སློབ་གསོ་བྱ་ཡུལ་གྱི་གཙོ་གནད་རང་བཞིན་དང་། འཕེལ་རྒྱས་རང་བཞིན། གསར་གཏོད་རང་བཞིན་སོགས་འདོན་སྤེལ་གང་ལེགས་བྱེད་དགོས། སྤྱིར་ན་རྨང་གཞི་ཞན་པའི་སློབ་མ་དེ་དག་ལ་ཡང་ཕྱོགས་ཀུན་ལ་རྨོངས་པ་ཞིག་གཏན་ནས་མིན་པར། ཁོ་ཚོར་ཡང་རང་རང་སོ་སོའི་དགེ་མཚན་ཡོད་པས། ང་ཚོས་དགེ་མཚན་དེ་དག་ལ་བསྔགས་བརྗོད་དང་འདེང་འཇོག་བྱེད་ཀྱི་ཡོད་པ་ཁོ་ཚོས་རྟོགས་སུ་བཅུག་པ་དང་འབྲེལ། ཁོ་ཚོར་རང་སྐྱོན་ཡོ་བསྲང་གི་གོ་སྐབས་སྤྲོད་དགོས་པ་གལ་འགངས་ཤིན་ཏུ་ཆེ།
          གཉིས། སློབ་མའི་རང་བཀུར་གྱི་བསམ་པ་བསྐྱར་སློང་དང་གསོ་སྐྱོང་བྱེད་དགོས།
          མི་སུ་འདྲ་ཞིག་ཡིན་རུང་རང་ཉིད་ལ་ཡིད་ཆེས་བརྟན་པོ་བྱེད་དགོས་པ་ནི་བྱ་བ་ཐ་དག་ཡག་པོ་སྒྲུབ་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་དང་སྒུལ་ཤུགས་ཤིག་རེད། ཤོད་རྒྱུན་དུ་སེམས་སྡུག་གིས་མནར་བ་ནི་ཤི་བ་ལས་སྡུག་ཅེས་པ་ལྟར་རང་གི་རང་ལ་ཡིད་ཆེས་མེད་པ་དང་མཐོང་ཆུང་བྱེད་པ་ནི་རང་གི་རིག་སྟོབས་ཉམས་ཤིང་ཐ་ན་སེམས་ཁམས་དང་ཚེ་སྲོག་ལའང་གནོད་སྲིད་པས་ང་ཚོ་སློབ་གསོའི་ལས་དོན་པ་ཚང་མས་དམིགས་ཡུལ་ཡོད་པ་དང་གོ་སྐབས་དམ་འཛིན་གྱིས་སློབ་མར་གསར་གཏོད་དང་། དཀའ་སྤྱད་འབད་བརྩོན། དེ་བཞིན་སློབ་མའི་ངག་སྒོའི་སྨྲ་བརྗོད་ཀྱི་བརྡ་སྤྲོད་དང་བསམ་བློ་བརྗེ་རེས་ཀྱི་སྤོབས་པ་སོགས་ཁྲིད་སྟོན་ཡང་དག་བྱས་ཏེ་ཁོ་ཚོར་གནད་དོན་དབྱེ་ཞིབ་དང་རྒྱུ་རྐྱེན་འཚོལ་རོགས་སོགས་བྱས་ན་སློབ་མ་ཚོས་དཀའ་སྤྱད་ལ་མི་སྐྲག་པ་དང་རང་ཉིད་དམའ་བར་འཛིན་པའི་ལྟ་བ་འདོར་ཐུབ་ལ་སྦྱོང་བརྡར་དངོས་ལས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་གོ་རྟོགས་འཕེལ་ཐུབ་ངེས་ལགས།
          གསུམ། དགེ་རྒན་གྱིས་སྐུལ་ལྕག་དང་སྣེ་ཁྲིད་ཡང་དག་བྱེད་དགོས།
          དགེ་རྒན་གྱི་སྐུལ་ལྕག་ནི་སློབ་མའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་སྨན་ལྟ་བུ་ཡིན་པས་སློབ་མས་གྲུབ་འབྲས་ངེས་ཅན་ཞིག་ལེན་པར་ཡུན་རིང་གི་དུས་ཚོད་སྤྱོད་པའི་བརྒྱུད་རིམ་ཁྲོད་ཕམ་ཁ་དང་འཕྲད་པའི་དཀའ་སྡུག་མི་ཉུང་བ་ཞིག་ཡོང་ངེས་པས་ཐམས་ཅད་ཀྱི་མདུན་དུ་དགེ་རྒན་གྱི་སློབ་སྟོན་གང་མང་གིས་ཁོ་ཚོར་བརྩོན་སེམས་ཀྱི་ཕུགས་འདུན་རྒྱས་སུ་འཇུག་དགོས།
          དགེ་རྒན་གྱི་དྲང་བདེན་ནི་སློབ་མའི་ཡིད་ཆེས་ཐོབ་པའི་ཟམ་པ་ལྟར་ཡིན་པས་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། བདེན་པ་བདེན་ཐུབ་དང་དྲང་པོ་དྲང་ཞག་ཐོག་གནད་དོན་ཐག་གཅོད་ཡོང་བར་འབད་རྒྱུ་དང་ཞི་འཇམ་ཐབས་མཁས་ལ་བརྟེན་ནས་སློབ་མ་ཚང་མ་རང་ཉིད་ཀྱི་བུ་ཕྲུག་བཞིན་གཅེས་སྐྱོང་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།
          ད་དུང་ལོ་ཆུང་བྱིས་པའི་ངོས་ནས་བརྗོད་ན། འགྲན་སེམས་དང་ང་རྒྱལ་ཡོད་སྲིད་པས། ང་ཚོས་ངར་ཤ་སློང་ཐབས་ཅུང་ཟད་སྤྱད་ནས་རིག་སྟོབས་ཞན་པ་ཞེས་པའི་ཐ་སྙད་དེ་སྦས་ནས་ལེ་ལོ་དང་། སྒྱིད་ལུགས། ལྷོད་གཡེང་སོགས་ལས་བྱུང་བའི་འགལ་རྐྱེན་སྣ་ཚོགས་གསལ་སྟོན་བྱས་ཏེ། སློབ་མ་སོ་སོར་ཡིད་ཆེས་དང་། སྙིང་སྟོབས། རྒྱལ་ཁའི་འགུལ་ཤུགས་བཅས་སྦྱིན་པའི་སློབ་གསོ་དང་དཔེ་སྟོན་གྱི་སྒྲུང་དང་གཏམ་དཔེ་སོགས་དྲངས་ནས་ཁོ་ཚོའི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་སེམས་ཤུགས་དང་ཡིད་ཆེས་བརྟན་དུ་གཏོང་དགོས། དེ་ཡང་གུང་ཐང་བསྟན་པའི་སྒྲོན་མེས“ཉིན་རེའི་ཟས་ཀྱང་མི་དྲན་བརྩོན་འགྲུས་བརྩོམས། ཞུགས་མ་ཐག་ཏུ་མཁས་པའི་གོ་འཕང་འདོད། ཞག་གསུམ་ལོན་ན་ཇི་མེད་གཡེང་བས་འཁྱེར། དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བརྩམ་དགོས་ཨང”ཞེས་པ་ལྟར་ང་ཚོས་དཀའ་ངལ་ཁྱད་དུ་བསད་ནས་མི་རིགས་ཀྱི་སློབ་གསོ་གོང་འཕེལ་འགྲོ་བའི་ཕྱིར་འབད་བརྩོན་བྱས་ནས་ང་ཚོའི་མ་འོངས་པའི་བདག་པོ་སྐྱེད་སྲིང་ཡག་པོ་བྱེད་དགོས།
          བཞི། དགེ་རྒན་རང་ཉིད་ཀྱིས་དཔེ་སྟོན་ཡང་དག་བྱ་དགོས།
          དགེ་རྒན་ནི་སློབ་མའི་མིག་དཔེ་ལྟ་ས་རེད། ང་ཚོ་སློབ་གསོ་བ་ཚང་མས་སློབ་མའི་བྱ་སྤྱོད་དང་། སྐད་ཆ། འཚོ་བ་བཅས་ཚང་མར་རྒྱུས་མངའ་ལོན་གང་ཐུབ་ལ་འབད་དེ་སློབ་མའི་སེམས་ཁམས་ལ་མཐུན་པ་དང་། དགའ་སྣང་སྐྱེས་སླ་བ། བགྲོ་གླེང་བྱེད་བདེ་བ་སོགས་ཀྱི་ཐོག་ནས་སློབ་མར་མིག་དཔེ་སྟོན་དགོས་། དགེ་རྒན་དང་སློབ་མ་ནི་ཆུ་དང་ཉ་མོ་ལྟར་གཅིག་ལ་གཅིག་རྟེན་བྱེད་དགོས་པས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སློབ་མའི་འཚོ་བ་དངོས་དང་འབྲེལ་དྲིས་མང་ཙམ་བྱས་ཏེ་ཕ་བུ་ལྟ་བུའི་འདུ་ཤེས་བཟུང་ནས་ཁོ་ཚོའི་རང་གཤིས་ལ་རྒྱུས་མངའ་དང་བརྩི་འཇོག་བྱས་པའི་ཁར་ཕན་ཚུན་དབར་བརྩེ་སེམས་ཟབ་མོ་འཆང་དགོས།
          སློབ་གྲྭ་ནི་དགེ་རྒན་དང་སློབ་མའི་ཁྱིམ་ཚང་ལྟ་བུ་ཡིན་པས། དགེ་རྒན་ཚང་མས་སློབ་གྲྭའི་སྤྱི་རྫས་ལ་མིག་མཐོང་ལག་ཟིན་གྱིས་བདག་གཅེས་དང་། ཁོ་ར་ཁོར་ཡུག་ལ་གཙང་སྦྲ་དང་མཛེས་རྒྱན་ཡོང་བར་འབད་ནས་སློབ་མར་ཁྱིམ་ཚང་བཞིན་གྱི་སྣང་བ་ཞིག་སྦྱིན་དགོས་ལ། ཁོ་ཚོར་ཡང་གང་སར་དོ་སྣང་བྱ་བའི་གོམས་གཤིས་བཟང་པོ་འཇགས་པར་བྱེད་དགོས། དེ་ལྟར་བྱུང་ཚེ་ཁོ་ཚོར་ཁ་སྟེང་གི་ལྟ་བ་དང་དོན་དངོས་གཉིས་ཉམས་ལེན་བྱུང་ནས་ཕྱིས་འབྱུང་གི་ལས་དོན་དང་སྦྱང་བྱར་དོ་སྣང་བྱ་ངེས་ལ་འཚོ་བ་དངོས་ཀྱི་ནང་ལའང་བློ་ནུས་སྟོབས་གསུམ་འདོན་པའི་དཔེ་སྟོན་གྱི་སློབ་གསོ་ཐེབས་ངེས་པས་སྦྱངས་འབྲས་ལའང་མངོན་མེད་ཀྱི་ཡར་རྒྱས་ཤིག་ཡོང་བར་གདོན་མི་ཟའོ།

(ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་སློབ་ཆུང་། ཟླ་བ་གཡུ་སྒྲོན)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1