[ནང་དོན་གནད་བསྡུས།] ནང་བསྟན་གྱི་སྐུ་གདུང་མཆོད་རྟེན་ནི་ཐོག་མར་རྒྱ་གར་གྱི་དུར་འཇུག་རིག་གནས་ལས་བསྡུ་ལེན་བྱས་པ་ཞིག་ཡིན་ལ། དེའི་སྲོལ་རྒྱུན་བོད་བརྒྱུད་ནང་བསྟན་གྱིས་རྒྱུད་འཛིན་དང་འཕེལ་རྒྱས་སུ་བཏང་སྟེ་ད་ལྟའི་ཆོས་ལུགས་རིག་གནས་ཀྱི་བཟོ་བཀོད་འདི་ཉིད་གྲུབ་པ་རེད། དེ་ལ་ཞིབ་འཇུག་བྱེད་པ་དེར་ཆོས་ལུགས་རང་ངོས་ཀྱི་དོན་སྙིང་དང་། ལོ་རྒྱུས་ཞིབ་འཇུག་གི་དོན་སྙིང་། རིག་གནས་འཕེལ་འགྱུར་ལ་བརྟག་དཔྱད་བྱེད་པའི་དོན་སྙིང་སོགས་མཆིས་པས།དཔྱད་རྩོམ་འདིར་བོད་བརྒྱུད་ནང་བསྟན་གྱི་སྐུ་གདུང་མཆོད་རྟེན་གྱི་བྱུང་འཕེལ་དང་རིག་གནས་ཀྱི་སྐོར་ལ་དཔྱད་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] བོད་བརྒྱུད་ནང་བསྟན། མཆོད་རྟེན། སྐུ་གདུང་མཆོད་རྟེན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-02-0097-12
བོད་དུ་མཆོད་རྟེན་དར་བའི་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་སྟེ། ད་ལྟ་ཐུན་མོང་དུ་ངོས་འཛིན་བྱེད་པའི་ནང་པའི་ལུགས་ཀྱི་མཆོད་རྟེན་འདི་བོད་དུ་ཐོག་དང་པོར་མངོན་པའི་དུས་ཀྱི་བཞེད་ཚུལ་ནི་“པང་ཀོང་ཕྱག་རྒྱ་མདོ་སྡེ་ཟ་མ་ཏོག །ཡིད་དུ་འོང་བའི་གླེགས་བམ་རྣམ་གཉིས་དང་། །གསེར་ཀྱི་མཆོད་རྟེན་མུ་དྲའི་ཕྱག་རྒྱ་དང་། །ཙིནྡ་མ་ཎིའི་སྐོས་ཕོར་རྣམ་དྲུག་བབ། །”①ཅེས་གསུངས་ཡོད་པ་ལྟར་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་ཡིན། དེ་ཡང་དམིགས་བསལ་གྱི་ནང་པའི་རིག་གནས་ཀྱི་དད་རྟེན་འདི་ནི་དང་པོ་རྒྱ་གར་འཕགས་པའི་ཡུལ་ནས་ནང་པའི་ཆོས་ལུགས་བོད་དུ་དར་བའི་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་དུ་བོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཅིང་། ཕྱིས་སུ་བོད་དུ་སྐུ་གདུང་མཆོད་རྟེན་ཏེ་བླ་ཆེན་སྐྱེས་ཆེན་ཁག་གི་རིང་བསྲེལ་གཟུངས་གཞུག་ཏུ་ཕུལ་བའི་རིང་བསྲེལ་མཆོད་རྟེན་དང་། སྐུའི་དམར་གདུང་ཉར་འཇོག་བྱས་ཡོད་པའི་དམར་གདུང་མཆོད་རྟེན་སོགས་ཀྱང་བྱུང་བ་རེད། རྒྱ་གར་རང་ལ་མཚོན་ན་མཆོད་རྟེན་བཞེངས་པའི་རིག་གནས་ནི་དེའི་གདོད་མའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་ནང་པའི་ཆོས་ཀྱི་ཡར་སྔོན་དུ་ཡོད་པའི་རིག་གནས་ཀྱི་གོམས་སྲོལ་ཞིག་ཡིན་པ་དང་། ཐོག་མའི་སྤྱོད་སྒོ་ཡང་དུར་འཇུག་དང་འབྲེལ་བ་ཟབ་མོ་ཡོད་པ་ཞིག་རེད། འདིར་མཆོད་རྟེན་ལས་དམིགས་བསལ་གྱི་མཆོད་རྟེན་ཏེ། སྐུ་གདུང་མཆོད་རྟེན་གྱི་སྐོར་ལ་རགས་ཙམ་དཔྱད་པར་བྱ་བ་ལ།
དང་པོ། རྒྱ་གར་གྱི་གནའ་བོའི་དུར་འཇུག་ནས་མཆོད་རྟེན་བྱུང་ཚུལ།
རྒྱ་གར་དུ་མཆོད་རྟེན་ཐོག་མར་བྱུང་ཚུལ་གྱི་སྐོར་ལ་རིག་གཞུང་ཞིབ་འཇུག་པ་དག་གི་བཞེད་དགོངས་ཅུང་གཅིག་གྱུར་ཡིན་ཏེ། དེ་ཡང་བོད་རང་སྐད་དུ་མཆོད་རྟེན་ཞེས་འབོད་པའི་དད་རྟེན་འདི་ལ་“སཾསྐྲྀ་ཏའི་སྐད་དུ་སྟུཔ་ཞེས་འབོད་ཅིང་དོན་དུ་མཆོད་པའི་ཞིང་ངམ་རྟེན་གྱི་དོན་ཡིན། སཾསྐྲྀ་ཏའི་སྐད་དུ་སྟུཔ་ཞེས་པ་དེ་ཡང་དོན་ངོ་མར་རྟེན་མཆོག་ལྟ་བུ་དང་བང་སོ་ལྟ་བུ་གཉིས་ཀ་ལ་འཇོག་ཅིང་།རྟེན་མཆོག་ཅེས་པ་དྲན་རྟེན་གྱི་བཟོ་སྐྲུན་ལྟ་བུ་ལ་འབོད་ཅིང་བང་སོ་ནི་རོ་འཇུག་སའི་པུར་སྒམ་གྱི་དོན་ཡིན། དེ་ཉིད་སངས་རྒྱས་ཤཱཀྱ་ཐུབ་པ་མ་བྱོན་གོང་ནས་རྒྱ་གར་དུ་ཡོད་པ་ཞིག་སྟེ། རྒྱལ་པོ་སོ་སོའི་བང་སོ་ལའང་སྟུཔ་ཞེས་འབོད་པ་ཡིན།”②ཞེས་དུང་དཀར་རིན་པོ་ཆེས་གསུངས་ཡོད། དོན་དམ་དུ། 《ལུང་སྡེ་བཞི་》དང་《འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་》སོགས་སུ་སྤྲོས་བརྗོད་བྱས་པའི་མཆོད་རྟེན་བཞེངས་ཚུལ་ཇི་འདྲ་ཡིན་མིན་སྐོར་གསུངས་ཡོད་པ་ལས་ཚོད་དཔག་བྱེད་ཐུབ་པ་ནི། མཆོད་རྟེན་ཟེར་བའི་བཟོ་བཀོད་འདིའི་མ་དཔེ་ནི་རྒྱ་གར་གནའ་རབས་ཀྱི་སྐྱེས་ཆེན་ནམ་སྐུ་དྲག་ཚོའི་དུར་འབུལ་བྱེད་སྟངས་ཤིག་ལས་བྱུང་བ་ཡིན་པ་རྟོགས་ཐུབ། རྒྱ་གར་དུ་ནང་བསྟན་མ་དར་བའི་སྔོན་ནས་དུར་ཁུང་གི་རྣམ་པ་ནས་རིམ་གྱིས་འཕེལ་འགྱུར་བྱུང་བའི་འབུར་གཟུགས་ཀྱི་མཆོད་རྟེན་ཞིག་བྱུང་ཡོད་པ་དང་། ནང་བསྟན་བྱུང་རྗེས་རིག་གནས་ཀྱི་རྣམ་པ་འདི་རྒྱུད་འཛིན་བྱས་ཏེ་སྔར་བཞིན་དེ་རང་དུར་འཇུག་བྱེད་པའི་རྣམ་པ་ཞིག་ཡིན་པའི་གདོད་མའི་ནང་དོན་དེར་འགྱུར་བ་མ་བཏང་བར་མངོན། ཡིན་ནའང་། ཕྱིས་སུ་ནང་པའི་བསྟན་པ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། སྔོན་ཆད་ཀྱི་མིའི་བེམ་པོ་ཉར་འཇོག་གི་བྱེད་ལས་ཁོ་ན་ལྡན་པའི་དུར་སའི་རྣམ་པ་འདིར་ཡང་འགྱུར་ལྡོག་འབྱུང་འགོ་ཚུགས་ཤིང་། རིམ་གྱིས་མཚོན་དོན་དང་དྲན་གསོའི་བྱེད་ལས་ལྡན་པའི་བཟོ་བཀོད་ཅིག་ཏུ་གྱུར་ཏེ། གནའ་བོའི་རྒྱ་གར་གྱི་རིག་གནས་རྙིང་པ་འདིར་ཚེ་སྲོག་གསར་པ་ཞིག་བསྩལ་ཡོད་པ་རེད།
ནང་བསྟན་གྱིས་སྟུཔ་ཞེས་སུ་འབོད་པའི་དུར་སའི་བཟོ་བཀོད་འདིར་ཆོས་ལུགས་ཀྱི་བསྟན་དོན་གྱིས་ཕྱུག་པར་བྱས་ཤིང་། དང་པོར་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གདུང་ངམ་ཤུལ་བཞག་དངོས་པོ་སོགས་ཉར་འཇོག་བྱེད་པར་བེད་སྤྱོད་བཏང་ནས་དད་མོས་བྱེད་མཁན་དག་གི་མཆོད་འབུལ་བྱ་ཡུལ་དུ་གྱུར་ཡོད་པ་རེད། གནའ་བོའི་རྒྱ་གར་གྱི་ནང་བསྟན་གྱིས་ནང་གི་གཟུངས་གཞུག་ལ་རིང་བསྲེལ་ཡོད་མེད་གཞིར་བཟུང་སྟེ་མཆོད་རྟེན་རིགས་གཉིས་སུ་ཕྱེ་ཡོད་དེ། རིགས་དང་པོ་ནི། མཆོད་རྟེན་ནང་དུ་སྐྱེས་ཆེན་གང་ཞིག་གི་སྐུ་གདུང་ཉར་འཇོག་བྱེད་ཚུལ་སྣ་ཚོགས་པ་ཞིག་ཡོད་དེ། དཔེར་ན་རིང་བསྲེལ་དང་། རུས་ཐལ། སེན་མོ། དབུ་སྐྲ་སོགས་ཉར་འཇོག་བྱས་ཡོད་པ་རེད། རིགས་གཉིས་པ་ནི། གཟུངས་གཞུག་ཏུ་ཆོས་དཔེ་དང་སྐུ་འདྲ།ཆོས་སྤྱོད་ཅ་ལག་སོགས་བཞུགས་ཡོད་པའི་མཆོད་པའི་རྟེན་ནོ། །དེ་ཡང་ནང་པའི་ཆོས་གཞུང་དུ་ཆེས་ཐོག་མར་མཆོད་རྟེན་བཞེངས་དགོས་པའི་ཐད་དུ་རྒྱུ་མཚན་འདི་འདྲ་ཞིག་བསྙད་ཡོད་དེ། དེ་ཡང་དད་ལྡན་ག་གེ་མོ་ཞིག་སྟོན་པ་དུས་ཡུན་རིང་པོར་ཡུལ་གྲུ་ཁག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཕེབས་པས་མཇལ་སྐལ་མ་ལྡན་པ་ལ། དྲན་གདུང་གིས་མནར་ནས་སྟོན་པའི་དྲུང་ནས་ཅ་དངོས་ཅི་ཞིག་འཐོབ་པར་བྱས་ནས་མཆོད་པའི་རྟེན་དུ་ཉར་བར་གསོལ་བ་ན། སྟོན་པས་རང་གི་ཕྱག་གི་སེན་མོ་དང་དབུ་ཡི་སྐྲ་ལོ་ཞིག་བསྩལ་བ་དེ་གཟུངས་གཞུག་ཏུ་ཕུལ་ནས་མཆོད་རྟེན་བཞེངས་པས། དབུ་སྐྲའི་མཆོད་རྟེན་དང་སེན་མོའི་མཆོད་རྟེན་སོགས་བྱུང་ཡོད་པ་རེད་ཅེས་གསུང་སྲོལ་འདུག གཞན་ཡང་། སྟོན་པ་བཞུགས་པའི་སྐབས་ནས་བཟུང་ནང་པའི་བསྟན་པའི་མཚོན་དོན་ཅན་གྱི་རིང་བསྲེལ་མཆོད་རྟེན་བྱུང་ཡོད་པར་བརྗོད་དེ། སྟོན་པ་སྐུ་དངོས་ནས་འདས་པའི་སངས་རྒྱས་མར་མེ་མཛད་ཀྱི་རིང་བསྲེལ་ས་ཡིས་བཀབ་ནས་མཆོད་རྟེན་བཞེངས་པར་གསུངས། སྟོན་པ་མྱ་ངན་ལས་འདས་རྗེས་མཆོད་རྟེན་བཞེངས་སྲོལ་སྔར་བས་དར་ཁྱབ་ཏུ་གྱུར་པ་སྟེ།“སངས་རྒྱས་འདས་རྗེས་རིམ་པས་དམངས་ཁྲོད་དུ་མཆོད་རྟེན་གསར་བཞེངས་བྱེད་པ་དང་། དེ་ལ་མཆོད་འབུལ་བྱེད་སྲོལ་ཁྱབ་བརྡལ་དུ་དར་་་་”③ཞེས་གསུངས། ཕྱིས་སུ་ཁོང་གི་རྗེས་འཇུག་པ་རྣམས་ཀྱིས་ཁོང་དང་དབྱེར་མེད་དུ་ལྟ་བའི་ཁོང་གི་རིང་བསྲེལ་འཕྲོག་རྩོད་ཀྱིས་སྐབས་ཤིག་གི་རིང་ལ་མི་ཤི་རྟ་འགྱེལ་གྱི་ཟིང་ལོང་བྱུང་བ་དང་། མཐའ་མཇུག་ཆ་སྙོམས་ཀྱིས་ཡུལ་གྲུ་ཁག་ལ་བགོ་བྱ་བརྒྱབ་ནས་ཟིང་ཆ་ཞི་བར་བྱས་ཏེ། སྐུ་གདུང་ཆ་བརྒྱད་དུ་བགོས་ཏེ་མཆོད་རྟེན་བཞེངས།④ སྤྱི་ལོའི་དུས་རབས་3པའི་སྐབས་ཀྱི་རྨ་བྱའི་རྒྱལ་རབས་ཀྱི་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་སུ། དབང་སྒྱུར་གྲལ་རིམ་གྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པས། ནང་པའི་བསྟན་པ་རྒྱ་གར་དུ་འཕེལ་རྒྱས་ཀྱི་རྩེར་སོན་པ་དང་། ཆོས་རྒྱལ་མྱ་ངན་མེད་ཀྱིས་གནའ་བོའི་མཆོད་རྟེན་རྙིང་པ་དག་ལ་ཞིག་གསོ་གནང་བར་མ་ཟད། མཆོད་རྟེན་བརྒྱད་ཀྱི་ནང་དུ་ཡོད་པའི་སངས་རྒྱས་ཀྱི་རིང་བསྲེལ་དག་སླར་ཡང་བཏོན་ནས་སྙོམས་བགོས་ཀྱིས་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བཞེངས་ནས་དེ་དག་གི་ནང་དུ་གཟུངས་གཞུག་ཕུལ་བར་བརྗོད་མོད། ཁ་ཤས་ཀྱིས་དོན་དམ་དུ་མཆོད་རྟེན་དེ་འདྲ་མང་པོ་ཞིག་བཞེངས་མེད་པར་སྟོང་གཅིག་དང་ཉིས་བརྒྱ་བཞེངས་པར་བརྗོད། གང་ལྟར་ཀྱང་། ད་ལྟ་མཐོང་རྒྱུ་ཡོད་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་སུ་བཞེངས་པའི་མཆོད་རྟེན་ནི་དེང་གི་རྒྱ་གར་གྱི་དབུས་ཀྱི་ཞིང་ཆེན་པའོ་ཕ་འར་དུ་ཡོད་པའི་སངས་ཆིའི་མཆོད་རྟེན་གསུམ་ཡོད་པའི་ནང་གི་མཆོད་རྟེན་ཨང་རྟགས་དང་པོ་དེ་རེད། འདིའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ནི་འདུལ་བ་དུམ་བུ་བཞི་པ་དང་། འདུལ་བ་དུམ་བུ་ལྔ་པ། ཕལ་ཆེན་སྡེ་པའི་འདུལ་བ་དང་། འདུལ་བ་དུམ་བུ་བཅུ་པ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་སོགས་སུ་རོབ་ཙམ་འཁོད་ཡོད་པས། ཞིབ་ཏུ་ཤེས་འདོད་མཁན་དག་གིས་དེར་གཟིགས་པར་འཚལ།
ནང་བསྟན་གྱིས་རྒྱ་གར་གྱི་གནའ་བོའི་རིག་གནས་ནང་གི་དུར་འཇུག་བྱེད་སྟངས་ཀྱི་རྣམ་པ་འདི་འདྲ་ཞིག་རྒྱུད་འཛིན་བྱས་ནས་ནང་པ་རང་གི་མཚོན་དོན་དང་ཁྱད་ཆོས་ཡོད་པའི་རྟེན་ཞིག་ཏུ་བསྒྱུར་པར་རྒྱུ་མཚན་མང་པོ་ཞིག་ཡོད་ཀྱང་། གཙོ་བོ་ནི་དང་ཐོག་ནང་བསྟན་ཐེག་དམན་གྱི་དུས་རབས་སུ་གནས་དུས་སྟོན་པ་སངས་རྒྱས་ནི་ཆེས་བླ་ན་མེད་པའི་གོ་འཕང་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་རུ་གཤེགས་པས། ཁོང་གི་སྐུའི་སྣང་བརྙན་དེར་མི་ཆོས་ཕལ་པའི་ངོས་ནས་ཇི་ལྟར་བཞེངས་སྐྲུན་བྱས་ཀྱང་ཚང་མ་ཡང་དག་དང་ཚད་ལྡན་མིན་པ་ལྟ་བུར་ཡོད་པར་བརྟེན། ནང་ཆོས་འཕེལ་རྒྱས་ཀྱི་ཐོག་མའི་དུས་རིམ་དུ་སྟོན་པ་སངས་རྒྱས་མཆོག་ལ་སྐུའི་སྣང་བརྙན་བཞེངས་པར་ཀུན་གྱིས་མོས་མཐུན་མི་བྱེད་ཅིང་། དེའི་ཚབ་ཏུ་མཆོད་རྟེན་བཞེངས་ཏེ་ཁོང་གི་ཐུགས་བླ་མེད་མཚོན་པར་བྱེད། ད་དུང་འབུར་བརྐོས་དང་བྲིས་རིས་སོགས་སུ་ཡང་ཐད་ཀར་ཁོང་གི་སྣང་བརྙན་མི་འབྲི་བར་ཚབ་མཚོན་གྱི་བྱ་དངོས་ཤིག་གིས་འཐུས་པར་བྱས་ཡོད་དེ། གོང་དུ་བཤད་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་སུ་བཞེངས་པར་གྲགས་པའི་སངས་ཆིའི་མཆོད་རྟེན་ཆེན་མོའི་སྒོ་ཁྱིམ་གྱི་བརྐོས་རིས་སུ་སྟོན་པའི་རྣམ་ཐར་དང་འཁྲུངས་རབས་གཏམ་རྒྱུད་བསྟར་མ་བྲིས་ཡོད་པ་ལས་ཚུལ་འདི་གསལ་པོར་མཐོང་ཐུབ་སྟེ། བརྐོས་རིས་ཀྱི་ནང་དུ་སྟོན་པའི་ཚབ་ཏུ་གདུགས་སམ། རྒྱལ་མཚན། ཡང་ན་པད་མའི་གདན་སོགས་སྤྱི་མཚན་ཅན་གྱི་རྣམ་པས་མཚོན་པར་བྱས་ཡོད་པ་ལས་སྟོན་པ་རང་གི་སྣང་བརྙན་འཁོད་མེད། གང་ལྟར་ནང་བསྟན་རྒྱ་ཆེར་དར་བ་དང་བསྟུན་ནས་མཆོད་རྟེན་རིག་གནས་འདི་ཐོག་མར་རྒྱ་གར་ཡུལ་ནས་དར་ཏེ་རིམ་གྱིས་ནང་པ་གང་དུ་དར་སའི་གནས་དག་ཏུ་མཐོང་རྒྱུ་ཡོད་པ་ཞིག་ཏུ་གྱུར་ཅིང་། ལྷག་པར་དུ་ཕྱིས་ཀྱི་ནང་པའི་རྗེས་འཇུག་པ་དག་གིས་སངས་རྒྱས་ཀྱི་མཛད་རྗེས་ལ་རྗེས་དྲན་ཞུ་བའི་ཆེད་དུ་བཞེངས་པའི་མཆོད་རྟེན་ཆེན་མོ་བརྒྱད་⑤དང་། སངས་རྒྱས་མྱ་ངན་ལས་འདས་རྗེས་ཁོང་གི་སྐུ་གདུང་སྦྱིན་སྲེག་བྱས་པ་ལས་བྱུང་བའི་རིང་བསྲེལ་དག་ཁག་བརྒྱད་དུ་བགོས་ནས་དེ་དག་གཟུངས་གཞུག་ཏུ་ཕུལ་བའི་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་བརྒྱད་བྱུང་བ། གཞན་ཡང་རིང་བསྲེལ་ལས་གཞན་མེར་འཚིག་མ་ཚར་བའི་ཤ་རུས་དང་ན་བཟའ་སོགས་རྗེས་འཇུག་པ་དག་གིས་ཆ་བརྒྱད་དུ་སྙོམས་བགོས་བྱས་ནས་དེ་དག་གཟུངས་གཞུག་ཏུ་ཕུལ་ནས་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་སོགས་བཞེངས་ཡོད་པ་རེད། དེ་དག་ལས་ནང་པ་སངས་རྒྱས་པས་གནའ་བོའི་རྒྱ་གར་རིག་གནས་ནང་གི་མཆོད་རྟེན་གྱི་ཐོག་མའི་སྤྱོད་སྒོ་སྟེ། དུར་འཇུག་གི་བྱེད་ནུས་ཡོད་པ་དེ་རྒྱུད་འཛིན་བྱས་ཡོད་པ་ཡང་མཐོང་ཐུབ།
གཉིས་པ། བོད་དུ་མཆོད་རྟེན་དང་སྒོས་སུ་གདུང་རྟེན་དར་ཚུལ།
སྤྱིར་མཆོད་རྟེན་དང་གདུང་རྟེན་ནི་སྤྱི་དང་བྱེ་བྲག་གི་འབྲེལ་བར་གྲུབ་ཡོད་དེ། འདིའི་སྐོར་ལ་དུང་དཀར་རིན་པོ་ཆེས་“དེ་ཡང་དེ་སྐབས་མཆོད་རྟེན་དང་གདུང་རྟེན་གྱི་དབྱེ་བ་དེ་ཙམ་འབྱེད་མི་ཤེས་པའང་མང་བས་སྤྱིར་མཆོད་རྟེན་ལ་སྐུ་རུས་སམ་པུར་ཐལ་མེད་པ་དང་ཡོད་པ་གཉིས་ལས་སྐུ་རུས་པུར་ཐལ་ཡོད་པ་ལ་གདུང་རྟེན་ཞེས་འབོད་ན་གོ་བདེ་བ་དང་། མཆོད་རྟེན་ཡིན་ན་གདུང་རྟེན་ཡིན་མ་དགོས་ཀྱང་གདུང་རྟེན་ནི་མཆོད་རྟེན་གྱི་བྱེ་བྲག་གོ།”⑥ཞེས་གསུངས་ཡོད། བོད་དུ་མཆོད་རྟེན་བྱུང་དུས་ཀྱི་སྐོར་ལ་ད་དུང་ཡང་ཞིབ་འཇུག་པའི་ཁྲོད་ན་དགོངས་ཚུལ་མི་འདྲ་བ་ཡོད་དེ། ཁ་ཅིག་གིས་སྐུ་གསུང་ཐུགས་གསུམ་ལས་ཐུགས་ཀྱི་མཚོན་བྱེད་དུ་གྱུར་པའི་མཆོད་རྟེན་ནི་བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སྐབས་སུ་ཐོག་མར་དར་བར་འདོད་དེ། དེ་ཡང་ལོ་རྒྱུས་ཡིག་ཚང་ཁག་ཏུ་“གཉན་པོ་གསང་བར་”འབོད་པའི་གྲས་སུ་མཆོད་རྟེན་གྱི་གཟུགས་སུ་ཡོད་པ་དེ་ནི་བོད་དུ་བྱུང་བའི་མཆོད་རྟེན་ཐོག་མར་འདོད།ཡང་ལ་ལས་བོད་དུ་གནའ་བོའི་བོན་ཆོས་ཀྱི་དུས་ནས་བཟུང་། མཆོད་རྟེན་དང་ཆ་འདྲ་བའི་རིག་གནས་ཀྱི་རྣམ་པ་ཡོད་པར་འདོད་དེ། དུང་དཀར་རིན་པོ་ཆེས་“རང་རེ་བོད་ཀྱི་ཡུལ་དུ་ཆ་བཞག་ནའང་གནའ་རབས་བོན་གྱི་ཆོས་དར་བ་ནས་འགོ་ཚུགས་ཏེ། ཡུལ་ལྷ། གཞི་བདག བཙན་དང་། རྒྱལ་པོ་མཆོད་ཡུལ་རྟེན་ནམ། རྟེན་མཁར་དེ་བོད་ཡུལ་གྱི་མཆོད་རྟེན་ལས་སྔ་བར་འདོད་དོ། །”⑦ཞེས་གསུངས་ཡོད། འདོད་ཚུལ་འདི་གཉིས་ལས་སུ་ཡི་ལྟ་བ་དེ་བདེན་པ་དང་ཡང་དག་ཡིན་མིན་བསྒྲུབ་རྒྱུ་ནི་མིག་སྔའི་རྒྱུ་ཆ་ཁོ་ནར་བརྟེན་ནས་འགྲུབ་མི་ཐུབ་ཅིང་། འདིར་འོལ་ཚོད་ཀྱིས་དཔྱད་ཞིབ་ཅིག་བཏང་ན། མཆོད་རྟེན་རིག་གནས་ཀྱི་རྣམ་པ་འདིའི་ཕྱིའི་བཟོ་བཀོད་ཀྱི་དཔེ་དབྱིབས་དང་། ནང་མཚོན་དོན་གྱི་སྙིང་པོ། དེ་མིན་འཚོ་བའི་ནང་གི་སྤྱོད་སྒོ་སོགས་ཀྱི་ངོས་ནས་ཐོག་མའི་ངོ་བོ་ཁོ་ནའི་སྟེང་དུ་གཏན་ཆགས་འགྱུར་མེད་ཀྱིས་གནས་ཡོད་པ་ཞིག་མིན་པར། ལོ་རྒྱུས་ཀྱི་དུས་རིམ་སོ་སོར་རིག་གནས་ཀྱི་ཁྱབ་ཁོངས་མི་འདྲ་བའི་ནང་དུ་གོང་དུ་བརྗོད་པའི་ཆ་དེ་དག་ལ་འགྱུར་བ་རབ་དང་རིམ་པ་ཞིག་བྱུང་ཡོད་པ་ཞིག་ཡིན་པར་བརྟེན། བོད་དུ་མཆོད་རྟེན་དུས་ནམ་དར་བའི་རྩོད་གཞི་དེ་ཡང་རིག་པ་ཇེ་ཞིབ་ཏུ་བཏང་སྟེ་དཔྱད་དགོས་པའི་ཡུལ་ཞིག་ཡིན་ཏེ། དེ་ཡང་ཆེས་ཐོག་མར་ནང་པའི་ཁྱད་ཆོས་ཡོད་པའི་མཆོད་རྟེན་བོད་དུ་མངོན་པ་ནི་ལྷ་ཐོ་ཐོ་རུ་གཉན་བཙན་གྱི་དུས་སུ་དཔེ་དབྱིབས་ལྟ་བུའི་ལེགས་སྐྱེས་ཤིག་ཡོད་པ་དེར་ངོས་འཛིན་བྱས་ཆོག་ཀྱང་། མཆོད་རྟེན་རང་གི་རྣམ་པ་གཞན་ཞིག་སྟེ། བོན་ཆོས་དར་བའི་སྐབས་ཀྱི་རྟེན་མཁར་དང་མཆོད་པའི་རྟེན་དུ་གྱུར་པའི་བཟོ་བཀོད་ཡོད་པར་འདོད་པ་དེར་ཡང་མཆོད་རྟེན་ཞེས་བརྗོད་ཆོག་པར་འདོད།
འདིར་ནང་པའི་ཁྱད་ཆོས་ཡོད་པའི་མཆོད་རྟེན་ནི་ལྷ་ཐོ་ཐོ་རུ་གཉན་བཙན་གྱི་སྐབས་སུ་དཔེ་དབྱིབས་ཙམ་བྱུང་བ་ལས་བོད་དུ་མཆོད་རྟེན་དངོས་སུ་བཞེངས་པའི་ལོ་རྒྱུས་མེད་ཅིང་། བོད་ཁམས་སུ་བཟོ་བཀོད་འདི་རིགས་བཞེངས་སྐྲུན་བྱས་པའི་ལོ་རྒྱུས་ནི་སྤྱི་ལོ་དུས་རབས་བདུན་པའི་སྐབས་རེད། རྒྱལ་པོ་སྲོང་པོ་བཙན་སྒམ་པོས་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་མངགས་ནས་བོད་ཡིག་གསར་བཟོ་མཛད་ཅིང་ནང་པའི་བསྟན་པ་ནང་འདྲེན་བྱས། ཐང་རྒྱལ་རབས་དང་བལ་ཡུལ་གྱི་ཀོང་ཇོ་རྣམ་གཉིས་ཁབ་ཏུ་བཞེས་ཏེ་དེ་གཉིས་ཀྱིས་རྫོངས་སྐལ་དུ་བསྣམས་ཕེབས་པའི་ཇོ་བོ་རྣམ་གཉིས་ལ་སོ་སོར་གཙུག་ལག་ཁང་རེ་བཞེངས། དེ་ནས་མཆོད་རྟེན་ཡང་མང་པོ་བཞེངས་སྐད། ཡིན་ནའང་། ལོ་རྒྱུས་ཡིག་ཚང་ཁག་ཏུ་བོད་དུ་བཞེངས་པའི་ཆེས་ཐོག་མའི་ནང་པའི་མཆོད་རྟེན་གང་ཡིན་སྐོར་ལ་ཡང་ལྟ་བ་མི་མཐུན་པ་མང་པོ་བྱུང་ཡོད་དེ། ཁ་ཅིག་གིས་དམར་པོ་རིར་ཆོས་རྒྱལ་སྒྲུབ་ཕུག་སོགས་བཞེངས་དུས་འགྲམ་དུ་བཞེངས་པའི་མཆོད་རྟེན་དཀར་པོ་དེ་ནི་བོད་དུ་བཞེངས་པའི་མཆོད་རྟེན་ཐོག་མ་དེ་ཡིན་པར་ངོས་འཛིན། ཡང་ཁ་ཅིག་གིས་ 《བཀའ་ཆེམས་ཀ་ཁོལ་མ་》ནང་འཁོད་པའི་རྒྱུ་ཆ་ཞིག་གཞིར་བཟུང་སྟེ། སྲོང་བཙན་སྒམ་པོས་ཡར་ཀླུང་སྣེ་གདོང་དུ་ཡོད་པའི་ཁྲ་འབྲུག་དགོན་པར་མཆོད་རྟེན་རྩེ་ལྔ་ཞིག་བཞེངས་ཡོད་པ་དེ་བོད་དུ་བཞེངས་པའི་མཆོད་རྟེན་གྱི་ཐོག་མར་བགྲངས། ཡིན་ནའང་མཆོད་རྟེན་དེ་སྔ་མོ་ནས་མཐོང་རྒྱུ་མེད་པར་གྱུར་པས། ང་ཚོས་འབྲེལ་ཡོད་ཀྱི་ཡིག་ཚང་རེ་གཉིས་ལས་དེའི་སྐོར་ལ་གསལ་ཁ་ཏོག་ཙམ་ལེན་པ་ལས་ཐབས་མེད། གཞན་ཡང་ཁ་ཅིག་གིས་དུས་རབས་བདུན་པའི་ནང་དུ་བལ་ཡུལ་ནས་ཡོང་བའི་བཟོ་པ་དག་གིས་ད་ལྟའི་སྐྱིད་ལུང་འབྲོང་སྟོད་ཟེར་བའི་ས་དེ་རུ་བཞེངས་པའི་རྡོ་ཡི་མཆོད་རྟེན་དེ་ནི་བོད་དུ་བཞེངས་པའི་མཆོད་རྟེན་གྱི་ཐོག་མ་རུ་འདོད། དེ་ལྟར་ཆེས་ཐོག་མར་བཞེངས་པའི་ནང་པའི་མཆོད་རྟེན་གང་ཡིན་མིན་སྐོར་ལ་འབྲེལ་ཡོད་ཡིག་ཚང་ཁག་ཏུ་རྗོད་ལུགས་མི་མཐུན་ཞིང་། ཡིག་ཚང་ཁ་ཤས་ཀྱི་ནང་དུ་འཁོད་པའི་གནའ་བོའི་མཆོད་རྟེན་དེ་དག་ཕྱིས་ཀྱི་ལོ་རྒྱུས་ཀྱི་གོད་ཆགས་དང་རང་བྱུང་གི་འཇིགས་པ་སོགས་ཀྱི་ཁྲོད་ནུབ་ནས་མེད་པར་གྱུར་པས། ང་ཚོས་ད་ལྟ་གནའ་རྫས་རྟོག་ཞིབ་རིག་པ་སོགས་ལ་བརྟེན་ནས་བརྡར་ཤ་གཅོད་ཐབས་བྲལ་བར་གྱུར།དེ་ལྟར་ཞིབ་ཕྲའི་མཆོད་རྟེན་གང་ཡིན་མིན་ཐད་རྩོད་གཞི་ཡོད་པ་མ་གཏོགས། རྒྱ་གར་གྱི་ནང་བསྟན་གྱི་ཁྱད་ཆོས་ལྡན་པའི་མཆོད་རྟེན་བོད་དུ་ཆེས་ཐོག་མར་བཞེངས་པའི་དུས་སྐབས་ནི་དུས་རབས་བདུན་པའི་ནང་གི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ཡིན་པ་ལ་མཁས་པ་ཀུན་གཅིག་མཐུན་ཏུ་ཆགས་ཡོད། ཕྱིས་སུ་ཆོས་རྒྱལ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བསམ་ཡས་སྒྲ་སྒྱུར་གླིང་བཏབ་པ་དང་བཟོ་བཀོད་ཀྱི་ཕྱོགས་ནས་རྒྱ་གར་གྱི་དགོན་པའི་ལུགས་དང་ལྡན་པའི་རྟེན་བཞེངས་མང་དུ་མཛད་པར་མ་ཟད། ཕྱོགས་བཞི་རུ་དཀར་དམར་ལྗང་ནག་གི་ཚོས་མདོག་སོ་སོས་བྱུགས་པའི་མཆོད་རྟེན་བཞེངས། མཆོད་རྟེན་དེ་དག་ལས་གཞན། 《ཆོས་འབྱུང་མཁས་པའི་དགའ་སྟོན་》⑧དུ་འཁོད་པ་ལྟར་ན། སྐབས་དེར་བསམ་ཡས་དགོན་པའི་ལྕགས་རིའི་སྟེང་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་ཡོད་པར་གྲགས་ཀྱང་། དེང་སྐབས་མཐོང་ཡུལ་དུ་མེད། བན་བོན་འཐབ་རྩོད་ཀྱི་ཁྲོད་ནས་བན་གྱིས་རིམ་བཞིན་རྒྱལ་ཁ་བླངས་པ་དང་བསྟུན་དེའི་སྟོབས་ཤུགས་དང་ཁྱབ་ཁོངས་ཀྱང་ལྷ་སའི་དབུས་ནས་བོད་ཀྱི་ཡུལ་གྲུ་ཁག་ཏུ་རྒྱ་བསྐྱེད་ཅིང་། མཆོད་རྟེན་ནི་སྐབས་དེ་དག་ཏུ་ནང་པའི་བསྟན་པའི་མཚོན་བྱེད་གཙོ་བོ་ཞིག་ཡིན་པའི་ཆ་ནས་རིམ་གྱིས་བོད་ཁམས་ཀྱི་ས་ཆ་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར། དཔེར་ན་མངའ་རིས་མཐོ་ལྡིང་དགོན་པའི་འདུ་ཁང་ཆེན་མོའི་ཕྱོགས་བཞིར་ཡོད་པའི་མཆོད་རྟེན་ཆེན་པོ་བཞི་དང་། རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན། མདོ་སྨད་སྐུ་འབུམ་དགོན་པའི་མཆོད་རྟེན་ཆེན་པོ་བརྒྱད་ལྟ་བུ་སོགས་ཡོད་དོ། །
འདིར་གཙོ་བོར་བསྟན་པར་བྱ་བ་ལ། སྐུ་གདུང་མཆོད་རྟེན་ནམ་གདུང་རྟེན་དུ་འབོད་པ་དེ་ཇི་ལྟར་བོད་དུ་དར་ཚུལ་ནི། གོང་དུ་བཤད་ཟིན་པ་ལྟར། སྟོན་པ་མྱ་ངན་ལས་འདས་རྗེས། ཁོང་གི་སྐུ་གདུང་སྦྱིན་སྲེག་བྱས་རྗེས་པུར་འཇུག་གི་རྣམ་པ་ལ་རིང་བསྲེལ་མཆོད་རྟེན་དང་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་སོགས་བཞེངས་པར་གྲགས་པ་སྟེ། དེ་ནི་ནང་པའི་སྐུ་གདུང་མཆོད་རྟེན་གྱི་ཆེས་ཐོག་མའི་རྣམ་པ་ཡིན་པ་ཡང་རིགས་འདེད་ཀྱིས་རྟོགས་ཐུབ། སྐབས་སུ་བབ་པའི་མཆོད་རྟེན་གྱི་རྣམ་པ་འདི་རིགས་བོད་དུ་ཇི་ལྟར་དར་བའི་ཚུལ་ནི། ལོ་རྒྱུས་ཀྱི་དུས་རིམ་སོ་སོར་མཆོད་རྟེན་ནས་སྐུ་གདུང་མཆོད་རྟེན་དུ་གྱེས་པ་ལ་སྔོན་མའི་རྒྱ་གར་གྱི་ལུགས་རྒྱུད་འཛིན་གྱིས་རིགས་གཉིས་བྱུང་ཡོད་ཅིང་། དེ་ནི་རིང་བསྲེལ་མཆོད་རྟེན་དང་དམར་གདུང་མཆོད་རྟེན་ནོ། །དེ་ཡང་མཆོད་རྟེན་རིགས་འདི་གཉིས་ལ་དུང་དཀར་རིན་པོ་ཆེས་འདི་ལྟར་གསུངས་ཡོད་དེ། “རང་ལ་བཀའ་དྲིན་ཆེ་བའི་བླ་མ་དང་། དགེ་རྒན། ཕ་མ་བཅས་སྐུ་གཤེགས་རྗེས་སྐུ་རུས་མེར་བསྲེགས་ཏེ་རུས་ཆོག་བྱས་ཟིན་པ་རྣམས་ས་དང་བསྲེས་ཏེ་སཱཙྪ་བཏབ་པ་དེ་དག་མཆོད་རྟེན་ནང་དུ་བཞག་པ་”⑨ལ་རིང་བསྲེལ་མཆོད་རྟེན་དང་། “ཡང་སྐུ་གདུང་མེར་མ་བསྲེགས་པར་གདུང་སྒྲུབ་སོགས་ལག་ལེན་མཐོང་བརྒྱུད་ལྟར་བྱས་པའི་དམར་གདུང་མཆོད་རྟེན་གྱི་བུམ་པའི་ནང་འཇོག་པ་”⑩ལ་དམར་གདུང་མཆོད་རྟེན་དུ་འབོད་པ་དང་། དེ་གཉིས་ཀར་སྐུ་གདུང་མཆོད་རྟེན་དུ་འབོད་པར་བཤད། དེ་ལ་དང་པོ་དེ་ནི་རྒྱ་གར་ནང་པའི་རིག་གནས་ནང་གི་ཚབ་མཚོན་རང་བཞིན་གྱི་མཆོད་རྟེན་གྱི་བཟོ་བཀོད་དེ་བོད་དུ་དར་ནས་རྒྱུད་འཛིན་བྱུང་བ་ཞིག་དང་། གཉིས་པ་དེ་ནི་རྒྱ་གར་གྱི་མཆོད་རྟེན་གྱི་རིག་གནས་དང་བོད་ཀྱི་དུར་སྦས་རིག་གནས་གཉིས་ཕན་ཚུན་མཉམ་བསྡེབས་བྱུང་བ་ལས་གྲུབ་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པར་སྙམ།
བོད་ཀྱི་ཆེས་ཐོག་མའི་སྐུ་གདུང་མཆོད་རྟེན་བྱུང་ཚུལ་གྱི་སྐོར་ལ། ཡིག་ཚང་ཁག་ཏུ་འཁོད་པ་ནི་མཁན་ཆེན་ཞི་བ་འཚོ་གཤེགས་རྗེས་བཞེངས་པའི་སྐུ་གདུང་མཆོད་རྟེན་དེ་ཡིན་པའི་ཐད་ཕལ་ཆེར་རྩོད་མེད་ལྟ་བུ་ཞིག་ཆགས་ཡོད་པ་རེད། ཀུན་གྱིས་མཁྱེན་གསལ་ལྟར། མཁན་ཆེན་ཞི་བ་འཚོ་ནི་དུས་རབས་བརྒྱད་པའི་ནང་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ནང་པའི་བསྟན་པ་སྤེལ་བའི་ཆེད་དུ་རྒྱ་གར་ནས་བོད་དུ་གདན་དྲངས་པ་ཞིག་ཡིན་ལ། ཁོང་འཚོ་བཞུགས་སྐབས་སུ་བོད་དུ་ནང་པའི་བསྟན་པ་སྤེལ་བར་སྐབས་དེའི་བོན་ཆོས་ཀྱི་སྟོབས་ཤུགས་ཀྱིས་འགོག་རྐྱེན་མང་དུ་བཟོས་པས། ཁོང་གིས་ཁྲི་སྲོང་ལྡེ་བཙན་ལ་དེ་དག་གི་ཁ་གནོན་དུ་སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་པའི་ཞུ་བ་ཕུལ་བ་བཞིན་སློབ་དཔོན་བོད་དུ་ཕེབས། ལོ་རྒྱུས་ཐོག་ཁོང་རྣམ་གསུམ་ལ་མཁན་སློབ་ཆོས་གསུམ་ཟེར་ཞིང་བོད་དུ་ནང་ཆོས་དར་བར་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད། མཁན་ཆེན་ཞི་བ་འཚོའི་འདས་རྐྱེན་ལ་ལོ་རྒྱུས་སུ་བཤད་ཚུལ་མང་ཡང་ཅུང་གཅིག་མཐུན་དུ་ཡོད་པ་ནི། 《སྦ་བཞེད་》དུ་ཁོང་གསས་མཁར་དགུ་ཐོག་གི་འོག་ཏུ་རྟ་ཡིས་འཕྲས་བརྒྱབ་ནས་དབུ་ལ་ཁེལ་ཏེ་གྲོངས་པ་དང་། འདའ་ཁར་ཁ་ཆེམས་ཡེ་ཤེས་དབང་པོ་ལ་བཞག་ནས་མྱ་ངན་ལས་འདས་ཞེས་པ་དེ་རེད། མཁན་ཆེན་ཞི་བ་འཚོ་ཡིས་ནང་བསྟན་དར་སྤེལ་ལ་བྱས་རྗེས་བླ་མེད་བཞག་ཡོད་པས། ཁོང་གི་རྗེས་འཇུག་བུ་སློབ་དག་གིས་དད་མོས་དང་རྗེས་དྲན་བྱེད་པའི་ཆེད་དུ་བསམ་ཡས་དགོན་པའི་འཁྲིས་ཀྱི་ཧས་པོ་རིར་ཁོང་ཉིད་ལ་རིང་བསྲེལ་མཆོད་རྟེན་ཞིག་བཞེངས་པར་གྲགས་ཤིང་། འདི་ནི་བོད་དུ་བཞེངས་པའི་སྐུ་གདུང་མཆོད་རྟེན་ཐོག་མ་དེ་ཡིན་པར་གྲགས། གཞན་ཡང་དུས་རབས་བརྒྱད་པ་དང་དགུ་པའི་ནང་དུ། བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ལ་ཡང་སྐུ་གདུང་མཆོད་རྟེན་བཞེངས་མྱོང་ཡོད་པར་གྲགས་ཏེ། དེ་ཡང་སྐ་བ་དཔལ་བརྩེགས་གྲོངས་རྗེས་ཁོང་གི་སྐུ་ཕུང་མཆོད་རྟེན་དུ་བཞུགས་ནས་དམར་གདུང་མཆོད་རྟེན་བཞེངས་ཡོད་དེ། མཆོད་རྟེན་དེ་བསམ་ཡས་ཧས་པོ་རིའི་བྱང་སྣེ་རུ་ཡོད་ཅིང་། གནའ་ཤུལ་རིག་པས་ཚད་ལེན་བྱས་པ་ལྟར་ན་མཆོད་རྟེན་དེའི་རྨང་ནི་གྲུ་བཞི་ནར་མོའི་དབྱིབས་སུ་ཆགས་ཤིང་། ལྷོ་བྱང་གི་རིང་ཚད་ལ་སྨི་11དང་། ཤར་ནུབ་ཀྱི་ཞེང་ཀར་སྨི་9.4ཡོད་ལ། རྨང་རྡོའི་བང་རིམ་ལ་རིམ་པ་5ཡོད་ཅིང་། མཆོད་རྟེན་གྱི་བུམ་པའི་སྟེང་ཕྱོགས་ཀྱི་རྩེ་མོ་ཞིག་རལ་དུ་གྱུར་ཡོད་པ་ལ་མཐོ་ཚད་སྨི་11ཡོད་པ་ལས་ད་དུང་སྲོག་ཤིང་ཡང་མཐོང་ཐུབ། “རིག་གསར་” སྐབས་སུ་མི་རྣམས་ཀྱིས་མཆོད་རྟེན་གྱི་བུམ་པའི་ནང་ནས་གསེར་རྩི་བྱུགས་པའི་སྒམ་ཞིག་བཏོན་པ་དེའི་ནང་དུ་རུས་པ་བཅུག་ཡོད་སྐད། ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྐུ་གདུང་མཆོད་རྟེན་ཧས་པོ་རིའི་ལྷོ་སྣེ་རུ་བཞེངས་ཡོད་པ་དང་། དབྱིབས་དང་རྣམ་པ་བྱང་སྣེའི་སྐ་བ་དཔལ་བརྩེགས་ཀྱི་སྐུ་གདུང་མཆོད་རྟེན་དང་གཅིག་མཚུངས་ཡིན་མོད། དེ་བས་ཀྱང་ཞིག་རལ་དུ་གྱུར་ཡོད་དེ། མཆོད་རྟེན་གྱི་རྨང་རྡོའི་ལྷོ་བྱང་གི་རིང་ཚད་ལ་སྨི་9.7ཡོད་ལ། ཤར་ནུབ་ཀྱི་ཞེང་ཀ་ལ་སྨི་9.7ཡོད་པ་དང་མཐོ་ཚད་ལ་སྨི་8ཙམ་ཡོད་པ་རེད། ཞང་ཡེ་ཤེས་སྡེ་ཡི་སྐུ་གདུང་མཆོད་རྟེན་ནི་ཧས་པོ་རི་ཡི་ཆེས་ཤར་སྣེ་རུ་བཞེངས་ཡོད་ཅིང་། ཕྱིའི་བཟོ་བཀོད་ནི་མཆོད་རྟེན་གཞན་གཉིས་དང་མཚུངས་ལ། རྨང་གི་ལྷོ་བྱང་གི་རིང་ཚད་ལ་སྨི་16.4ཡོད་པ་དང་། ཤར་ནུབ་ཀྱི་རིང་ཐུང་ལ་སྨི་16.1ཡོད་ཅིང་། ཞིག་རལ་གྱི་མཐོ་ཚད་ལ་སྨི་11ཙམ་ཡོད་པ་རེད། གོང་གསལ་ལོ་ཙཱ་བ་རྣམ་གསུམ་གྱི་སྐུ་གདུང་མཆོད་རྟེན་ཧས་པོ་རིའི་སྟེང་དུ་ལྷོ་ནས་བྱང་དུ་སྟར་པ་གཅིག་ཏུ་བཞེངས་ཡོད་པ་དང་། དེ་དག་དང་མཁན་ཆེན་ཞི་བ་འཚོའི་སྐུ་གདུང་མཆོད་རྟེན་གྱིས་བོད་ཀྱི་ཆེས་སྔ་བའི་སྐུ་གདུང་མཆོད་རྟེན་གྱི་ཚོགས་ཤིག་གྲུབ་ཡོད་པ་རེད།
བསྟན་པ་ཕྱི་དར་གྱི་སྐབས་སུའང་བོད་དུ་སྐུ་གདུང་མཆོད་རྟེན་མང་པོ་རིམ་གྱིས་བཞེངས་མྱོང་ཡོད་དེ། དཔེར་ན་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོ་བར་མཛད་རྗེས་བླ་མེད་འཇོག་མཁན་བོད་ཀྱི་མཁས་པ་མི་གསུམ་དུ་འབོད་པ་དེ་དེང་གི་ཟི་ལིང་གི་ས་ཆར་ཕེབས་ནས་སྒྲུབ་སྦྱངས་གནང་བ་དང་། ཕྱིས་སུ་དེ་གར་དགོངས་པ་མྱ་ངན་ལས་འདས་རྗེས། ཁོང་རྣམ་པའི་རྗེས་འཇུག་བུ་སློབ་དག་གིས་སྐུ་གདུང་མཆོད་རྟེན་བཞེངས་ཤིང་། ཕྱིས་སུ་དེ་གར་དགོན་པ་བཏབ་ནས་ད་ལྟའི་ཟི་ལིང་མཁར་དབུས་ཀྱི་མཁས་པ་མི་གསུམ་གྱི་ལྷ་ཁང་དུ་བརྗོད་པ་དེ་རེད། གཞན་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་གུ་གེ་རྒྱལ་རབས་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་གདུང་མཆོད་རྟེན་ཞིག་དེང་གི་སྐྱིད་ལུང་ཟེར་བའི་ས་ཆ་དེར་བཞེངས་པའི་སྐོར་འཁོད་ཡོད།དེ་ལྟར་སྐུ་གདུང་མཆོད་རྟེན་དེ་གང་གཤེགས་པ་དེར་གཤིན་མཆོད་བྱེད་སྟངས་ལས་རིམ་པ་ཆེས་མཐོ་ཤོས་ཀྱི་བརྩི་བཀུར་བྱེད་སྟངས་ཤིག་ཡིན་པ་དང་། དེ་ནི་སྐྱེས་མཆོག་གང་དེ་མི་ཡུལ་དུ་འཚོ་བཞུགས་དུས་ཀྱི་བླ་མེད་མཛད་རྗེས་ལ་རྗེས་དྲན་དང་རྗེས་སུ་ཡི་རངས་བྱ་སྟངས་ཤིག་ཀྱང་རེད། བསྟན་པ་ཕྱི་དར་གྱི་ཐོག་མའི་དུས་རིམ་དུ་གུ་གེ་རྒྱལ་རབས་ཀྱིས་བཞེངས་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་གདུང་མཆོད་རྟེན་དང་། དེ་དུས་སྐུ་གདུང་མཆོད་རྟེན་བཞེངས་པའི་ཆོ་ག་བྱེད་སྒོ་སོགས་ཀྱིས་ཕྱིས་ཀྱི་གྲུབ་མཐའ་ཁག་གིས་ལུགས་སྲོལ་འདི་དར་སྤེལ་གཏོང་བ་དང་ལྷག་པར་དུ་དགེ་ལུགས་པའི་སྐབས་སུ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་གཏོང་བར་རྨང་གཞི་བཏིང་ཡོད་པ་རེད། སྐབས་དེ་ནས་བཟུང་དུས་རབས་བཅུ་བཞི་པར་དགེ་ལུགས་པ་བྱུང་བའི་བར་དུ་གྲུབ་མཐའ་ཁག་གིས་སྐུ་གདུང་མཆོད་རྟེན་ཧ་ཅང་མང་པོ་བཞེངས་ཡོད་པ་རེད། དེ་དག་ལས་ཅུང་སྐད་གྲགས་ཆེ་བའི་སྐུ་གདུང་མཆོད་རྟེན་དག་བཀོད་ན། བཀའ་གདམས་པའི་གྲུབ་མཐའི་བསྟན་པའི་འབྱུང་ཁུངས་ལྟ་བུའི་ཇོ་བོ་རྗེ་ཨ་ཏི་ཤ་འདས་གྲོངས་སུ་གྱུར་རྗེས་ཁོང་གི་སློབ་བུ་འབྲོམ་སྟོན་པས་སྙེ་ཐང་སྒྲོལ་མ་ལྷ་ཁང་དུ་བུམ་པ་ཞིག་གི་ནང་དུ་ཁོང་གི་སྐུ་གདུང་བཞུགས་སུ་གསོལ་སྐད། གཞན་ཡང་རྒྱུ་ཆ་ཁ་ཤས་སུ་གསལ་བ་ལྟར་ན་1056ལོར་འབྲོམ་སྟོན་གྱིས་ཇོ་བོ་རྗེའི་སྐུ་གདུང་ར་སྒྲེང་དགོན་དུ་གདན་དྲངས་ནས་དངུལ་གྱི་མཆོད་རྟེན་ཞིག་ཏུ་བཞུགས་སུ་གསོལ་བར་བརྗོད་ལ། ཕྱིས་སུ་ད་དུང་ཁོང་གི་ཚེམས་གཟུངས་གཞུག་ཏུ་ཕུལ་ནས་ལྷ་སའི་སེ་ར་དགོན་དུ་ཚེམས་གདུང་མཆོད་རྟེན་ཞིག་བཞེངས་ཡོད་པར་སྐད། “རིག་གསར་”གྱི་ཡར་སྔོན་དུ་ཨ་ཏི་ཤ་ཡི་སྐུ་གདུང་དེ་སྙེ་ཐང་སྒྲོལ་མ་ལྷ་ཁང་གི་ཤར་ལྷོའི་སྨི་500ཙམ་གྱི་མཚམས་སུ་ས་རྡོ་ཡིས་རྩིག་བཟོ་བྱས་པའི་མཆོད་རྟེན་ཞིག་ཏུ་བཞུགས་ཡོད་དེ། 1978ལོར་ཁོང་གི་སྐུ་གདུང་གི་རུས་ཐལ་ཕྱག་ཡུལ་བྷང་ག་ལ་རྒྱལ་ཁབ་ལ་རྩིས་སྤྲོད་བྱས་ཤིང་། རྒྱལ་ཁབ་དེའི་ནང་བསྟན་དར་སྤེལ་ཚོགས་པས་ཁོང་གི་འཁྲུངས་ཡུལ་ནས་དྲན་གསོ་ཁང་ཞིག་ཀྱང་བཞེངས་ཡོད་པ་རེད། འབྲུག་པ་བཀའ་བརྒྱུད་ཀྱི་ཁྲོ་ཕུ་བ་རྒྱ་རི་ཡེ་ཤེས་རྡོ་རྗེ་ནི་1211ལོར་སྐུ་གཤེགས་པ་དང་ཁོང་ལ་ཡང་སྐུ་གདུང་མཆོད་རྟེན་བཞེངས་པའི་ལོ་རྒྱུས་ཡོད་ཅིང་། དང་པོར་སྐུ་གདུང་སྦྱིན་སྲེག་བཏང་རྗེས་རིང་བསྲེལ་བབས་པ་གཟུངས་གཞུག་ཏུ་ཕུལ་བར་གྲགས། བཀའ་གདམས་པའི་སྐྱེས་ཆེན་སྤྱན་སྔ་བ་གྲགས་པ་འབྱུང་གནས་ནི་སྔ་ཕྱིར་ར་སྒྲེང་དང་གདན་ས་འབྲི་གུང་དགོན་ནས་ཁྲི་པར་བཞུགས་ཤིང་། སོག་དམག་བོད་དུ་ལྷགས་དུས་དམངས་ཀྱི་བདེ་སྡུག་ཁུར་དུ་བཞེས་ནས་སྤྱི་ཚོགས་ལ་མཛད་རྗེས་བླ་མེད་བཞག་ཡོད།1255ལོར་ཁོང་མྱ་ངན་ལས་འདས་རྗེས་ཁོང་གི་བུ་སློབ་དག་གིས་རིང་བསྲེལ་མང་དུ་བབས་པ་རྣམས་མཆོད་རྟེན་དུ་བཞུགས་སུ་གསོལ་ནས་རིང་བསྲེལ་མཆོད་རྟེན་ཞིག་བཞེངས་ཡོད་པ་རེད། ས་སྐྱ་བའི་སྐབས་སུ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་ལིའང་ཀྲོའུ་ནས་སྐུ་མྱ་ངན་ལས་འདས་ཤིང་ཁོང་གི་སྐུ་གདུང་མཆོད་རྟེན་དེ་1252ལོར་ལིའང་ཀྲོའུ་ནས་བཞེངས་པ་དང་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་རབ་གནས་གནང་།
རི་བོ་དགེ་ལུགས་པ་དར་རྒྱས་སུ་སོང་རྗེས། སྐུ་གདུང་མཆོད་རྟེན་བཞེངས་པའི་སྲོལ་རྒྱུན་དེ་རྒྱ་ཆེར་སྤེལ་གནང་བ་དང་། ལྷག་པར་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྤྱིར་མཆོད་རྟེན་གྱི་ཐིག་རྩ་སོགས་ལ་གཅིག་གྱུར་གྱི་ཚད་གཞི་གཏན་འབེབས་གནང་བ་ནས་བཟུང་། བོད་དུ་དགོན་སྡེ་ཆེ་ཆུང་མང་པོར་མཆོད་རྟེན་དང་སྐུ་གདུང་མཆོད་རྟེན་བཞེངས་པའི་སྲོལ་དེ་གང་སར་ཁྱབ་ཡོད་པ་རེད། དགེ་ལུགས་པས་ཐོག་མར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལ་སྐུ་གདུང་མཆོད་རྟེན་བཞེངས་ཡོད། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མ་གཏོགས་སྐུ་ཕྲེང་གཞན་དག་ཚང་མར་སྐུ་གདུང་མཆོད་རྟེན་བཞེངས་ཡོད་དེ། དེ་དག་ལས་སྐུ་ཕྲེང་དང་པོ་ནས་བཞི་པའི་བར་གྱི་སྐུ་གདུང་མཆོད་རྟེན་དེ་འབྲས་སྤུངས་དགོན་པ་དང་གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་ནང་དུ་བཞེངས་ཡོད་པ་དང་། སྐུ་ཕྲེང་ལྔ་པ་དང་། བདུན་པ་ནས་བཅུ་གསུམ་བར་གྱི་སྐུ་གདུང་མཆོད་རྟེན་རྣམས་ཕོ་བྲང་པོ་ཏ་ལ་རུ་བཞེངས་ཡོད་པ་རེད། དེའི་ནང་ནས་རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐུ་གདུང་མཆོད་རྟེན་འཛམ་གླིང་གསེར་གདུང་རྒྱན་གཅིག་ནི་སྐད་གྲགས་ཆེས་ཆེ་བ་དང་། དེའི་མས་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་སྐད་གྲགས་ཆེ་བ་རེད། རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐུ་གདུང་མཆོད་རྟེན་ནི་ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོའི་ནང་གི་སྲིད་ཞི་ཕུན་ཚོགས་ཚོམས་ཆེན་གྱི་ནུབ་ངོས་ཀྱི་ལྷ་ཁང་དུ་བཞེངས་ཡོད་པ་དང་། དེ་ནི་པོ་ཏ་ལའི་ནང་གི་སྐུ་གདུང་མཆོད་རྟེན་ཆེས་ཆེ་བ་དེ་ཡིན་པ་དང་གཟི་བྱིན་ཆེས་འབར་བའི་མཆོད་རྟེན་ཡང་ཡིན། དེ་ནི་རྒྱལ་དབང་ལྔ་པ་གཤེགས་རྗེས་ཀྱི་ལོ་ངོ་བརྒྱད་པ་སྟེ། 1690ལོར་བཞེངས་པ་དང་མཆོད་རྟེན་གྱི་མཐོ་ཚད་ལ་སྨི་14.84ཡོད་པ་དང་། མཆོད་རྟེན་གྱི་བུམ་པའི་ནང་དུ་རྒྱལ་དབང་སྐུ་ཕྲེང་ལྔ་པའི་དམར་གདུང་ཉར་འཇོག་བྱས་ཡོད་པ་རེད། མཆོད་རྟེན་འདི་བཞེངས་པར་གསེར་སྲང་119082ཀྱི་འགྲོ་གྲོན་བཏང་བ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་བཏབ་ཡོད་པ་ལ་བསྡོམས་དངུལ་སྲང་1041828ཀྱི་འགྲོ་སོང་བཏང་ཡོད་པར་བརྗོད། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐུ་གདུང་མཆོད་རྟེན་ནི་1935ལོར་བཞེངས་ནས་གྲུབ་པ་དང་། དེའི་མཐོ་ཚད་དང་གཞི་ཁྱོན་སོགས་ནི་རྒྱལ་དབང་ལྔ་པའི་སྐུ་གདུང་མཆོད་རྟེན་ལས་ཅུང་ཆུང་བ་མ་གཏོགས་ཕལ་ཆེར་འདྲ། དེ་ཉིད་ཕོ་བྲང་པོ་ཏ་ལའི་ནུབ་ངོས་སུ་བཞེངས་ཡོད་པ་དང་གསེར་སྲང་18870ཡིས་གསེར་གདུང་ལ་ཕྱི་ཤུན་བརྒྱབ་ཡོད། མཆོད་རྟེན་ཀྱི་བཟོ་བཀོད་ནི་མདོ་སྔགས་གཉིས་ཀྱི་མཆོད་རྟེན་བཟོ་ལུགས་ཟུང་འབྲེལ་གྱིས་བཞེངས་ཡོད་པར་བརྗོད།
དགེ་ལུགས་པའི་བླ་ཆེན་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལས། སྐུ་ཕྲེང་དང་པོ་ནས་གསུམ་པའི་བར་གྱི་སྐུ་གདུང་བཀྲ་ཤིས་ལྷུན་པོ་དགོན་དུ་བཞག་མེད་ཅིང་། སྐུ་ཕྲེང་བཞི་པ་ནས་བཀྲ་ཤིས་ལྷུན་པོ་དགོན་དུ་སྐུ་གདུང་མཆོད་རྟེན་བཞེངས་པའི་སྲོལ་ཆགས་ཡོད་པ་རེད། དེ་ཡང་སྐུ་གདུང་མཆོད་རྟེན་དེ་དག་གི་ནང་ནས་སྐུ་ཕྲེང་བཞི་པ་དང་སྐུ་ཕྲེང་བཅུ་པ་རྣམ་གཉིས་ཀྱི་སྐུ་གདུང་མཆོད་རྟེན་ནི་སྐད་གྲགས་ཆེ་ཤོས་ཡིན་ཏེ། དེ་ཡང་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི་དགེ་ལུགས་པ་འཕེལ་རྒྱས་སུ་འགྲོ་བར་མཛད་རྗེས་བླ་མེད་བཞག་མྱོང་བའི་སྐྱེས་ཆེན་ཞིག་ཡིན་ལ། ཁོང་གིས་སྐུ་ཚེ་གང་པོའི་ཧུར་བརྩོན་ལ་བརྟེན་ནས་དགེ་ལུགས་པའི་གྲུབ་མཐའི་སྟོབས་ཤུགས་དེ་དབུས་ནས་གཙང་གི་ཕྱོགས་སུ་མཆེད་པ་དང་། གཙང་གི་བཀྲ་ཤིས་ལྷུན་པོ་དགོན་པ་རྒྱ་བསྐྱེད་ནས་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་དུ་ཆགས་སུ་བཅུག་པ་རེད། 1662ལོ་སྟེ་དགུང་ལོ་དགུ་བཅུ་གོ་གཉིས་ཐོག་ཁོང་གི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་དུས། བཀྲས་ལྷུན་དགོན་གྱིས་ཁོང་གི་སྐུ་ཕུང་སོར་འཇོག་གིས་སྐུ་གདུང་མཆོད་རྟེན་བཞེངས། དེ་ཡང་སྐུ་གདུང་མཆོད་རྟེན་གྱི་མཐོ་ཚད་ལ་སྨི་11ཡོད་པ་དང་། གསེར་དང་དངུལ། རིན་པོ་ཆེའི་ཕྲ་རྒྱན་ལ་སོགས་ཀྱིས་མཆོད་རྟེན་ཡོངས་སུ་སྤུད་ཡོད་ལ། གསེར་སྲང་3000ལྷག་དང་། དངུལ་དཀར་པོ་སྲང་50ལྷག་གི་འགྲོ་སོང་བཏང་ཡོད་པར་བརྗོད།
པན་ཆེན་སྐུ་ཕྲེང་བཅུ་པ་ནི་བོད་ཞི་བའི་བཅིངས་འགྲོལ་དང་བོད་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་སུ་མཛད་རྗེས་བླ་མེད་བཞག་མྱོང་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་པས། ཁོང་1989ལོར་སྐུ་མྱ་ངན་ལས་འདས་རྗེས་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཞིན་ཁོང་ལ་སྐུ་གདུང་མཆོད་རྟེན་བཞེངས་རྒྱུ་ཐག་བཅད། དེ་ཡང་ཁོང་གི་སྐུ་གདུང་མཆོད་རྟེན་གྱི་མཐོ་ཚད་ལ་སྨི་11.52ཡོད་པ་དང་། རིན་པོ་ཆེ་རྡོག་ཁྲི་2ལྷག་གིས་ཕྲ་རྒྱན་བཏབ་ཡོད་ལ། འགྲོ་སོང་གསེར་སྤྱི་རྒྱ་614བཏང་ཡོད་པ་རེད། ཁོང་གི་སྐུ་གདུང་མཆོད་རྟེན་བཞུགས་ཡུལ་གྱི་ལྷ་ཁང་དེ་ཡང་1990ལོར་ལེགས་འགྲུབ་བྱུང་ཡོད་པ་རེད།
གསུམ་པ། སྐུ་གདུང་མཆོད་རྟེན་གྱི་ཆོས་ལུགས་ཀྱི་གཞུང་ལུགས་ཀྱི་གཞི་འཛིན་ས།
སྐུ་གདུང་མཆོད་རྟེན་ནི་ནང་པའི་ཆོས་ཀྱི་སྙིང་པོར་གྱུར་པའི་རྣམ་ཤེས་ཡོད་པར་སྨྲ་བའི་ལྟ་བ་དང་འཁོར་བ་དང་འགྲོ་བ་རིགས་དྲུག་གི་ལྟ་བ་མཚོན་པར་བྱེད་པ་ཞིག་ཡིན། ཀུན་གྱིས་མཁྱེན་གསལ་ལྟར། ནང་པའི་བསྟན་པ་ནི་རྣམ་ཤེས་ཡོད་པར་སྨྲ་བ་ཞིག་ཡིན་ལ། དེར་མ་ཟད་རྣམ་ཤེས་ལ་འཇིག་པ་མེད་པར་སྲིད་པར་འཁོར་བ་དང་། ལུས་རྟེན་ནས་ལུས་རྟེན་དུ་འཕོ་བཞིན་ཡོད་པར་འདོད་པ་ཞིག་རེད། དེར་བརྟེན་ང་ཚོའི་སྐད་ཆའི་ཁྱབ་ཁོངས་སུ་ཡང་ཤ་ཁྲག་གདོས་བཅས་ཀྱི་གཟུགས་ཕུང་ལུས་ཞེས་འབོད་པ་འདི་ཡང་ནམ་ཞིག་རྣམ་ཤེས་ཀྱིས་བསྐྱུར་ནས་ཤུལ་དུ་ལུས་འགྲོ་བས་དེ་ལྟར་བཏགས་སོ་ཞེས་དམ་པ་གོང་མ་རྣམས་ཀྱིས་གསུངས། དེ་ཡང་ཤུལ་དུ་ལུས་པའི་བེམ་གཟུགས་དེ་ནི་རྣམ་ཤེས་ཀྱིས་བཏང་བ་ཡིན་པས་སྤྱིར་ན་དོན་སྙིང་ཅི་ཡང་མེད་ཀྱང་། ནང་པའི་རྗེས་འབྲངས་པ་དག་གིས་དེ་ལ་ཉར་འཇོག་བྱེད་སྟངས་དམིགས་བསལ་བ་ཞིག་བཟོས་པ་ནི་སྐུ་གདུང་མཆོད་རྟེན་བཞེངས་རྒྱུ་དེ་རེད། དེ་ལ་སྐུ་གདུང་ཉར་འཇོག་བྱ་བར་རིགས་གཉིས་ཏེ། དང་པོ་ནི་སྐུ་གདུང་སྦྱིན་སྲེག་བྱས་ཏེ་ཤུལ་དུ་ལུས་པའི་རིང་བསྲེལ་སོགས་མཆོད་རྟེན་དུ་ཉར་བ་དང་། གཉིས་པ་ནི་བེམ་པོ་མེར་མ་བསྲེགས་པར་དམིགས་བསལ་གྱི་གཤིན་ཆོག་བསྒྲུབས་ཏེ་མཆོད་རྟེན་དུ་ཉར་འཇོག་བྱས་ཡོད། དེ་ལྟར་བྱེད་པར་དམིགས་ཡུལ་གཉིས་ཡོད་པར་འདོད་དེ། གཅིག་ཏུ་ན་སྐྱེས་ཆེན་གང་དེའི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་ལ་རྗེས་སུ་ཡི་རངས་དང་ཆེ་བསྟོད། གོང་བཀུར་སོགས་བྱེད་པའི་ཆེད་དུ་ཁོང་གི་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚེ་བེམ་པོ་ཉར་འཇོག་བྱེད་སྟངས་དེ་ཡང་སོ་སྐྱེས་ཕལ་པ་དག་དང་ཁྱད་པར་ཕྱེས་ཤིང་། དམིགས་བསལ་གྱིས་མཆོད་རྟེན་བཞེངས་ནས་མཆོད་རྟེན་གྱི་བུམ་པའི་ནང་དུ་ཉར་འཇོག་བྱས་ཏེ། སྐྱེས་ཆེན་གང་དེའི་ཐུན་མོང་མ་ཡིན་པའི་གཟི་བརྗིད་མཚོན་པར་བྱེད་པ་ཞིག་རེད། གཉིས་སུ་ན་རྗེས་དྲན་དང་དྲན་གསོའི་ནུས་པ་འཐོན་བཞིན་ཡོད་དེ། ཁོང་གི་རྣམ་ཤེས་དེ་ཞིང་གཞན་དུ་གཤེགས་ཟིན་ན་ཡང་ཤུལ་ལུས་ཀྱི་བེམ་གཟུགས་དེར་ཡང་ནང་པའི་རྗེས་འཇུག་པ་དག་གིས་ཐུན་མོང་མ་ཡིན་པའི་བྱིན་རླབས་ཤིག་ཡོད་པར་ཡིད་ཆེས་བརྟན་པོ་བཅངས་ཡོད། དེར་བརྟེན། དེ་ལ་མཆོད་པ་དང་། ཕྱག་འཚལ་བ། བསྐོར་བ་རྒྱག་པ། སྨོན་ལམ་འདེབས་པ་སོགས་བྱས་ན་གཅིག་ནས་དམ་པ་གང་དེའི་སྐུ་ཚེའི་གང་གི་མཛད་རྗེས་ལ་རྗེས་དྲན་དང་ཡི་རངས་བྱེད་པ་དང་། གཉིས་ནས་དད་པ་བྱེད་མཁན་རང་ཉིད་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་པར་འདོད་བཞིན་ཡོད།
གཞན་ཡང་སྐུ་གདུང་མཆོད་རྟེན་རང་གི་བཀོད་པའི་གྲུབ་ལུགས་ལས་དཔྱད་ན། མཆོད་རྟེན་གྱི་རྨང་དང་།སྐས་རྐང་། བུམ་པ། བང་རིམ། ཉི་ཟླའི་ཏོག་ལ་སོགས་ཀྱི་སྒྲིག་རིམ་དེ་དག་གིས་རིམ་པ་བཞིན་ས་དང་། ཆུ། མེ།རླུང་བཅས་མཚོན་པར་བཤད་པ་དང་། དེ་ལྟ་བུའི་ནང་ཆོས་ཀྱི་འཇིག་རྟེན་གྲུབ་ཚུལ་གྱི་ལྟ་བ་སྟེ་འབྱུང་བ་བཞི་ཡི་རིག་པ་དེ། སྐུ་གདུང་མཆོད་རྟེན་གྱི་ཞིབ་ཕྲའི་སྒྲིག་གཞིའི་ཐོག་ནས་མཚོན་པར་བྱས་ཤིང་། དེ་ཡང་ང་ཚོའི་ཤ་ཁྲག་གདོས་བཅས་ཀྱི་བེམ་གཟུགས་དེ་ཆེས་མཐའ་མཇུག་ས་ཆུ་མེ་རླུང་བཅས་སུ་རང་བཞིན་གྱིས་འཐིམ་པའི་རྟེན་འབྲེལ་གྱི་ལྟ་བ་ཞིག་དང་འབྲེལ་ཡོད། སྐྱེས་ཆེན་གང་ཞིག་གི་གཟུགས་སྐུའི་རྣམ་པ་དེ་དེ་ལྟ་བུའི་མཆོད་རྟེན་གྱི་ནང་དུ་བཞུགས་སུ་གསོལ་ནས་བོད་ཀྱི་སྐྱེ་བ་སྔ་ཕྱིའི་འདུ་ཤེས་འཛིན་སྟངས་ཤིག་མཚོན་པར་བྱས་ཡོད་པ་རེད། དེ་ཡང་འདུས་བྱས་ཕྲ་རགས་ཀྱིས་གྲུབ་པའི་བེམ་པོ་དེ་ནི་གནས་སྐབས་ཙམ་དང་མི་རྟག་པ་ཡིན་པ་དང་། དེ་ལ་རྟེན་གཞིར་བྱས་པའི་རྣམ་པར་ཤེས་པའི་ཆ་དེ་ནི་དུས་ནམ་ཡང་འཁོར་སྐྱོད་ཀྱི་རྣམ་པ་ཅན་ཞིག་ཡིན་པ་སོགས་སྐུ་གདུང་མཆོད་རྟེན་གྱི་རྣམ་པའི་སྒོ་ནས་མི་རྣམས་ལ་གསལ་འདེབས་བྱེད་བཞིན་ཡོད་པ་རེད།
བཞི་པ། སྐུ་གདུང་མཆོད་རྟེན་གྱིས་ནང་པའི་བསྟན་པའི་དད་པའི་རིག་གནས་ལ་ཐོན་པའི་ནུས་པ།
ང་ཚོས་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས་ཤེས་ཐུབ་པ་ཞིག་ནི་ནང་པའི་བསྟན་པ་དེ་དང་ཐོག་བྱུང་བའི་སྐབས་སུ། དད་རྟེན་དུ་གྱུར་པའི་ཡུལ་མང་པོ་ཞིག་བྱུང་མེད་ཀྱང་། ཕྱིས་སུ་རིམ་གྱིས་སྟོན་པ་གཙོ་བྱས་པའི་དད་པའི་རྟེན་དང་ཡུལ་དུ་གྱུར་པ་མང་པོ་ཞིག་རིམ་གྱིས་བྱུང་ཡོད་ཅིང་། དེ་ཡང་ཆོས་ལུགས་རང་སྟེང་གི་འཕེལ་རྒྱས་ཀྱི་དགོས་མཁོ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། དང་ཐོག་གི་ཐེག་དམན་སྐབས་ཀྱི་མཆོད་པའི་ལྷའམ་སྐྱབས་གནས་མེད་པ་ནས་ཕྱིས་ཀྱི་ཐེག་ཆེན་གྱི་སྐབས་ཀྱི་ལྷའམ་མཆོད་གནས་མང་པོ་བྱུང་བ་དང་། དེ་ནས་གསང་བ་སྔགས་ཀྱི་ལྷ་ཚོགས་ཀྱི་འཇིག་རྟེན་ཆ་ཚང་ཞིག་བྱུང་བའི་བར་དུ། སངས་རྒྱས་ཆོས་ལུགས་ནི་དད་རྟེན་མང་བའི་དུས་རབས་སུ་འཕེལ་རྒྱས་བྱུང་ཡོད་པ་རེད། ནང་པའི་བསྟན་པ་བོད་དུ་དར་བའི་དུས་ནི་རྒྱ་གར་དུ་ནང་བསྟན་གསང་སྔགས་དར་ནས་རྒུད་པའི་དུས་རབས་སུ་ཁེལ་ཡོད་ཅིང་། སྐབས་དེར་བོད་ཀྱིས་དད་རྟེན་མང་པོ་ཅན་གྱི་ཐེག་ཆེན་གྱི་བསྟན་པ་དེ་བོད་དུ་དྲངས་ནས། བོད་ཁམས་སུ་ནང་པ་སངས་རྒྱས་ཀྱི་རྗེས་འཇུག་མཁན་གྱིས་རྒྱ་ཆེ་ཞིང་གཏིང་ཟབ་ལ། གྲངས་ཀ་མང་བའི་ནང་པའི་དད་རྟེན་དེ་དག་ལ་མཆོད་འབུལ་དང་སྐྱབས་འཇུག་ཞུ་བའི་ཆོས་ལུགས་དད་མོས་བྱེད་སྟངས་ཀྱི་རིག་གནས་ཤིག་ཀྱང་རིམ་གྱིས་ཚུགས་ཡོད། དེ་ལྟ་བུའི་ནང་པའི་དད་རྟེན་ནང་དུ་རྟེན་དང་བརྟེན་པ་མཐའ་དག་འདུས་པ་སྟེ། ཆེ་ས་ནས་གཙུག་ལག་ཁང་དང་དགོན་པ། འདུ་ཁང་། ལྷ་ཁང་། གནས་རི། ལྷ་མཚོ་སོགས་འདུས་ཤིང་། ཆུང་ས་ནས་དུས་གསུམ་སངས་རྒྱས་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་མཐའ་དག ཡི་དམ། ཆོས་སྐྱོང་སོགས་འདུས་པ་རེད། དེ་ལས་ཀྱང་བོད་རང་གི་ཡུལ་ནས་འཁྲུངས་པའི་སྐྱེས་ཆེན་དེ་དག་ཀྱང་རིམ་གྱིས་དད་རྟེན་གྱི་ཁོངས་སུ་ཚུད་ནས་ཁོང་ཅག་ལ་སྐུ་འབག་བཞེངས་པ་དང་། རི་མོར་འབྲི་བ། ལྷ་ཁང་བཞེངས་པ་སོགས་བྱེད་ཅིང་། སྐབས་འདིའི་བརྗོད་གཞི་སྐུ་གདུང་མཆོད་རྟེན་ཡང་ཆོས་ལུགས་རིག་གནས་ཀྱི་སེམས་ཁམས་དེ་འདྲ་ཞིག་གི་འོག་ནས་རིམ་གྱིས་བོད་ཁུལ་དུ་དར་ཁྱབ་བྱུང་བ་རེད། དད་འབངས་ཀྱིས་སྐྱེས་ཆེན་གང་ཞིག་གི་རིང་བསྲེལ་ལམ། སེན་མོ། སྐྲ་ལོ། ཚེམས་སོགས་མཆོད་རྟེན་དུ་ཉར་བ་དང་། ཡང་ན་གང་དེའི་སྐུའི་ཕུང་པོ་དམར་གདུང་གི་རྣམ་པའི་ཐོག་ནས་མཆོད་རྟེན་དུ་ཉར་བ་སོགས་བྱེད་པ་ནི། མཐར་གཏུགས་ན་ཕྱི་རབས་དད་འབངས་ཀུན་ལ་དད་རྟེན་ཞིག་བཞེངས་པ་ཡིན་ཞིང་། དེ་ལ་ཀུན་གྱིས་མཆོད་འབུལ་དང་སྐྱབས་འཇུག་ཞུས་ཏེ། ཆོས་ལུགས་དད་མོས་ཀྱི་རིག་གནས་སྣང་ཚུལ་ཁྱད་པར་བ་ཞིག་གྲུབ་ཡོད།
བོད་ཀྱི་དགོན་སྡེ་ཁག་གི་གནས་ཚུལ་ལ་གཞིགས་ན། སྐུ་གདུང་མཆོད་རྟེན་དང་དེ་ཉར་འཇོག་བྱས་ཡོད་པའི་ལྷ་ཁང་དག་ནི་དགོན་པའི་རྟེན་དང་བརྟེན་པ་ཀུན་ལས་ཆེས་དམིགས་བསལ་དང་བྱིན་རླབས་ཀྱི་ཚན་ཁ་འབར་བའི་གྲུབ་ཆ་འགངས་ཆེན་ཞིག་ཏུ་བརྩིས་ཏེ། དགོན་པའི་ནང་སྙིང་ལྟ་བུར་གྱུར་ཡོད་པ་རེད། དཔེར་ན། ལོ་རྒྱུས་ཤིན་ཏུ་རིང་པོ་ལྡན་པའི་ཕོ་བྲང་པོ་ཏ་ལ་ལྟ་བུར་མཚོན་ན་ཡང་རྒྱལ་དབང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་བཞུགས་སུ་གསོལ་བས་ཕོ་བྲང་གི་གཟི་བྱིན་ཆེ་རུ་གྱུར་ཡོད་པ་དང་། མི་རྣམས་མཆོད་མཇལ་དང་ལྟ་སྐོར་དུ་འགྲོ་བ་གང་ཡིན་རུང་། རྒྱལ་དབང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་དེ་དག་ནི་ཅིས་ཀྱང་མཇལ་དགོས་པའི་རྟེན་འགངས་ཆེན་དུ་གྱུར་ཡོད་པ་རེད། གཞན་ཡང་གཙང་བཀྲ་ཤིས་ལྷུན་པོ་དགོན་པ་དང་། བོད་ཁུལ་གྱི་དགོན་སྡེ་ཆེ་ཆུང་གང་ཡིན་དུ་དགོན་པ་དེ་རང་གི་ལོ་རྒྱུས་ཁྲོད་མཛད་རྗེས་ཆེན་པོ་བཞག་ཡོད་པའི་སྐྱེས་ཆེན་དག་གི་སྐུ་གདུང་མཆོད་རྟེན་བཞེངས་ཡོད་ཅིང་། དེ་དག་ནི་ཉེ་རྒྱང་གི་མི་རྣམས་ཀྱི་སེམས་ཁོང་དུ་བྱིན་རླབས་ཆེན་པོ་ཡོད་པའི་ཆོས་ལུགས་ཀྱི་དད་རྟེན་དུ་གྱུར་ཡོད་པ་རེད།
སྐུ་གདུང་མཆོད་རྟེན་ལ་གོང་གསལ་གྱི་ཆོས་ལུགས་རིག་གནས་ཐད་ཀྱི་བྱེད་ནུས་ལྡན་པ་ལས་གཞན། ད་དུང་དེ་ནི་ལོ་རྒྱུས་ཀྱི་ཟིན་ཐོ་ལྟ་བུ་དང་། རིན་ཆེན་གྱི་གཏེར་མཛོད་ལྟ་བུར་ཡང་གྱུར་ཡོད་པ་རེད། མི་རྣམས་ཀྱིས་ཆོས་སྲིད་ཀྱི་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་བཞག་མྱོང་བའི་སྐྱེས་ཆེན་དག་གི་སྐུ་གདུང་མཆོད་རྟེན་བཞེངས་པ་དང་། ཡང་སྐུ་གདུང་མཆོད་རྟེན་དེ་ལ་དེ་འབྲེལ་གྱི་དཀར་ཆག་སོགས་མཛད་ནས་སྐབས་དེའི་ལོ་རྒྱུས་ཀྱི་གནས་ཚུལ་སོགས་ཡི་གེར་འཁོད་ཡོད་པ་སྟེ། དཔེར་ན་རྒྱལ་དབང་ལྔ་པའི་སྐུ་གདུང་འཛམ་གླིང་གསེར་སྡོང་རྒྱན་གཅིག་ལྟ་བུར་མཚོན་ན། སྐབས་དེའི་བོད་ཁམས་ཡོངས་དང་། དེ་མིན་རྒྱ་བོད་ཧོར། བལ་པོ། རྒྱ་གར་སོགས་ཀྱི་ནུས་ཤུགས་གཅིག་སྡུད་ཀྱིས་བཞེངས་སྐྲུན་བྱས་པའི་སྲིད་ན་མཐོང་དཀོན་པའི་དད་རྟེན་ཞིག་ཡིན་ཏེ། དེའི་སྐོར་བྲིས་ཡོད་པའི་དཀར་ཆག་དག་ལས་སྐབས་དེའི་མི་རིགས་སོ་སོའི་དབར་གྱི་མཛའ་མཐུན་གྱི་འབྲེལ་འདྲིས་དང་། དཔལ་འབྱོར་གྱི་གནས་སྟངས། ཆབ་སྲིད་ཀྱི་འགྲོ་སྟངས་སོགས་ཟུར་གང་རུང་ནས་མཐོང་ཐུབ་ཅིང་། སྐུ་གདུང་མཆོད་རྟེན་དེ་ཡང་རྒྱལ་ཁབ་མི་འདྲ་བ་དང་། རིག་གནས་མི་འདྲ་བ། ལམ་ལུགས་མི་འདྲ་བའི་སྟོབས་ཤུགས་གང་མང་གི་ཐུན་མོང་གི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་མཐོང་ཐུབ། སྤྱིར་སྐུ་གདུང་མཆོད་རྟེན་ནི་ཧ་ཅང་རྒྱས་སྤྲོས་དོད་པོས་བཞེངས་པ་ཞིག་ཡིན་ཏེ། དེ་བཞེངས་པར་གསེར། དངུལ། གཡུ། བྱུ་རུ། མུ་ཏིག་སོགས་རིན་ཆེན་རིགས་མང་པོ་དགོས་ལ། རིན་པོ་ཆེ་ཡི་རིགས་དེ་དག་ནི་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་རིམ་གྱིས་གནའ་རྫས་རྩ་ཆེན་དུ་གྱུར་ཡོད། དུས་མཚུངས་སུ་སྐུ་གདུང་མཆོད་རྟེན་མང་པོ་ཞིག་ལ་ནི་བཟོ་བཀོད་ཁྱད་མཚར་ཞིང་སྒྱུ་རྩལ་གྱི་མཛེས་ཉམས་མཆོག་ཏུ་མངའ་བས། དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་ཆོས་ལུགས་རིག་གནས་ཁྲོད་ཀྱི་སྒྱུ་རྩལ་བརྩམས་ཆོས་ཤིག་ཏུ་གྱུར་ཡོད་ཅིང་། དེ་ལ་བོད་ཀྱི་སྲོལ་རྒྱུན་གྱི་མཛེས་དཔྱོད་རིག་པར་ཞིབ་འཇུག་བྱེད་པར་ཡང་རིན་ཐང་ཆེན་པོ་ལྡན་པ་རེད།
མདོར་ན། སྐུ་གདུང་མཆོད་རྟེན་ནི་རྒྱ་གར་གྱི་དུར་འཇུག་རིག་གནས་ནང་པས་བསྡུ་ལེན་བྱས་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཡིན་ལ། རྒྱ་གར་གྱི་ནང་པའི་བསྟན་པའི་སྲོལ་རྒྱུན་བོད་ཀྱིས་རྒྱུད་འཛིན་བྱས་པའི་ཆོས་ལུགས་རིག་གནས་ཀྱི་འཕེལ་རྒྱས་ཤིག་ཀྱང་ཡིན། དེ་ལ་ཆོས་ལུགས་རང་ངོས་ཀྱི་དོན་སྙིང་དང་། ལོ་རྒྱུས་ཞིབ་འཇུག་གི་དོན་སྙིང་།རིག་གནས་འཕེལ་འགྱུར་ལ་བརྟག་དཔྱད་བྱེད་པའི་དོན་སྙིང་སོགས་དགེ་མཚན་མི་ཉུང་བ་ཞིག་མཆིས་པས། བོད་ཀྱི་ནང་པའི་ཆོས་ལུགས་ཁྲོད་ཀྱི་གཟི་འོད་འབར་བའི་རིག་གནས་ཀྱི་ནོར་བུ་ཞིག་ཡིན་ནོ། །
མཆན་འགྲེལ།
①དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 [M] མི་རིགས་དཔེ་སྐྲུན་ཁང་། 1986ལོ། p.166
②དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》 [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། p.861
③ཁང་དཀར་སྐལ་བཟང་ཚུལ་ཁྲིམས། 《ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ》[M] གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་པར་སྐྲུན་བྱས། 2007ལོ། p.315
④འདིའི་སྐོར་ལ་《དུང་དཀར་ཚིག་མཛོད་ཆེན་མོ་》རུ་འདི་ལྟར་འཁོད་ཡོད་དེ། སྔོན་དུས་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་རྗེས་སྐུ་གདུང་ཞུགས་འབུལ་བྱེད་སྐབས་སྡིག་ཅན་གྱི་ཡུལ་དུ་གནས་པའི་གྱད་མི་རྣམས་དང་རྟོག་གཡོའི་ཡུལ་གྱི་རྒྱལ་རིགས་པུ་ལུ་ཀ་དང་། གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཀྲོདྷ། ཁྱབ་འཇུག་གླིང་དུ་གནས་པའི་བྲམ་ཟེ། གྲོང་ཁྱེར་སེར་སྐྱའི་ཡུལ་དུ་གནས་པའི་ཤཱཀྱ། གྲོང་ཁྱེར་ཡངས་པ་ཅན་དུ་གནས་པའི་ལི་ཙཱ་བྱི་བཅས་ཁག་བརྒྱད་སྔ་རྗེས་སུ་འོངས་ནས་སྐུ་གདུང་ང་ཚོར་དགོས་ཞེས་རྩོད་གླེང་བྱུང་སྐབས། བྲམ་ཟེ་བྲེ་བོ་དང་མཉམ་པས་སྐུ་གདུང་ཆ་བརྒྱད་དུ་བགོས་པས་མ་གྷ་དྷ་ཡི་ཁལ་རེ་རེ་བྱུང་བ་སྦྱིན་པ་དེ་ཁྱེར་ནས་རང་རང་གི་ཡུལ་དུ་སྐུ་གདུང་ཡོད་པའི་མཆོད་རྟེན་རེ་བཞེངས། ཞེས་སོ། །
⑤པད་སྤུངས་མཆོད་རྟེན། བྱང་ཆུབ་མཆོད་རྟེན། བཀྲ་ཤིས་སྒོ་མང་མཆོད་རྟེན། ཆོ་འཕྲུལ་མཆོད་རྟེན། ལྷ་བབས་མཆོད་རྟེན། དབྱེན་བསྡུམས་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། མྱང་འདས་མཆོད་རྟེན།
⑥⑦དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》[G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། p.861
⑧དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] མི་རིགས་དཔེ་སྐྲུན་ཁང་། 1986ལོ། p.350
⑨⑩དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》 [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། p.230