【སྒྲིག་པ་པོའི་མཆན】 དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་མཇུག་བསྡུའི་ལོ་འདིར། གསར་འགོད་པ་ཐང་ཏ་ཧྲན་འབྲི་ཆུའི་འགྲམ་གྱི་བོད་ཤར་རྒྱུད་ཀྱི་གྲུ་པ་རོང་ཤང་གི་གྲོང་ཚོར་བཅའ་སྡོད་བྱེད་དུ་ཡོང་ཞིང་། བཅའ་སྡོད་བྱེད་རིང་རྩོམ་རིག་ལ་དགའ་བའི་ཁོང་གིས་ཅི་ཞིག་མཐོང་བ་དང་། ཅི་ཞིག་ཐོས་པ། མྱོང་ཚོར་གང་འདྲ་ཡོད་དམ།《རི་གྲོང་དུ་བཅའ་སྡོད་བྱས་པའི་མཐོང་ཐོས》ཀྱིས་ཁྱེད་ལ་ཁམས་ཕྱོགས་ཀྱི་ཡུལ་གྲུའི་འཕེལ་རྒྱས་དང་འགྱུར་ལྡོག་གི་རི་མོ་རེ་རེ་བཞིན་འགྲེམས་སྟོན་བྱས་ཏེ། ས་གཞི་འདིར་འཚོ་བ་རོལ་བའི་མི་རྣམས་ཀྱི་སྤོབས་པ་ཡར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཞིབ་བརྗོད་བྱས་ཡོད།
འདི་ནི་སྤྲོ་གསེང་གཏོང་སའི་གནས་ལ་རྒྱང་བལྟས་བྱས་པའི་རྣམ་པ་རེད།
ཁར་སྡུད་སྒང་ནི “ས་དབྱིབས་ཁྲོ་ལྕགས་ཀྱི་སླ་ངའི་ཞབས་དང་མཚུངས་པའི་ས་ཆ”ཞེས་པའི་དོན་ཡིན་ཞིང་། དེ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་རོང་ཤང་དུ་གནས་ཡོད།
ང་རང་ཁར་སྡུད་སྒང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་དུ་ཐེངས་མང་པོར་སོང་མྱོང་ཞིང་། དེ་ནི་རི་རྩེའི་ངོས་སྙོམས་ཤིག་ཏུ་ཡོད་པས་སླ་ངའི་མཐིལ་ཁ་སྦུབས་སུ་བསྐོར་བ་བཞིན་མིང་དོན་མཚུངས་པ་ཞིག་རེད།
སྤྲོ་གསེང་གཏོང་བའི་གནས་སུ་སླེབས་རྗེས་ཕྱོགས་བཞིར་བལྟས་པ་དང་། ལྷག་པར་དུ་ཁར་སྡུད་སྒང་གྲོང་ཚོའི་ཡུལ་མིའི་སྡོད་ཁུལ་དུ་བལྟས་པ་ན་ད་གཟོད་རང་ཉིད་ཀྱིས་མགོ་རྟིང་སློག་པའི་ནོར་འཁྲུལ་ཅིག་ཤོར་བ་གཞི་ནས་ཚོར། སླ་ང་འདི་ནི་རྒྱུན་ལྡན་ལྟར་བཞག་ཡོད་ཅིང་། སྡོད་དམངས་ནི་སླ་ངའི་ཞབས་ཀྱི་བདེ་བའི་སར་གནས་ཡོད། གྲོང་མིའི་ཨུ་ཡོན་ལྷན་ཁང་དང་དེའི་བར་ཐག་མི་རིང་ཞིང་། དཀྱིལ་དུ་རི་བོ་ཆུང་ཆུང་ཞིག་གིས་བཀག་ནས་ཡོད་པས་དེ་ནི་དེ་གཉིས་བར་གྱི་རང་བྱུང་གི་སྲུང་ཡོལ་ཞིག་དང་འདྲ་པོ་ཡོད།
གནས་འདིའི་ས་བབ་ཀྱི་མཐོ་ཚད་སྨི3800ཡོད་ཅིང་། ཚ་བ་ཆེ་ཤོས་ཀྱི་སྐབས་སུ་ས་འདིའི་དྲོད་ཚད་ནི་ཤང་སྲིད་གཞུང་ལས་ཧྲེ་ཧྲི་ཏུའུ10ཙམ་གྱིས་དམའ་བ་ཡོད། ཡང་གཅིག་བཤད་ན་ཁར་སྡུད་སྒང་ལ་དབྱར་ཁ་མེད་ཅིང་། དེ་ནི་ཚ་གཞོལ་གྱི་གནས་མཆོག་ཅིག་ཡིན་ཞེས་བརྗོད་ཀྱི་ཡོད།
བོད་རིགས་ཀྱི་མང་ཚོགས་མང་ཆེ་བས་ལོ་ལེགས་བྱུང་རྗེས་གླུ་ལེན་གར་རྩེད་ཀྱིས་རྟེན་འབྲེལ་ཞུ་བ་ཡིན་ཞིང་། ངས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཡང་དབྱར་ཁ་འདི་ལྟ་བུར་ཁར་སྡུད་སྒང་གྲོང་ཚོར་ལོ་ལེགས་ཅི་ཞིག་བྱུང་ཡོད་པ་དྲན་མ་ཐུབ། ནས་ནི་ཕལ་ཆེར་མེད་པ་དང་། སྟར་ཁའང་ད་རུང་འབྲས་བུ་ཐོགས་མེད་ཅིང་། ནོར་ལུག་གིས་སྔར་བཞིན་རྩྭ་ཟ་བཞིན་འདུག
ལིའུ་ཧྥུང་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཁར་སྡུད་སྒང་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་རུ་ཁག་གི་རུ་དཔོན་ཡིན་ཞིང་། ཁོང་གིས་མགོར་རེག་རེག་བྱེད་བཞིན”ཁོང་ཚོས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བ་རེད། ཉིན་འགའི་སྔོན་ལ་རི་མགོར་དབྱར་རྩྭ་བརྐོ་རུ་སོང་སྟེ། རི་འགོ་ནས་སྔ་རྗེས་སུ་ཟླ་གཅིག་ལྷག་ལ་བསྡད་པ་དང་། ལོ་གཅིག་གི་ཡོང་འབབ་མང་ཆེ་བ་དབྱར་རྩྭ་དགུན་འབུ་བརྐོས་ནས་བྱུང་བ་རེད། ད་ལྟ་ནི་ལོ་གཅིག་ནང་གི་དུས་ཚིགས་བཟང་ཤོས་ཡིན་ཞིང་། ཚང་མས་མཉམ་དུ་གླུ་ལེན་གར་རྩེད་བྱས་ནས་སྤྲོ་གསེང་ལ་རོལ་ཏེ་སྤྲོ་སེམས་འཕེལ་བ་དང་མཛའ་བརྩེ་ཇེ་ཟབ་ཏུ་ཕྱིན་ཡོད་པ་རེད། འདི་ནི་དམངས་སྲོལ་གྱི་ཚོགས་འདུ་ཞིག་ཡིན་ལ་བྱ་དགའ་སྤྲོད་པའི་ཚོགས་འདུ་ཞིག་ཀྱང་ཡིན། ང་ཚོས་མཚམས་འདི་ནས་ལོ་སྟོད་ཀྱི་ལས་དོན་ལ་ཕྱོགས་སྡོམ་བྱེད་པ་དང་། གྲོང་ཚོ་དང་ཚོ་ཆུང་གི་ལས་བྱེད་པའི་ཁྲོད་ནས་ཕུལ་བྱུང་མི་སྣ་འདེམས་ཐོན་བྱུང་བ་དང་། གཉིས་ལྡན་དུད་སྦྲེལ་གྱི་ཁྲོད་ནས་དཔེ་མཚོན་མི་སྣ་འདེམས་ཐོན་བྱུང་སྟེ་གཟེངས་བསྟོད་བྱེད་དགོས། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཕེབས་ནས་ཁོང་ཚོར་བྱ་དགའ་སྤྲོད་པ་རེད། སྤྲོ་གསེང་ལ་རོལ་ཚར་རྗེས་གྲོང་མི་མང་པོ་ཞིག་རི་འགོར་ཤ་མོ་འཐུ་རུ་འགྲོ་བ་ཡིན། དེ་དུས་ཆར་དུས་སུ་སླེབས་པ་རེད།” ཅེས་བཤད།
ལིའུ་ཧྥེང་གིས་སྤྲོ་སྣང་ལྡན་པའི་ངང”བོད་ལྗོངས་ཀྱི་ས་ཆ་མང་ཆེ་བར་འོང་སྐོར་དང་རྟ་རྒྱུག་དུས་ཆེན་ཡོད་ཅིང་། ཁར་སྡུད་སྒང་ལ་སྟར་ཁ་མ་གཏོགས་ཤིང་འབྲས་ཅི་ཡང་ལེན་རྒྱུ་མེད་པ་དང་། རྟ་རྒྱུག་འགྲན་བསྡུར་བྱེད་མཁན་ཡང་ཧ་ཅང་ཉུང་ཉུང་ཡིན། ས་ཆ་གང་དུ་སྡོད་ཀྱང་ཚང་མར་རང་ཉིད་ཀྱི་ལྷོད་གཡེང་བྱེད་སྟངས་སམ་ཡང་ན་དགའ་སྤྲོའི་དུས་སྐབས་ཤིག་ཡོད་དགོས་ཤིང་། འདིར་སི་ཁྲོན་གྱི་ཤུགས་རྐྱེན་ཆེ་བས་གྲོང་མིས་སྤྱི་སྐད་བཤད་ཤེས་པ་དང་། སི་ཁྲོན་གྱི་མི་དང་འདྲ་བར་ཁ་ཚ་ཟ་རྒྱུར་དགའ་པོ་ཡོད། ཐ་ན་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བའི་གླུ་གར་གར་རྩེད་ཀྱི་འཁྲབ་སྟོན་ལའང་སྤྲོ་གསེང་ལ་རོལ་བ་ཞེས་ཟེར་གྱི་ཡོད། དོན་དངོས་ཐོག་དེ་ནི་ལྷ་ས་སོགས་ཀྱི་ས་ཁུལ་གྱི་གླིང་ག་གཏོང་བ་དང་འདྲ་པོ་རེད། མི་འདྲ་ས་ཞིག་ནི་ང་ཚོར་རྩ་འཛུགས་ཡོད་པ་སྟེ། གྲོང་མིས་ཐོག་མར་ལེ་ཚན་རྣམས་ཡར་ཞུ་བྱེད་དགོས་པ་དང་། ལས་དོན་རུ་ཁག་དང་གྲོང་ཚོའི‘ཨུ་ལྷན་གཉིས་’ཀྱིས་ཐུན་མོང་ཐོག་འདེམས་སྒྲུག་གཏན་འཁེལ་བྱེད་དགོས་པ་རེད། ཡུལ་སྲོལ་གོམས་གཤིས་ཀྱི་གནས་ཚུལ་ལ་རྒྱུས་ལོན་པའི་ཆ་ནས་བཤད་ན། སྤྲོ་གསེང་གཏོང་བ་ནི་མང་པོ་ཞིག་མཉམ་དུ་འདུས་པ་ཞིག་སྟེ། ངས་མིག་གིས་ལྟ་བ་དང་། པར་ཆས་ཀྱིས་པར་ལེན་པ། སེམས་རྣལ་དུ་ཕབས་ནས་མྱོང་རོལ་བཅས་བྱས་ཏེ། ཁར་སྡུད་སྒང་གྲོང་ཚོ་རུ་འཐོབ་བྱ་ཆེན་པོ་བླངས།
འདི་ནི་བྲོ་གར་འཁྲབ་པའི་མང་ཚོགས་རེད།
རྩེད་མོ་རྩེད་སའི་ཕྱི་རོལ་གྱི་སྦྲ་གུར་ནི་སྒོར་དབྱིབས་ཆེན་པོ་ཞིག་ཡིན་ཞིང་། དཀྱིལ་དུ་ཞབས་བྲོ་འཁྲབ་པའི་མི་རྣམས་ཀྱིས་སྐོར་བ་ཆུང་ཆུང་བརྒྱབ་ནས་འཁྲབ་ཀྱི་ཡོད། མགོ་བོ་ཡར་བཀྱགས་ནས་རྒྱང་ལ་བལྟས་ཚེ། ང་ཚོའི་མགོ་རུ་སྤྲིན་དཀར་དང་ནམ་མཁའ་ཡོད་ཅིང་། ཉེ་བར་བལྟས་ཚེ། མཛེས་སྡུག་ལྡན་པའི་བུད་མེད་ཀྱིས་ལག་པ་གཡས་གཡོན་བཀྱགས་ནས་གར་གྱི་སྟངས་སྟབས་འཁྲབ་ཀྱིན་ཡོད་པ་དང་། སྟོབས་ཀྱིས་ཁེངས་པའི་སྐྱེས་པས་ལག་ཏུ་པི་ཝང་བཟུང་ནས་སྙན་པའི་སྒྲ་དབྱངས་དང་ལྷན་དུ་ཞབས་བྲོ་འཁྲབ་ཀྱིན་ཡོད། ཁོ་ཚོའི་གར་སྟེགས་ནི་དོག་མོ་ས་ཡིན་ཞིང་། ཁོ་ཚོའི་འཁྲབ་ཡོལ་ནི་ཨ་སྔོན་དགུང་ཡིན་པས། ཁོ་ཚོའི་སེམས་ཁོང་དུ་དགའ་སྤྲོ་དང་བདེ་སྐྱིད་ཀྱི་ཆུ་རྒྱུན་བཞུར་བཞིན་ཡོད།
གནས་འདིར་འཚོ་བ་རོལ་བའི་འབྲོག་པས་རྩྭ་རར་ཕྱུགས་ཟོག་འཚོ་སྐབས་འགུལ་སྐྱོད་བྱེད་བཞིན་ཡོད་ཅིང་། རི་འགོར་དབྱར་རྩྭ་དགུན་འབུ་དང་ཤ་མོ་འཐུ་དུས་ཀྱང་འགུལ་སྐྱོད་བྱེད་བཞིན་ཡོད། དེའང་སྲིད་གཞུང་གི་བདེ་སྡོད་ཁང་པས་ད་གཟོད་ཁོ་ཚོ་གཏན་སྡོད་བྱེད་དུ་བཅུག་པ་དང་། དམངས་ཕན་སྲིད་ཇུས་ཀྱིས་ཁོ་ཚོའི་སེམས་པ་ལྷོད་དུ་བཏང་ནས་ཚང་མ་མཉམ་གཅིག་ཏུ་སྐོར་བ་བྱས་ནས་དགའ་སྤྲོའི་དུས་སྐབས་ཀྱི་འཚོ་བར་ལོངས་སྤྱོད་བྱེད་དུ་བཅུག
ཁར་སྡུད་སྒང་གི་ཞབས་བྲོ་རྩེད་མཁན་དག་ནི་ལྷིང་འཇགས་ཀྱི་ཁྲོད་དུ་འགུལ་སྐྱོད་ཡོད་ཅིང་། ཁོ་མོའི་རྣམ་འགྱུར་བརྟན་པོ་ཡིན་པ་དང་། མིག་གིས་མདུན་ཕྱོགས་སུ་ལྟ་ཞིང་། ལག་པ་གཡོན་པ་ཐུར་དུ་འཕྱང་བ་དང་། ལག་པ་གཡས་པ་ཡར་བཀྱགས་ནས་ཡོད། བདེ་སྐྱིད་ཀྱི་འཚོ་བ་ནི་ངང་སྒུག་ལ་བརྟེན་ནས་ཐོབ་པ་ཞིག་མིན་པར། དེ་ནི་གྲོང་མི་ཡོངས་མཉམ་གཅིག་ཏུ་འགུལ་ཏེ། མི་བརྒྱ་སེམས་གཅིག་གིས་འབད་བརྩོན་བྱས་ཚེ་ད་གཟོད་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་ཐུབ་ཅིང་། ལྷོད་ལྷོད་ངང་སྤྲོ་གསེང་ལ་རོལ་ནས་ཞི་འགུལ་ཟུང་འབྲེལ་གྱི་རྣམ་པས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དགོས།
འདི་ནི་ཞབས་བྲོ་འཁྲབ་པའི་བོད་ཀྱི་བུ་མོ་རེད།