ཁང་རྙིང་དང་ཁང་གསར་ལས་འཕྲོས་པའི་འགྱུར་ལྡོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-22



རོང་བྲག་རྫོང་འབོ་ལུང་གྲོང་སྡེའི་འཕེལ་རྒྱས་བྱུང་ཚུལ་གྱི་དངོས་བྲིས།

ཁང་རྙིང་དང་ཁང་གསར་ལས་འཕྲོས་པའི་འགྱུར་ལྡོག
འབོ་ལུང་གྲོང་སྡེའི་རྣམ་པ།


ཁང་རྙིང་དང་ཁང་གསར་ལས་འཕྲོས་པའི་འགྱུར་ལྡོག

དགེ་ལེགས་དབང་འདུས་ཀྱི་སྡོད་ཁང་གསར་པ།


ཁང་རྙིང་དང་ཁང་གསར་ལས་འཕྲོས་པའི་འགྱུར་ལྡོག

དགེ་ལེགས་དབང་འདུས་དང་ཁོའི་ཁང་རྙིང་།

     ལྗོན་པའི་བསིལ་གྲིབ་འོག་གི་ལམ་མདོ་ཁར་དགེ་ལེགས་དབང་འདུས་ཀྱིས་གོམ་པ་སྤོ་མཚམས་བཞག་ནས་ཕྱོགས་བཞིར་ཞིབ་ཏུ་མ་བལྟས་ན་རང་ཁྱིམ་གྱི་ཕྱོགས་མི་རྙེད་པར་ལུས། གནས་ཚུལ་འདི་རིགས་ནི་ཁོ་རང་ཁྱིམ་དུ་ཕྱིར་ལོག་ཐེངས་རེར་འཕྲད་བཞིན་ཡོད། དགེ་ལེགས་དབང་འདུས་ཚང་གི་སྡོད་ཁང་ནི་རོང་བྲག་རྫོང་སོག་ཕོ་ཡུལ་ཤོག་འབོ་ལུང་གྲོང་སྡེའི་མཚོན་རྟགས་རང་བཞིན་གྱི་སྡོད་ཁང་གི་ཡ་གྱལ་ཞིག་ཡིན། ཁང་རྙིང་ཞིག་དང་ཁང་གསར་ཞིག་ཆུ་བོའི་འགྲམ་གཉིས་ལ་ཁ་ཁུ་སིམ་པོའི་ངང་གནས་ཡོད་པ་དེ་ལས་དགེ་ལེགས་དབང་འདུས་ཚང་གི་འཕེལ་འགྱུར་ལ་བདེན་དཔང་བྱེད་ཐུབ་ལ་འབོ་ལུང་གྲོང་སྡེའི་སྔ་ཕྱིའི་བར་གྱི་འགྱུར་ལྡོག་ལའང་བདེན་དཔང་བྱེད་ཐུབ་པ་རེད།

ཁང་རྙིང་ནས་འབོ་ལུང་གི་ལོ་རྒྱུས་འཕྲོས།

རོང་བྲག་རྫོང་ནས་འགག་རོང་ལམ་རྒྱུད་ཕྱོགས་སུ་སྤྱི་ལེ1ཡན་མན་ལ་བསྐྱོད།དེ་ནས་ཟམ་པ་ཞིག་བརྒལ་ཏེ་སྤྱི་ལེ2བསྐྱོད་རྗེས་ད་གཟོད་སོག་ཕོ་ཡུལ་ཤོག་འབོ་ལུང་གྲོང་སྡེར་སླེབས་ཐུབ། གྲོང་སྡེ་དེའི་ཕྱོགས་གསུམ་ལ་རི་བོ་དང་ནུབ་ཏུ་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་དང་རྒྱང་ཐག་ཉེ་བས་ས་བབ་ཆགས་ཚུལ་བྱང་ཤར་ནས་ལྷོ་ཕྱོགས་སུ་གཤོང་བཞིན་ཡོད།

འབོ་ལུང་གྲོང་སྡེར་གནའ་སྔ་མོར་མཁར་རྫོང་ཉི་ཤུ་དང་ཐོག་ཁང་བཅུ་ཕྲག་ཁ་ཤས་ལས་གྲུབ་པའི་གྲོང་སྡེ་ཞིག་ཡིན་ཟེར་སྲོལ་ཡོད། 2005ལོ་དང2012ལོར་འབོ་ལུང་གྲོང་སྡེ་དེ་ཀྲུང་གོའི་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་སྡེ་གྲགས་ཅན་དང་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བྱེད་པའི་མིང་ཐོར་ཚུད་ཡོད།

ད་ལྟར་འབོ་ལུང་གྲོང་སྡེར་མཁར་རྫོང་བདུན་ལས་ལུས་མེད་ཅིང་། དེའི་ནང་ཆག་སྐྱོན་ཤོར་བའི་མཁར་རྫོང་དང་གནའ་བོའི་ཐོག་ཁང་འདུས་ཡོད། གྲོང་སྡེ་དེའི་ཚོ་ཆུང་དང་པོའི་ཨང་རྟགས28པར་གནའ་བོའི་ཐོག་ཁང་གཅིག་དང་ཟུར་བཞི་ཅན་གྱི་མཁར་རྫོང་ལས་གྲུབ་པའི་ཁྱིམ་ཚང་གི་མཁར་རྫོང་ནི་མཚོན་བྱེད་རང་བཞིན་ལྡན་པའི་མཁར་རྫོང་གི་ཡ་གྱལ་ཞིག་ཡིན། ཐོག་ཁང་ནས་མཁར་རྫོང་དུ་འགྲོ་ཆོག་ཅིང་། དེའི་ནང་མི་སྡོད་ས་དང་སྒོ་ཕྱུགས་གསོ་ས། འགོག་སྲུང་བྱེད་བདེ་བ་སོགས་ཀྱི་བྱེད་ནུས་ཡོད། ཁང་རྙིང་དེ་ནི་གྲོང་སྡེ་འདིར་ད་བར་དུ་སོར་བཞག་བྱས་ཡོད་པའི་གནའ་བོའི་བཟོ་བཀོད་ཁོ་ན་དེ་ཡིན་ལ། གསར་འགོད་པས་ཐེངས་འདིར་བཅར་འདྲི་བྱ་ཡུལ་གཙོ་བོ་ཡང་ཡིན་པ་རེད།

ལོ་ན40ལོན་པའི་དགེ་ལེགས་དབང་འདུས་ནི་ཁང་རྙིང་འདི་ནས་འཚར་ལོངས་བྱུང་བ་ཡིན། ཁོས་གསར་འགོད་པར་ཐོག་མ་ཁང་རྙིང་དེའི་སྒོ་ར་ངོ་སྤྲོད་བྱས། སྒོ་རའི་གྱང་ངོས་སུ་འགེལ་ཡོད་པའི་ལྤགས་ཁུག་དེ་མཐོང་སྐབས་དགེ་ལེགས་དབང་འདུས་ཀྱིས་འབོ་ལུང་གྲོང་སྡེའི་མིས་ཁུར་རྟས་འགེལ་བའི་དུས་སྐབས་སུ་ཁྱིམ་ཚང་ཡོངས་ལ་ངེས་པར་དུ་ལྤགས་ཁུག་རེ་ཡོད་དགོས་པ་རེད། ལྤགས་ཁུག་ཏུ་ཕལ་ཆེར་རྩམ་པ་དང་མ་རྨོས་ལོ་ཏོག ད་དུང་འཚོ་བའི་སྤྱོད་ཆས་གཞན་དག་སོགས་བླུགས་ཡོད་པ་དང་། མི་རྟས་འཚོ་བའི་མཁོ་རྫས་དག་གྲོང་སྡེར་བསྐྱལ་བ་རེད་ཅེས་བཤད།

སྐབས་དེར་འགྲིམ་འགྲུལ་གྱི་ཆ་རྐྱེན་ཞན་སྟབས་ནམ་རྒྱུན་གནམ་དྭངས་སྐབས་ཐལ་རྡུལ་དང་ཆར་ཆུ་འབེལ་སྐབས་འདམ་རྫབ་ཀྱིས་གང་འགྲོ་བས། གྲོང་སྡེར་འགྲོ་འོང་བྱེད་སྐབས་མི་རྟས་དཀའ་སྡུག་ཆེན་པོ་མྱོང་དགོས་ཀྱི་ཡོད། དགེ་ལེགས་དབང་འདུས་ཀྱིས་དེ་འདྲའི་འཚོ་བར་དངོས་སུ་རོལ་མྱོང་བྱས་མྱོང་བས། ཁོས་ཕྱིར་དྲན་བྱེད་སྐབས་ཀྱང་དཀའ་སྣང་འཆར་གྱི་འདུག་ཅེས་བཤད།

དགེ་ལེགས་དབང་འདུས་ཀྱི་སྣེ་ཁྲིད་འོག་གསར་འགོད་པ་ཁང་རྙིང་གི་ནང་དུ་སླེབས། ཁང་རྙིང་གི་ཐོག་བརྩེགས་དང་པོར་ཇ་དམ་དང་འབྲུ་སྒམ། ད་དུང་ཆང་རྫ་དང་ཆུ་ཟོམ། མེ་གཞོང་སོགས་ཡོད་པར་མཐོང་།

མེ་གཞོང་གི་ལྟག་ཏུ་བཤམས་ཡོད་པའི་སྒྲོམ་དབྱིབས་ཅན་གྱི་ཤ་རིགས་བདུག་བཟོ་བྱེད་ས་དེ་སྤྱོད་ཡུན་རིང་ནས་སྣུམ་གྱི་དུ་དྲེག་མཐུག་པོས་བཏུམས་ནས་སྔར་ཡོད་ཀྱི་རྣམ་པ་འགྱུར་ནས་སོལ་བ་ཆེན་པོ་ཞིག་དང་ཀུན་ནས་མཚུངས། དགེ་ལེགས་དབང་འདུས་ཀྱིས་སྔོན་ཆད་མི་ཚོས་རྟག་ཏུ་ཤིང་འབུད་བཞིན་ཡོད་པར་མ་ཟད། ད་དུང་དུ་བ་ཕྱིར་འབུད་པའི་ཆ་རྐྱེན་ཞན་པས་ཡུན་རིང་འགོར་རྗེས་ཤ་རིགས་བདུག་བཟོ་བྱེད་ས་དེ་ལྟར་གྱུར་པ་རེད་ཅེས་ངོ་སྤྲོད་བྱས།

ཤིང་སྐས་ནས་ཡར་འཛེགས་རྗེས་དེའི་གཡས་ཕྱོགས་ཀྱི་ཉལ་ཁང་དུ་འགེལ་ཡོད་པའི་གྱོན་གོས་མཐོང་སྐབས་སྔོན་ཆད་འབོ་ལུང་གྲོང་སྡེའི་མི་ཚོས་གྱོན་གོས་ཇི་ལྟ་གྱོན་བཞིན་པར་རྟོགས་ཐུབ། གྱོན་གོས་འདི་དག་ནི་སོ་སྐུད་དང་། བལ། རྐོ་བ་སོགས་ལས་བཟོས་པ་ཡིན་པས་ཕར་བལྟས་ན་འཁྲུད་དཀའ་བ་འདྲ། དགེ་ལེགས་དབང་འདུས་ཀྱིས་གྱོན་གོས་དེ་ཚང་མ་འཚེམ་བཟོ་བྱས་པ་ཡིན་པས་འབུ་སྲིན་ཆགས་སླ་བར་མ་ཟད་བཟོ་ཡུན་ཡང་རིང་བ་རེད་ཅེས་བཤད།

གཡོན་ཕྱོགས་ཀྱི་ཉལ་ཁང་ནས་གསར་འགོད་པས་སྔོན་ཆད་འབོ་ལུང་གྲོང་སྡེའི་ཡུལ་མི་རྣམས་ཇི་ལྟར་ཉལ་བཞིན་པ་རྟོགས་ཐུབ། དེ་ཙམ་ཆེན་པོ་མིན་པའི་ཉལ་ཁང་དུ་སྐར་ཁུང་ཆུང་ཆུང་དང་ཉལ་ཁྲི་ཆུང་ཆུང་ཞིག་ཡོད་མོད། འོན་ཀྱང་དངོས་ཟོག་གསོག་ཉར་བྱེད་སའི་སྒམ་དེ་ནི་ཧ་ཅང་མཐོང་སྣང་གསལ་བས་ཉལ་ཁང་གི་སྤྱོད་ཆས་ཆ་ཚང་ཡིན་པའི་སྣང་བ་འཆར། ཡང་ཤིང་སྐས་ཤིག་ནས་ཡར་བུད་རྗེས་བཟའ་འབྲུ་འཇོག་སར་སླེབས། དེར་འབྲུ་རིགས་ཉི་མར་སྐམ་སའི་སྒོ་ར་དང་བསྙལ་ཤ་འཇོག་ས། འབྲུ་རིགས་ལས་སྣོན་བྱེད་ས་བཅས་ཡོད་པ་རེད། ཡང་ཡར་ཐོག་བརྩེགས་གཅིག་ལ་འཛེགས་རྗེས་ཐོག་ཁང་རྙིང་པའི་རྩེ་མོར་ཡོད་པའི་བསང་གཏོང་སར་སླེབས། དེ་ནས་གསར་འགོད་པས་དགེ་ལེགས་དབང་འདུས་ཚང་གི་ཁང་རྙིང་ལ་གཞི་ནས་བལྟས་ཟིན་པ་རེད།

སྡོད་ཁང་གསར་པ་ལས་ད་ལྟའི་འབོ་ལུང་གྲོང་སྡེའི་འཚོ་བ་མངོན།

ཁང་རྙིང་གི་མཛེས་ཉམས་ལ་མྱོང་རོལ་བྱས་ཚར་རྗེས་གསར་འགོད་པ་དང་དགེ་ལེགས་དབང་འདུས་གཉིས་སྡོད་ཁང་གསར་པའི་ཕྱོགས་སུ་བསྐྱོད། སྡོད་ཁང་གསར་པ་དེ་ཁང་རྙིང་ལས་རྒྱང་ཐག་སྨི200ཡན་མན་ལས་མེད་པ་དང་། ཁང་རྙིང་གི་སྒོ་ཁ་ནས་སྡོད་ཁང་གསར་པ་མཐོང་ཐུབ། སྡོད་ཁང་གསར་རྙིང་བར་གྱི་ཆུ་ཡུར་ཆུང་ཆུང་དེ་ནི་ས་མཚམས་དབྱེ་བྱེད་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་འདུག

སྡོད་ཁང་གསར་པ་དེ2010ལོར་བསྐྲུན་ནས་རྗེས་སུ་སྒྲིག་བཟོ་ཐེངས་མང་བྱས་རྗེས་ད་ལྟའི་རྣམ་པ་འདི་ཆགས་འདུག ཤིང་སྒོ་ཆེན་པོའི་ནང་དུ་འཛུལ་རྗེས་ཨར་འདམ་དང་སྤང་ལྗོངས་སྤེལ་མ་བྱས་པའི་སྒོ་ར་དེ་མཐོང་སྐབས་སྣང་བ་ཧ་ཅང་སྐྱིད་པོ་འདུག སྒོ་རའི་ཟུར་དུ་འཕྲུལ་རྟ་དང་། ཞིང་རྨོད་འཕྲུལ་འཁོར། གོས་འཁྲུད་འཕྲུལ་ཆས་སོགས་བཞག་ཡོད་པ་ལས་ད་ལྟའི་དགེ་ལེགས་དབང་འདུས་ཚང་གི་འཚོ་བ་གསར་པའི་གནས་ཚུལ་མངོན་ཐུབ་ཀྱི་ཡོད་པ་རེད།

སྡོད་ཁང་གསར་པ་དེ་ཁང་པ་གཉིས་ལས་གྲུབ་པ་དང་། ཅུང་མཐོ་བའི་ཁང་བརྩེགས་གཉིས་ཅན་གྱི་སྡོད་ཁང་དེར་བསྡོམས་པས་ཁང་མིག་བཅུ་ཕྲག་ཁ་ཤས་ཡོད། སྡོད་ཁང་དེར་གསལ་ཆ་ལྡན་པའི་སྐར་ཁུང་དང་གཙང་སྦྲ་ཁང་སོགས་ཆ་ཚང་ཡོད་པས་གྲོང་ཁྱེར་གྱི་སྡོད་ཁང་དང་གཉིས་སུ་མེད། ཁང་པ་ཅིག་ཤོས་དེ་ཁང་བརྩེགས་གཅིག་ལ་ཁང་མིག་གཉིས་ཡོད་པ་ཐབ་ཚང་དང་མགྲོན་ཁང་རེད། དེར་མ་ཟད་ཉི་གློག་བཙུགས་ནས་ནུས་ཁུངས་གྲོན་ཆུང་བྱས་ཡོད་པས་འཚོ་བར་ཧ་ཅང་སྟབས་བདེ་འདུག གནས་ཚུལ་འདིར་མཐོང་སྐབས་དགེ་ལེགས་དབང་འདུས་ཚང་གི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཇེ་སྐྱིད་དུ་འགྱུར་བ་མངོན་ཐུབ་པ་རེད།

སྡོད་ཁང་གསར་རྙིང་གིས་འབོ་ལུང་གྲོང་སྡེའི་ཡུལ་སྐོར་དར་དུ་བཅུག

དགེ་ལེགས་དབང་འདུས་ཚང་གི་སྡོད་ཁང་གསར་རྙིང་ལ་མྱོང་རོལ་བྱས་རྗེས། གསར་འགོད་པར་སྡོད་ཁང་གསར་པ་བསྐྲུན་རྗེས་ད་དུང་སྡོད་ཁང་རྙིང་པ་དེ་ཉར་ཚགས་ཡག་པོ་བྱ་དགོས་དོན་གང་ཡིན་པར་ཧ་ཅང་མཚར་སྣང་སྐྱེས། དགེ་ལེགས་དབང་འདུས་ཀྱིས་ཁང་རྙིང་དེར་མཛའ་བརྩེ་ཆེ་བས་བསམ་ཚུལ་གསར་པ་ཡོད་ཅེས་བཤད། འཚོལ་ཞིབ་ཐིག་ལེན་བྱས་པ་བརྒྱུད། དགེ་ལེགས་དབང་འདུས་ཚང་གི་ཁང་རྙིང་དེར་ལོ་ངོ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པས་རིན་ཐང་ཧ་ཅང་ཆེ་བ་རེད། ཁོ་བོའི་བསམ་ཡུལ་དུ་ཁང་རྙིང་འདིས་དགེ་ལེགས་ཚང་གི་མི་ཚེའི་མི་རབས་གསོ་སྐྱོང་བྱས་ཡོད། ཁང་རྙིང་དེ་མེད་ན་ཁོ་རང་ཡང་མེད་པས་བཀའ་དྲིན་བརྗེད་མི་རུང་ཞེས་བཤད་པ་དང་ཆབས་ཅིག ཁང་རྙིང་དེས་གྲོང་སྡེའི་ལོ་ངོ་བརྒྱ་ཙམ་གྱི་འགྱུར་ལྡོག་ལ་བདེན་དཔང་བྱེད་ཐུབ་པས་ཁང་རྙིང་ཉར་ཚགས་བྱས་ནས་གྲོང་སྡེའི་ལོ་རྒྱུས་ལ་བརྩི་འཇོག་བྱེད་བཞིན་པ་རེད།

འབོ་ལུང་གྲོང་སྡེའི་རིག་གནས་ལོ་རྒྱུས་ལ་གཞིགས་ཏེ་ཁུལ་དང་རྫོང་གིས་ཡུལ་སྐོར་དང་སྐྱེ་ཁམས་ལ་བརྟེན་ནས་གྲོང་སྡེའི་ཡུལ་སྐོར་དང་རིག་གནས། ཞིང་ལས། ནགས་ལས་སོགས་གཞི་གཅིག་ཏུ་བྱས་ཏེ་འབོ་ལུང་གྲོང་སྡེར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས། འབོ་ལུང་གྲོང་སྡེའི་ཡུལ་མིའི་འཚོ་བ་ཉིན་བཞིན་འཕེལ་རྒྱས་ཡོང་དུ་འཇུག་པ་རེད།

འདི་འདྲའི་གནས་ཚུལ་འོག དགེ་ལེགས་དབང་འདུས་ཀྱིས་སྡོད་ཁང་གསར་རྙིང་ལ་བརྟེན་ནས་ཡུལ་སྐོར་དམངས་ཕྱུག་གི་ལམ་བུར་བསྐྱོད་པའི་སེམས་ཐག་བཅད། སྔོན་གྱི་ལོ་འགའ་ལ་དགེ་ལེགས་དབང་འདུས་ཀྱིས་སྡོད་ཁང་གསར་པར་མགྲོན་ཁང་ཆུང་གྲས་བཙུགས་ཐོག ཁང་རྙིང་དེའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོའི་སྐད་གྲགས་ལ་ཡིད་སྨོན་བྱས་ཏེ་ཡུལ་འདིར་འོང་མཁན་འགྲུལ་པ་མང་པོ་ཡོད་པས་ཚོང་ལམ་ཧ་ཅང་བྲིན་པ་རེད།

གྲོང་སྡེ་དར་རྒྱས་གཏོང་བ་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་ལས་གཞི་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་སྦྲགས། དགེ་ལེགས་དབང་འདུས་ཀྱིས་སྔོན་ཆད་ཀྱི་བསམ་ཚུལ་གསར་པ་ལྟར་སྡོད་ཁང་གསར་རྙིང་ལ་བརྟེན་ནས་ཡུལ་སྐོར་གྱི་ཡོང་འབབ་བཙལ་བའི་བྱེད་ཐབས་དེ་མཐར་ཐུག་དུས་རབས་ཀྱིས་འདོར་ལེན་བྱེད་སྲིད་པ་རེད། དེར་བརྟེན། ཁོས་གྲོང་སྡེ་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གོམ་སྟབས་དང་འབྲེལ་ནས་བསམ་ཕྱོགས་ལེགས་བཅོས་དང་བཀོད་སྒྲིག་འཐུས་ཚང་དུ་བཏང་ནས་ཡུལ་མིའི་གནས་ཚང་རྩེ་གྲས་སུ་སྐྲུན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་གྲོང་སྡེ་དར་རྒྱས་གཏོང་བའི་ཆེད་སྤྱོད་མ་དངུལ་སྤྱད་ནས། འབོ་ལུང་གྲོང་སྡེའི་མཉམ་ལས་ཁང་གིས་ཡུལ་མིའི་གནས་ཚང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། “4651”གི་ཐོབ་ཆ་བགོ་བཤའ་རྒྱག་པའི་བྱེད་སྟངས་ལྟར། གྲོང་སྡེ་ཡོངས་སུ་ཡོང་འཕར་ཕྱུག་འགྱུར་ཡོང་བ་དང་། གྲོང་སྡེའི་ཡུལ་མིའི་གོམས་སྲོལ་བཟང་པོ་ཆགས་སུ་བཅུག་པ་རེད། རྗེས་མར་གྲོང་སྡེ་དེས་བྱེད་སྟངས་འདི་བརྒྱུད་ནས་གྲོང་སྡེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འཆར་གཞི་བཞག་པར་བརྟེན། དགེ་ལེགས་དབང་འདུས་ཀྱི་ཡུལ་མིའི་གནས་ཚང་རྩེ་གྲས་བསྐྲུན་པའི་རེ་བ་འགྲུབ་ཐུབ་རེ་ཡོད་པ་རེད།

གྲོང་སྡེའི་མཚོ་མོ་ཚང་གི་གཞིས་ཀ་ནི་ཡུལ་མིའི་གནས་ཚང་རྩེ་གྲས་ཤིག་ཡིན། ན་ལོར་འཛུགས་སྐྲུན་གྲུབ་ནས་བེད་སྤྱོད་གཏོང་མགོ་བཙུགས་པ་རེད། དགེ་ལེགས་དབང་འདུས་ཀྱིས་མཚོ་མོ་ཚང་གི་གཞིས་ཀའི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས། གཞིས་ཀ་དེ་གྲོང་སྡེའི་ལམ་མགོར་ཆགས་ནས་ཟ་ས་དང་སྡོད་ས། སྤྲོ་འཁྱམས་བྱེད་ས་བཅས་གཞི་གཅིག་ཏུ་གྱུར་པའི་ཡུལ་མིའི་སྡོད་ཁང་ཞིག་ཡིན། ཁོར་ཡུག་ཧྲིལ་པོར་ཞི་དུལ་བག་ཕེབས་ངང་གནས་བཞིན་པ་དང་སྤྱོད་གོ་ཆོད་ལ་བཀོད་ལེགས་ཀྱི་རང་བཞིན་ལྡན་པ་རེད།

མཚོ་མོ་ཚང་གི་གཞིས་ཀར་ཡོད་པའི་ལས་སྒྲུབ་མི་སྣ་སྒྲོལ་མས་ཡུལ་མིའི་གནས་ཚང་གི་སྒོ་ཕྱེ་རྗེས་ཡུལ་མི་ཚོས་རང་གི་སྒོ་ཁར་ལས་ཞུགས་དང་ཁྱིམ་མི་ལྟ་སྐྱོང་། ཞིང་ལས། གླ་རྒྱག་རྒྱུ་སོགས་མཉམ་དུ་བྱེད་ཆོག་པས་ཧ་ཅང་སྟབས་བདེ་མོ་རེད། མོས་གྲོང་སྡེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཇེ་ཡག་བྱུང་བ་དང་། ཡུལ་མིའི་གནས་ཚང་དང་མགྲོན་ཁང་དེ་བས་མང་པོ་བྱུང་ནས། ཚང་མས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པའི་རེ་བ་འཆང་བཞིན་ཡོད། སྒྲོལ་མའི་རེ་བ་དེ་དགེ་ལེགས་དབང་འདུས་ཀྱི་རེ་འདུན་ཡིན་ལ་འབོ་ལུང་གྲོང་སྡེའི་ཡུལ་མི་ཡོད་ཚད་ཀྱི་རེ་འདུན་ཡང་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1