༄༅།།བྱིས་པའི་དང་ག་འགག་པ་དང་ཤ་སྐམ་ན་ལའེ་ཨན་སྐྱུར་མ་འདང་བས་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-28


  B12ཞེས་པའི་མིང་ཆ་ཚང་ལ་ལའེ་ཨན་སྐྱུར་འཚོ་རྒྱུ་B12རིལ་བུ་ཟེར་བ་དང་། དེ་ནི་བྱིས་ནད་ཚན་ཁག་གིས་ནད་ཐོག་སྨན་བཅོས་བྱེད་སྐབས་ཟས་ལེན་དཀའ་བ་བཅོས་པའི་སྨན་ཞིག་ཡིན། B12སྤྱོད་མྱོང་བའི་ཁྱིམ་བདག་གིས། བྱིས་པས་B12ཟས་རྗེས། དངོས་གནས་ཟ་མའི་དང་ག་ཕྱེ་ཐུབ་པ་དང་། ཟླ་བ་གཉིས་བསྟུད་མར་ཟས་རྗེས། བྱིས་པ་ཤ་རྒྱས་ཐུབ་ཅེས་བཤད་ཡོད།
  ལའེ་ཨན་སྐྱུར་འཚོ་རྒྱུ་B12རིལ་བུའི་གསལ་བཤད་ཡི་གེར་བལྟས་ན། ཐོན་རྫས་དེ་གཤམ་གསལ་གྱི་ནད་རྟགས་ལ་འཕྲོད་པ་སྟེ། བྱིས་པ་སྐྱེ་འཚར་མགྱོགས་སུ་འགྲོ་རྒྱུ་དང་དང་ག་ཆེ་རུ་འགྲོ་རྒྱུ། ཀླད་ཆེན་འཚར་སྐྱེས་དང་རིག་སྟོབས་འཕེལ་རྒྱུ། ཁྲག་ཞན་དུ་མི་འགྲོ་བ་དང་ལུས་སྟོབས་རྒྱས་རྒྱུ། ནད་འགོག་རྒྱུ་བཅས་ལ་ནུས་པ་ལྡན་ཞིང་། ཟས་མིན་ཟ་བའི་དམིགས་བསལ་དགའ་ཕྱོགས་མེད་པ་བཟོ་རྒྱུར་སྤྱོད་ཀྱི་ཡོད།
  B12སྦངས་འཐུང་སྨན་རྫས་ཀྱི་བྲོ་བ་ནི་བཏུང་ཆ་མངར་མོ་དང་འདྲ་པོ་ཡོད་པས། ཕྲུ་གུ་མང་པོ་ཞིག་གིས་འཐུང་མི་འདོད་པ་མི་བྱེད་པ་དང་ཐ་ན་རང་འགུལ་ངང་འཐུང་གི་ཡོད། མངར་ཆ་ལྡན་ཞིང་བལྟས་ན་ཕན་པ་བརྒྱ་ལས་གནོད་པ་གཅིག་ཀྱང་མེད་པའི་རྐྱེན་གྱིས། ཁྱིམ་བདག་མང་པོ་ཞིག་གིས་B12དེ་བྱིས་པའི་འཚོ་རྒྱུ་ཁ་གསབ་དང་མཆེར་གསོ་དང་ཡི་ག་འབྱེད་པའི་བདེ་སྲུང་རིགས་ཀྱི་ཐོན་རྫས་ཤིག་ཡིན་པར་འདོད་ཀྱི་ཡོད། དོན་དངོས་ཐོག ལའེ་ཨན་སྐྱུར་འཚོ་རྒྱུB12རིལ་བུ་ནི་སྨན་ཐོ་འགོད་དགོས་པའི་སྨན་ཞིག་ཡིན།
  སྨན་ཐོ་འགོད་དགོས་པའི་སྨན་དང་སྨན་ཐོ་འགོད་མི་དགོས་པའི་སྨན་གྱི་ཁྱད་པར་གཙོ་བོ་ནི།
  སྨན་ཐོ་འགོད་མི་དགོས་པའི་སྨན་གྱི་བདེ་འཇགས་རང་བཞིན་ཆེ་བ་ཡོད་ཅིང་། རྒྱུན་དུ་མངོན་གསལ་གྱི་སྨན་ལོག་ཐེབས་མི་སྲིད། ཁྱིམ་བདག་གིས་གསལ་བཤད་ཡི་གེའི་ནང་འཁོད་པའི་སྨན་ཚད་དང་ནད་གཞི་གང་ལ་འཕྲོད་མིན་ལ་བལྟས་ནས་སོ་སོས་སྨན་ཟས་ན་འགྲིག འོན་ཀྱང་སྨན་ཐོ་འགོད་དགོས་པའི་སྨན་ནི་སྨན་པའི་མཛུབ་སྟོན་འོག་ཟ་དགོས་པ་དང་། སྨན་ཚད་ཀྱང་སྨན་པའི་མངག་བཅོལ་ལྟར་བསྟེན་དགོས།
  དེའི་ཕྱིར། ཁྱིམ་བདག་མང་ཆེ་བས་ཤེས་འདོད་ཧ་ཅང་ཆེ་བའི་གནད་དོན་ལ་ལན་བརྒྱབ་ཡོད་པ་སྟེ། རང་ཁྱིམ་གྱི་བྱིས་པས་ཡང་སྙིང་B12སྤྱོད་ཆོག་མིན་དེ་སྨན་ཁང་དུ་ཕྱིན་ནས་ནད་རྟགས་གཏན་འཁེལ་བྱས་རྗེས་སྨན་པའི་བཀའ་མངག་ལ་གཞིགས་དགོས།  ལའེ་ཨན་སྐྱུར་འཚོ་རྒྱུ་B12ཡིས་ལའེ་ཨན་སྐྱུར་མ་འདང་བའི་དབང་གིས་དང་ག་ཞན་དུ་འགྲོ་བའི་ནད་རྟགས་ལ་མ་གཏོགས་ཕན་ཐོགས་མེད། དེས་ན། ཁྱིམ་བདག་གིས་ལའེ་ཨན་སྐྱུར་འཚོ་རྒྱུ་B12ནི་སྨན་ཐོ་འགོད་དགོས་པའི་སྨན་ཡིན་པ་དང་། བྱིས་པར་དུས་ཡུན་རིང་པོ་སྤྱོད་ཆོག་པའི་སྐྱེ་འཚར་ལ་ཕན་ཐོགས་ཡོད་པའི་སྨན་དང་བདེ་སྲུང་སྨན་མིན་པ་ཡིད་ལ་འཛིན་དགོས།
  བྱིས་པར་ལའེ་ཨན་སྐྱུར་ཁ་གསབ་བྱེད་འདོད་ན། ཟས་རིགས་ཀྱི་ཁྲོད་ནས་ཁ་གསབ་བྱེད་ཆོག
  ནམ་རྒྱུན་གྱི་བཟའ་བཏུང་ནང་། སྤྲི་དཀར་རྫས་མང་པོ་འདུས་པའི་ཟས་རིགས་ཚང་མར་ལའེ་ཨན་སྐྱུར་འདུས་ཡོད་པ་དཔེར་ན། ཤའི་རིགས་དང་སྒོ་ང་། འོ་མ། འོ་བཟོས་ཟས་རིགས། སྲན་མའི་རིགས། ཤུན་པ་སྲ་བའི་ཤིང་ཏོག ཞོག་ཁོག་རིགས། འབྲས་རྩིང་མ་སོགས་ཀྱི་ནང་དུ་འདུས་ཡོད། བྱིས་པར་ཚན་རིག་དང་མཐུན་པའི་ངང་བཟའ་བཏུང་བྱེད་པའི་གོམས་གཤིས་བཟང་པོ་ལོབས་སུ་བཅུག་ནས། ཕོ་མཆེར་ཟས་འཇུའི་ནུས་པ་རྒྱུན་ལྡན་བྱུང་ཚེ། ཆེད་མངགས་ལའེ་ཨན་སྐྱུར་འཚོ་རྒྱུ་B12ཁ་གསབ་མ་བྱས་ཀྱང་། ཕྲུ་གུ་སྐྱེ་འཚར་ཡག་པོ་དང་སྤྱང་གྲུང་ལྡན་པ་ཞིག་ཡོང་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1