ཚོགས་འདུའི་ཡུལ་དངོས།
སྐབས་གསུམ་པའི་ཁྲོན་བོད་ཡུལ་སྐོར་འཕེལ་རྒྱས་གླེང་སྟེགས་དེ་ཁྲེང་ཏུའུ་རུ་འཚོགས་པ་རེད། སྐབས་འདིའི་གླེང་སྟེགས་ཀྱིས“ཁྲོན་བོད་མཁའ་ལམ་གསར་པའི་ཡུལ་སྐོར་བར་ཁྱམས་དང་ས་ཁོངས་དེང་རབས་ཅན་གྱི་ཞབས་ཞུའི་ལས་རིགས་མ་ལག་འཛུགས་པ”ཞེས་པ་དེ་བརྗོད་དོན་གཙོ་བོར་བྱས་པ་དང་། སྐབས་གོང་མའི་གླེང་སྟེགས་ཐོག་ཆགས་པའི“ཁྲོན་བོད་མཁའ་ལམ་གསར་པའི་ཡུལ་སྐོར་བར་ཁྱམས”ཀྱི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག ཁྲོན་བོད་མཁའ་ལམ་གསར་པའི་ཡུལ་སྐོར་བར་ཁྱམས་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་དམ་པོར་བསྟུན། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གཏན་འཁེལ་གནང་བའི་དུས་རབས་གསར་པའི་བོད་སྐྱོང་ཇུས་ཆེན་ལག་བསྟར་གཏིང་ཟབ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་ཁྲོན་བོད་ལྕགས་ལམ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་བསྟུན། སི་ཁྲོན་དང་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དེ་གྲོང་ཁྱེར་གཉིས་ཀྱི་འཛུགས་སྐྲུན་དང་འདྲེས་པར་བྱེད་པའི་གནད་དོན་ལ་ཞིབ་འཇུག་དང་དཔྱད་བསྡུར་བྱས། མཁའ་ལམ་གསར་པའི་ཡུལ་སྐོར་བར་ཁྱམས་འཛུགས་སྐྲུན་དང་པ་ཧྲུའུ་རིག་གནས་ཡུལ་སྐོར་བར་ཁྱམས་མཉམ་འགུལ་གནད་དོན། སི་ཁྲོན་དང་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གནད་དོན། བར་ཁྱམས་འཛུགས་སྐྲུན་ཁྲོད་ཐོན་ལས་བཀོད་སྒྲིག་དང་འཇུག་པར་བྱེད་པའི་གནད་དོན་ཐད“ནང་ལ་ཡོང་སླ་བ་དང་། ཡུལ་ལ་གནས་ཐུབ་པ། ཁ་ཐོར་ཐུབ་པ། ཡུལ་སྐོར་བྱེད་ས་མང་བ། ཉམས་ལེན་རང་བཞིན་ཆེ་བ། མྱོང་རོལ་བྱེད་ཚད་མཐོ་བ། བདེ་འཇགས་ཐད་སེམས་ཁྲལ་མེད་པ”བཅས་ཀྱི་འཛམ་གླིང་རིམ་པའི་ལམ་ཐིག་རྣམ་པའི་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུ་དེ་གླེང་སྟེགས་ཀྱི་དམིགས་ཡུལ་དང་གྲོས་གཞི་ཞིག་རེད།
གླེང་སྟེགས་ཀྱི་སྐུ་མགྲོན་ཚོས་ཕྱོགས་མང་པོའི་ཐད་ནས་བརྗོད་དོན་གཙོ་བོའི་སྐོར་གྱི་གཏམ་བཤད་གང་ལེགས་སྤེལ་བ་རེད། སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་པའི་ཀྲུའུ་ཞི་གཞོན་པ། འབུམ་རམས་པ་ཤེ་ཧུང་གིས《ཁྲོན་བོད་ཡུལ་སྐོར་བར་ཁྱམས་མགྱོགས་མྱུར་བསྐྲུན་ནས་རིག་གནས་ཡུལ་སྐོར་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསར་གཏོད་ངང་སྐུལ་འདེད་གཏོང་དགོས》ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་ཏེ། རང་བྱུང་སྐྱེ་ཁམས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། དེང་རབས་ཀྱི་དཔལ་ཡོན་བཅས་ཕྱོགས་གསུམ་གྱི་ཐད་ནས་ཡུལ་སྐོར་ཐོན་ཁུངས་གསལ་འགྲེལ་བྱས་པ་དང་། བར་ཁྱམས་དེ་ཡུལ་སྐོར་ཐོན་ཁུངས་བྱེད་པའི་སྣ་མང་རང་བཞིན་དང་ཡུལ་སྐོར་བའི་དགོས་མཁོ་སྣ་མང་དབར་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་དོ་ཁུར་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་རིགས་གཅིག་མཁས་པ། ཀོང་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུའུ་ཧུང་གི《མི་དང་སྲོག་ཆགས་ཀྱི་ཞི་མཐུན་མཉམ་གནས་ཏེ། སྣོད་བཅུད་ཤེས་དཔལ་གྱི་སྐད་ཁོངས་འོག་གི་ཁྲོན་བོད་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་གཞིགས་གསར་པ》ཞེས་པའི་གཏམ་བཤད་ནང་། རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀྱི་འཕྲེད་ཐིག་ཐོག་སྲོག་ཆགས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ལ་དོ་ཁུར་བྱས་པ་དང་། སྲོག་ཆགས་མཛའ་མཐུན་ཅན་གྱི་ཡུལ་སྐོར་དམིགས་ས་འཛུགས་པ་དེ་འབྱུང་འགྱུར་སྤུས་ཚད་མཐོ་བའི་ཡུལ་སྐོར་འཕེལ་རྒྱས་དང་རང་བྱུང་སྲུང་སྐྱོང་གི་འཕེལ་ཕྱོགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་གླེང་བ་རེད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་སློབ་ཆེན་ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ཐུབ་བསྟན་མཁས་གྲུབ་ཀྱིས“བཀྲ་ཤིས་བདེ་ལེགས”ཞེས་པའི་ཚིག་དེ་ནས་འགོ་ཚུགས་ཏེ། བོད་མི་དམངས་ཀྱིས་ཚེ་སྲོག་ལ་བཅངས་པའི་ཐུན་མོང་མ་ཡིན་པའི་ངོས་འཛིན་གསལ་འགྲེལ་བྱས་ནས་ཁྲོན་བོད་ཡུལ་སྐོར་འཕེལ་རྒྱས་གཏོང་བར་མི་རིགས་རིག་གནས་ཀྱི་ནང་དོན་གཏིང་ཟབ་ལ་དེ་བས་དོ་ཁུར་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། སི་ཁྲོན་ཡུལ་སྐོར་སློབ་གླིང་ཤིའར་ཏུན་མགྲོན་ཁང་དོ་དམ་སློབ་གླིང་གི་འབུམ་རམས་པ་ཧོ་ལེའང་ཁྲེན་གྱིས་དྲི་ཤོག་བརྟག་དཔྱད་བྱས་པ་བརྒྱུད་ཁྲོན་བོད་གཞུང་ལམ་གྱི་གྲོང་མིའི་སྡོད་ཁང་ལ་གྲངས་གཞི་ཆེན་པོ་ཚད་འབེབས་ཀྱི་ཞིབ་འཇུག་བྱས་ཏེ《ཁྲོན་བོད་ལམ་ཐིག་གི་གྲོང་མིའི་སྡོད་ཁང་འཕེལ་རྒྱས་སྙན་ཞུ》ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་ཡོངས་བསྒྲགས་བྱས་ནས། ཡུལ་སྐོར་ཁྲོད་ཕོ་མོ་མི་འདྲ་བ་དང་ལོ་ན་མི་འདྲ་བའི་ཡུལ་སྐོར་བར་དོ་ཁུར་བྱས་ཏེ་རང་གཤིས་ཅན་གྱི་ཡུལ་སྐོར་ཞབས་ཞུ་གཏོད་རྒྱུ་དར་སྤེལ་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།
དེ་མིན་སྐབས་འདིའི་གླེང་སྟེགས་ཐོག་ཁྲོན་བོད་ཡུལ་སྐོར་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་མཐུན་སྦྱོར་གསར་གཏོད་ལྟེ་གནས(གླེང་སྟེགས་རྟེན་གཞིའི་སྡེ་ཁག)ཀྱི“ཁྲོན་བོད་ཡུལ་སྐོར་གྱི་གྲངས་གཞི་ཆེན་མོའི་ལྟེ་གནས”ཞིབ་འཇུག་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག 《ཁྲོན་བོད་318ལམ་རྒྱུད་ཀྱི་ཡུལ་སྐོར་འཕེལ་རྒྱས་སྙན་ཞུ》དང《ཁྲོན་བོད་ལམ་ཐིག་གི་གྲོང་མིའི་སྡོད་ཁང་འཕེལ་རྒྱས་སྙན་ཞུ》ཁྱབ་བསྒྲགས་བྱས་པ་དང་སི་ཁྲོན་ཡུལ་སྐོར་སློབ་གླིང་གིས་ཀྲུང་གོའི་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་སྐུལ་སྤེལ་ཚོགས་འདུའི་འོག“ཀྲུང་གོའི་ཡུལ་སྐོར་ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་གསར་གཏོད་སྟེགས་བུ”གྲབས་འཛུགས་བྱ་རྒྱུའི་གྲོས་འགོ་དངོས་སུ་བཏོན་པ་རེད།
ཚོགས་འདུ་མཇུག་འགྲིལ་རྗེས་ས་གནས་དེ་གའི་གདན་ཞུས་ལྟར་ཚོགས་ཞུགས་འཐུས་མི་ཁག་ཅིག་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་དུ་མི་རིགས་ས་ཁུལ་གྱི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་རྩད་ཞིབ་དང་གནད་དོན་བརྟག་དཔྱད་བྱེད་པར་བསྐྱོད་དེ་ཁྲོན་བོད་དང་། ཁྲུང་ཆིང་། ཡུན་ནན་བཅས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་དང་འབྲེལ་ཡོད་གྲུབ་འབྲས་ཐོབ་པར་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གླེང་སྟེགས་འདི་ནི་སི་ཁྲོན་ཡུལ་སྐོར་སློབ་གླིང་། བོད་ལྗོངས་སློབ་ཆེན། ཁྲུང་ཆིང་འགྲིམ་འགྲུལ་སློབ་ཆེན། ཁྲེང་ཏུའུ་བོད་ལྗོངས་གསོལ་མགྲོན་ཁང་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཁྲོན་བོད་ཡུལ་སྐོར་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་མཐུན་སྦྱོར་གསར་གཏོད་ལྟེ་གནས་དང་། སི་ཁྲོན་ཞིང་ཆེན་འཕུར་སྐྱོད་རིག་གནས་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི། ལྷོ་ནུབ་ལན་ཁྲེང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི། ལི་ཡ་ཏེ(ཁྲེང་ཏུའུ)རིག་གནས་ཡུལ་སྐོར་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱིས་སྒྲུབ་འགན་འཁུར་བ་རེད།
http://tibet.people.com.cn/15827361.html