༄༅།།ལས་གཏོད་བྱས་ནས་ལོ1སོང་ན་ཁ་གསབ་དངུལ་འདི་ལེན་ཆོག་གི་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 10-28



          ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་ཆེད། བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་གཏོད་བྱེད་པར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་ཡོད་པ་བྱས་ཡོད། མིག་སྔར། བོད་ལྗོངས་སུ་རང་བརྟེན་ལས་གཏོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ51ལ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩིས་ཁྲ་བཟོས་ཡོད་པ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་བསྡོམས་སྒོར་ཁྲི187.26འདུན་ཞུ་བྱས་ཡོད།

          ད་འོ་ན། སྲིད་ཇུས་དེར་ནང་དོན་གང་དག་ཚུད་ཡོད་དམ། ཞེ་ན།
          《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྡོད་ཁང་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས》(གཤམ་དུ《ལག་བསྟར་བྱ་ཐབས》ཞེས་བསྡུ་རྒྱུ)གཞིར་བཟུང་། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མས་རང་བརྟེན་ལས་གཏོད་དམ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་སྐུལ་ལྕག་བཏང་སྟེ། ལས་གཏོད་ཐོ་འགོད་བྱས་ནས་ལོ1ཡན་ཕྱིན་པར་ལོ10ཡི་ནང་ཚུན་དུ་བསྡུར་གྲངས་མི་འདྲ་བའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་སྤྲོད་ཀྱི་ཡོད། དེའི་ཁྲོད། ལོ1-5བར་ལ་ཁ་གསབ100%དང་། ལོ6-8བར་ལ་ཁ་གསབ50% ལོ9-10བར་ལ་ཁ་གསབ30%བཅས་སྤྲོད་ཀྱི་ཡོད།
          གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན།
          2017ལོའི་ཟླ1ཚེས1ཉིན་གྱི་རྗེས་ནས། ལས་གཏོད་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མས་བྱ་ཐབས་འདིའི་གཏན་འབེབས་གཞིར་བཟུང་། དེ་མཚུངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་ལོངས་སྤྱོད་བྱེད་ཆོག 
          2017ལོའི་ཟླ1ཚེས1ཉིན་གོང་དུ། ལས་གཏོད་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་འདུན་ཞུའི་ལོ་ཚད་དེ2017ལོའི་ཟླ1ཚེས1གོང་གི་ལས་གཏོད་ལོ་ཚད་དང་མཉམ་དུ་རྩིས་རྒྱག་རྒྱུ་དང་བསྡོམས་ལོ10ལས་མ་བརྒལ་ན། ལས་གཏོད་ཀྱི་བབ་མཚུངས་ལོ་ཚད་གཞིར་བཟུང་། སྤྱི་གསོག་མ་དངུལ་གྱི་ཁ་གསབ་ཚད་གཞི་རྩིས་རྒྱག་གི་ཡོད།
          ཁ་གསབ་ཚད་གཞི།
          བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་དོན།
          ལས་གཏོད་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཚན་པས(ཁེ་ལས་སམ་ཡང་ན་མི་སྒེར)བསྐྱལ་བའི་དངུལ་འབོར་ལ་ལོ་རེར་ཞིབ་བཤེར་གཏན་འཁེལ་ཐེངས་རེ་བྱེད་པ་དང་། སྐྱེལ་དངུལ་གྱི་གྲངས་འབོར་གཏན་འཁེལ་བྱས་རྗེས་ཀྱི་ལོ་གཅིག་ནང་འགྱུར་ལྡོག་གཏོང་ཆོག་གི་མེད།
          སྡོད་ཁང་སྤྱི་གསོག་མ་དངུལ་སྐྱེལ་བའི་བསྡུར་གྲངས(ཚན་པས་སྐྱེལ་བའི་བསྡུར་གྲངས)དེ5%ལས་དམའ་མི་ཆོག་པ་དང12%ལས་མཐོ་མི་ཆོག་པའི་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་ཀྱི་ཡོད།
          སྡོད་ཁང་སྤྱི་གསོག་མ་དངུལ་སྐྱེལ་བའི་གཞི་གྲངས་མཐོ་ཤོས་དེ་ལས་བཟོ་ལས་ཀ་བྱ་ཡུལ་གྱི་ཆུས་བཙུགས་གྲོང་ཁྱེར་བསྡོམས་རྩིས་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་ལོ་འཁོར་གོང་མའི་ལས་བཟོའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཀྱི་ལྡབ3ལས་བརྒལ་ཆོག་གི་མེད།
          རེ་ཞུ་ཇི་ལྟར་བྱེད་དགོས་སམ།
          སྡོད་ཁང་སྤྱི་གསོག་མ་དངུལ་དེ་སྔོན་ལ་སྐྱེལ་བ་དང་རྗེས་སུ་ཁ་གསབ་སྤྲོད་པའི་བྱ་ཐབས་གཞིར་བཟུང་། གཏོགས་ཁོངས་ཀྱི་རྩ་དོན་ལྟར་ལས་གཏོད་པས་ཡུལ་དེའི་མི་སྤྱི་སྡེ་ཚན་ལ་འདུན་ཞུ་བྱེད་པ་དང་། མི་སྤྱི་སྡེ་ཚན་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་སྤྱོད་མཁན་ཚན་པ(ཁེ་ལས་སམ་ཡང་ན་མི་སྒེར)ཁ་གསབ་སྤྲོད་ཁོངས་སུ་གཏོགས་མིན་ཞིབ་བཤེར་གཏན་འཁེལ་བྱེད་པ། སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་བའི་གཞི་གྲངས་དང་བསྡུར་གྲངས་སོགས་རང་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་མཐུན་མིན་ཞིབ་བཤེར་གཏན་འཁེལ་བྱེད་པ་དང་ཆབས་ཅིག ཆ་རྐྱེན་དང་འཚམ་པའི་ལས་གཏོད་པར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་རྩིས་ཁྲ་བཟོ་ཡི་ཡོད། ཡུལ་དེའི་ནོར་སྲིད་སྡེ་ཚན་གྱིས་མི་སྤྱི་སྡེ་ཚན་དང་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་བཏོན་པའི་ཞིབ་དཔྱད་གཏན་འཁེལ་གྱི་དཔྱད་གཞི་གཞིར་བཟུང་། ལོ་འཁོར་གོང་མའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་དངུལ་སྡེབ་གཅིག་ལ་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ལ་སྤྲད་རྗེས། ལྟེ་གནས་དེས་ལས་གཏོད་པ་མི་སྒེར་གྱི་རྩིས་ཁྲར་བླུག་གི་ཡོད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1