[ནང་དོན་གནད་བསྡུས།] དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་ལ་ལྕགས་མདུད་ཉག་རྐེད་མགོན་པོ་རྣམ་རྒྱལ་གྱིས་ཆིང་སྲིད་གཞུང་དང་བོད་གཞུང་བཀའ་ཤག་གཉིས་ལ་གཡུལ་འཐབ་ཀྱི་འཇིགས་སྣང་བསྐུལ། ཉག་རྐེད་མགོན་པོ་རྣམ་རྒྱལ་ལ་དཔྱད་པ་ནི་ལོ་རྒྱུས་མི་སྣ་ཞིག་གི་གནས་སྟངས་ལ་ལྟ་བ་ཙམ་དུ་མ་ཟད། དུས་རབས་བཅུ་དགུ་པའི་ཁམས་ཕྱོགས་ཀྱི་སྤྱི་ཚོགས་ལོ་རྒྱུས་ལ་ཤེས་རྟོགས་ཡོང་རྒྱུར་ཡང་ཕན་ཐོགས་བླ་ལྷག་ཏུ་ཆེ། དཔྱད་རྩོམ་འདིར་བོད་ཡིག་གི་ཡིག་ཆ་དང་ཡུལ་དངོས་རྟོག་ཞིབ་ཟུང་ལ་བརྟེན་ནས། མགོན་པོ་རྣམ་རྒྱལ་འཚར་ལོངས་བྱུང་བའི་ལོ་རྒྱུས་རྒྱབ་ལྗོངས་དང་ཁོང་གིས་བསླངས་པའི་དམག་འཁྲུག་གི་སྦྱོར་དངོས་རྗེས་གསུམ་དང་གང་དེའི་མཛད་རྗེས་བཅས་ལ་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] མགོན་པོ་རྣམ་རྒྱལ། ལྕགས་མདུད་དོན་རྐྱེན། རྒྱུ་རྐྱེན། ཤུགས་རྐྱེན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-01-0102-10
ལྕགས་མདུད་ཉག་རོང་ཞེས་པ་འདིར་རྒྱ་ཡིག་ནང་འབོད་སྟངས་མི་འདྲ་བ་ཡོད་ཀྱང་། བོད་ཡིག་ཏུ་གནའ་ནས་ད་ལྟའི་བར་འགྱུར་བ་གང་ཡང་བྱུང་མེད། ལྕགས་མདུད་ཉག་རོང་ནི་ཁམས་ཀྱི་དབུས་ཁུལ་ཏེ། དེང་གི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉག་ཆུ་སྔོན་མོའི་བར་རྒྱུད་ཀྱི་ས་མཐོའི་གྲོག་རོང་རྒྱུད་དུ་ཆགས་ཡོད། ཉག་ཆུ་དེ་ནུབ་ནས་བྱང་དུ་ཉག་རོང་གི་ས་ཁོངས་ཡོངས་སུ་བརྒྱུད་ནས་འབབ་ཅིང་། ཆུ་བོའི་འགྲམ་ངོགས་གཉིས་སུ་སོག་ལེའི་ཁ་དང་འདྲ་བའི་རི་ཚོགས་ཀྱིས་ཀུན་ནས་བསྐོར་ཡོད་པས། ས་བབ་བཙན་ལ་ཉེན་ཁ་ཆེ་བ་ཞིག་ཡིན། ལར་ཁམས་པའི་སྐྱེས་པ་ནི་བུ་རྒོད་ཅིང་དྲག་འཐབ་ལ་མཁས་པས་མིང་དུ་གྲགས་ཤིང་། སྒོས་སུ་ལྕགས་མདུད་ཉག་རོང་དུ་དཔའ་རྒོད་ལ་དད་འདུན་བྱེད་པའི་དམངས་སྲོལ་ཞིག་གནའ་ནས་དར།དེང་གི་ཆར་མཐོང་དུ་ཡོད་པའི་བཙན་རྫོང་གི་གནའ་ཤུལ་དག་ལས་ཀྱང་ལྕགས་མདུད་ཉག་རོང་པས་ས་བབ་ཀྱི་ཁྱད་ཆོས་ལ་དམིགས་ཏེ་སའི་གནད་རེ་རེ་ལ་དགྲ་དམག་གིས་རྒོལ་དཀའ་བའི་བཙན་རྫོང་བསྐྲུན་ཡོད་པ་རྟོགས་ཐུབ། དེ་འདྲའི་དམིགས་བསལ་གྱི་འཚོ་སྡོད་ཁོར་ཡུག་དང་། དམིགས་བསལ་གྱི་འཚོ་བ་སྐྱེལ་སྟངས་ཀྱིས་ཡུལ་དེའི་དམིགས་བསལ་གྱི་དམངས་སྲོལ་གྲུབ་པ་རེད། ལྕགས་མདུད་ཉག་རོང་ལ་སྤྱིར་ཉག་སྟོད་དང་ཉག་རྐེད། ཉག་སྨད་བཅས་ས་ཆ་གསུམ་དུ་དབྱེ་སྲོལ་ཡོད་ལ། དུས་རབས་བཅོ་བརྒྱད་པའི་དུས་མཇུག་གི་ལོ་དེར་ཉག་རྐེད་དུ་མགོན་པོ་རྣམ་རྒྱལ་དུ་འབོད་པའི་ཁྱེའུ་ཞིག་སྐྱེས་ཤིང་། ཁོང་གི་སྐུ་ཚེ་གཅིག་གི་ཐུན་མོང་མ་ཡིན་པའི་ངོ་མཚར་ལོ་རྒྱུས་ཀྱི་འགོ་ཡང་དེ་ནས་བརྩམས་པ་རེད།
དང་པོ། མགོན་པོ་རྣམ་རྒྱལ་གྱི་ཁྱིམ་རྒྱུད་དང་བྱིས་དུས།
གཅིག རྙོག་འཛིང་ཆེ་བའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས། མགོན་པོ་རྣམ་རྒྱལ་ནི་ལྕགས་མདུད་དཔོན་ཚང་ཁྱིམ་རྒྱུད་ཀྱི་རྒྱུད་པ་ཡིན་ལ། ཁྱིམ་རྒྱུད་འདི་ཇག་པ་བརྒྱབ་སྟེ་སྐད་གྲགས་ཀུན་ལ་ཁྱབ་པ་ཞིག་རེད། ཡིན་ཡང་མཐའ་མཇུག་དཔལ་མགོན་གཅེན་གཅུང་གཉིས་བར་དགྲ་རུ་ལངས་ཏེ་ཁྱིམ་རྒྱུད་འདི་ཕྱོགས་ཁག་གཉིས་སུ་གྱེས།① མགོན་པོ་རྣམ་རྒྱལ་གྱི་ཨ་མྱེས་ལྕགས་མདུད་མགོན་པོ་བརྟན་གྱི་སྐབས་སུ་ཁོང་གིས་རང་གི་དཔའ་མཛངས་འབའ་ཞིག་ལ་བརྟེན་ནས་གྱ་བཟི་དཔོན་ནམ་ཉག་རྐེད་དཔོན་གྱི་གོ་གནས་བླངས།ཡིན་ནའང་གཅེན་པོ་དཔལ་མགོན་གྱིས་མགོན་པོ་བརྟན་གྱི་སྟོབས་འབྱོར་དབང་ཐང་དར་ཞིང་རྒྱས་བཞིན་པ་ལ་ཡིད་མ་རངས་པར་མགོན་པོ་བརྟན་བཀུམས། དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་མགོན་པོ་བརྟན་གྱི་བུ་མགོན་པོ་བཀྲ་ཤིས་ཀྱིས་ཁྱིམ་སོ་ཟིན་པ་ན། ཉག་སྟོད་དཔོན་གྱི་མངའ་འོག་བཟང་རོ་དཔོན་གྱི་བུ་མོ་ས་ཀུ་མ་ཁྱིམ་ཐབ་ཏུ་བསུས།② ཁོང་གིས་ཉག་སྨད་དཔོན་གྱི་ལྟ་རྟོག་ལ་གཡོལ་ཆེད་དང་། ས་ཀུ་མ་ཚང་གི་རྒྱབ་སྐྱོར་འཐོབ་ཆེད། རང་གི་ཁྱིམ་གཞིས་མཁར་ཉ་ཁ་གཏད་ཀྱི་ཆེ་ཡུས་སུ་སྤོས། ཆེ་ཡུས་ཀྱི་ཝ་ཐ་ཕོ་བྲང་དུ་གཏན་སྡོད་བྱས་རྗེས། ས་ཀུ་མ་ཚང་དང་མགོན་པོ་བཀྲ་ཤིས་ཀྱི་ཨ་ཞང་གིས་ཁོ་ཚང་ལ་རྒྱབ་རྟེན་འཚོ་གཟིགས་བགྱིས། ཁོང་བཟའ་ཚོ་གཉིས་ལ་བུ་ནོར་བུ་ཚེ་རིང་ངམ་ཨ་ནོར་སྐྱེས། ཨ་ནོར་ནར་སོན་རྗེས། ཡུལ་དེའི་སྟོབས་འབྱོར་ཆེ་ཤོས་ཀྱི་མི་ཚང་གི་གྲས་ཏེ་ཨ་སྐལ་ཁྱིམ་རྒྱུད་ཀྱི་རྒྱབ་རྟེན་ཐོབ་སྟེ། ཨ་སྐལ་ཤཱཀྱ་མཚོ་ཁོང་གི་ཁྱིམ་ཐབ་ཏུ་བསུས། ཁོང་གཉིས་ལ་བུ་གཅིག་དང་བུ་མོ་བཞི་སྐྱེས། ཁོང་ཚོ་ཆེ་ཡུས་སུ་གནས་སྤོས་ནས་ཡུན་རིང་མ་ཕྱིན་པར། བུ་རྡོ་རྗེ་རབ་བརྟན་ཚེ་ལས་འདས། དེ་ནས་ཨ་ནོར་གྱིས་རང་གི་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་རྒྱ་སྐྱེད་གཏོང་སླད་རང་གི་བུ་མོ་དག་ཉག་སྟོད་དཔོན་འོག་གི་འགོ་དཔོན་ཆུང་ངུ་དག་གི་ཆུང་མར་བརྫངས་ཏེ་ཁོང་ཚོ་དང་གཉེན་འབྲེལ་བཙུགས། དེ་ཡང་བུ་མོ་ཆེ་བ་བསོད་ནམས་ལྷ་མོ་ཞེས་པ་བཟང་རོ་སྐལ་བཟང་དར་རྒྱས་ལ་ཆུང་མར་བྱིན། དེའི་འོག་མ་ཨ་ལྷ་ཞེས་པ་གླིང་མདའ་དོན་འགྲུབ་འབུམ་ལ་ཆུང་མར་བྱིན། བུ་མོ་གསུམ་པ་བསོད་ནམས་མཚོ་ཞེས་པ་རྨེ་སྟོད་དབང་རྒྱལ་དང་། བུ་མོ་ཐ་ཆུང་རྡོ་རྗེ་སྒྲོལ་མ་ཞེས་པ་རྨེ་མཇུག་དབང་རྒྱལ་ལ་ཆུང་མར་བྱིན། དེ་ནས་ཁོང་གིས་ཝ་ཐ་རུ་ཝ་ཐ་ཕོ་བྲང་ཞེས་པའི་མཁར་རྫོང་ཞིག་བཞེངས། བཟང་རོ་ཨ་བསེས་ནང་དམེ་བྱས་ཏེ་བཀྲོངས་རྗེས། ནོར་བུ་ཚེ་རིང་གིས་འདས་པོ་ཁོང་གི་ཆུང་མ་(ཡུགས་མོ)ནོར་བུ་སྒྲོལ་མ་(ཉག་སྨད་དཔོན་འོག་གི་འགོ་དཔོན་ཆུང་བ་རོང་ཐ་ཁྱིམ་རྒྱུད་དུ་སྐྱེས།)རང་གི་ཆུང་མར་བླངས། ཁོང་གཉིས་ལ་བུ་གསུམ་དང་བུ་མོ་གཉིས་སྐྱེས་ཤིང་། བུ་ཆེ་བ་ནོར་བུ་དང་། འབྲིང་བ་དཔོན་པོ་བླ་མ། ཆུང་བ་མགོན་པོ་རྣམ་རྒྱལ་བཅས་ཡིན་ནོ། །
གཉིས། འཚར་ལོངས་ཀྱི་བརྒྱུད་རིམ། མགོན་པོ་རྣམ་རྒྱལ་གྱི་མིང་གཞན་ལ་ཨ་མགོན་དུ་འབོད་ཅིང་།རབ་བྱུང་བཅུ་གསུམ་པའི་ས་ལུག་ལོ་སྟེ་སྤྱི་ལོ་1799ལ་ཆེ་ཡུས་ཝ་ཐ་མཁར་རྫོང་དུ་སྐྱེས། ཁོང་གི་སྐྱེས་མིང་ཡང་བོད་མི་བྱིངས་ཀྱི་མིང་འདོགས་ལུགས་ལྟར་ས་གནས་ཀྱི་བླ་མ་ཞིག་གིས་བཏགས། ཁོང་སྐྱེས་ནས་ཡུན་རིང་མ་ལོན་པར་ཨ་ཕས་ཁོང་ཀཿཐོག་དགོན་པའི་བླ་མ་རིག་འཛིན་འཇིགས་མེད་ལགས་ཀྱི་དྲུང་དུ་ཁྲིད་དེ་ཁོང་སྐྱེས་མིང་ལ་མགོན་པོ་རྣམ་རྒྱལ་ཞེས་བཏགས། ཨ་མགོན་ཁོང་ཆུང་དུས་ནས་བསམ་ཤེས་དང་བུ་རྒོད་ཅིག་ཡིན་ལ། ལོ་ན་བརྒྱད་ཡས་མས་ནས་ལུག་རྫིར་འགྲོ་བ་སོགས་ཐོན་སྐྱེད་ངལ་རྩོལ་བྱེད་ཅིང་། རིམ་བཞིན་རྔོན་རྒྱག་ཤེས་པ་དང་གྲོགས་བསྒྲིག་རྒྱུར་དགའ་བ་ཞིག་ཏུ་གྱུར། དེ་ཡང་ཉག་རོང་ཕྱོགས་ཀྱི་ངག་རྒྱུན་ལྟར་ན། མགོན་པོ་རྣམ་རྒྱལ་ནི་རང་བཞིན་གྱིས་བློ་རྣོ་བ་དང་དྲན་རིག་རྒོད་པ། རྩེ་རྒོད་ཆེ་བས་བྱིས་པ་རྣམས་ཁོའི་དབང་དུ་བྱེད་ཅིང་། ཆེན་པོ་ཆགས་རྗེས་རྟ་རྩལ་དང་འཁོར་གསུམ་གྱི་ལས་ཀྱིས་དུས་འདའ་བར་བྱས། བྱིས་པའི་ཚོགས་སུ་ཁོང་ན་རེ། སྟག་ཤར་ཞིག་ཡིན་ན་གཡུལ་ངོར་འཆི་དགོས། རྟ་མཆོག་ཅིག་ཡིན་ན་ཇག་ནས་འཆི་དགོས་ཞེས་དཔའ་གཏམ་བསྒྲགས་མྱོང་བ་སོགས་ཀྱིས་མཚོན། ཁོང་ནི་ཆུང་དུས་ནས་རང་གཤིས་རྩུབ་པོ་དང་འཁྲུག་རྩོད་ལ་རང་བཞིན་གྱིས་དགའ་བ་ཞིག་ཡིན་པ་ཤུགས་ནས་རྟོགས་ཡོང་། ཁོང་གིས་གྲོང་ཚོའི་བྱིས་པ་རྣམས་དང་ལྷན་ཅིག་རང་གིས་རྩ་འཛུགས་བྱས་པའི་གཡུལ་འཁྲུག་གི་རྩེད་མོ་རྩེ་བ་དང་། རང་ཁྱིམ་གྱི་འབྲུ་མཛོད་ནས་ཁ་སྟབས་ཞན་པའི་བྱིས་པ་རྣམས་ལ་བཟའ་བཏུང་གི་སྣོན་མ་རྒྱག་པ་སོགས་ཀྱི་བྱ་སྤྱོད་ལ་ན་མཉམ་ཚོགས་ཀྱིས་དགའ་མགུ་ཡི་རངས་དང་ཆེ་མཐོང་བྱེད། དེར་བརྟེན། ཁོང་ཚོས་གཡུལ་གཤོམ་པའི་རྩེད་མོ་རྩེ་སྐབས་ཀྱང་ན་མཉམ་ཀུན་གྱིས་ཁོང་ཉིད་དམག་དཔོན་དུ་བཀུར་ཏེ་བཀོད་འདོམས་ལ་དཀྱུས་གཅིག་ཏུ་ཉན། དེ་ལས་ང་ཚོས་མགོན་པོ་རྣམ་རྒྱལ་ལ་ལྷན་སྐྱེས་ཀྱི་དབུ་ཁྲིད་བྱེད་པའི་འཇོན་ནུས་ལྡན་པ་རྟོགས་ཐུབ། མགོན་པོ་རྣམ་རྒྱལ་རང་ཉིད་མི་གཞན་དང་འཛིང་རེས་བྱ་རྒྱུར་དགའ་བ་མ་ཟད། རྟག་པར་མི་གཞན་འཁོན་འཛིང་ལ་བསྐུལ་རྒྱུར་ཡང་ཧ་ཅང་དགའ་སྟེ།གཞན་གྱིས་འཛིང་རེས་བྱེད་པ་ནི་ཁོར་མཚོན་ན་སྤྲོ་སྣང་ལྡན་པའི་ལྟད་མོ་ཞིག་ཏུ་གྱུར་ཡོད། ངག་སྒྲོས་སུ་ཁོང་གིས་རང་གི་བཀའ་བཀོད་ཇི་བཞིན་དུ་སྒྲུབ་མཁན་ལ་གསོལ་རས་ཕངས་མེད་དུ་གནང་ཞིང་། དེ་ལས་ལྡོག་ཚེ་ཆད་པ་ནན་མོ་གཅོད་པར་བཤད། མགོན་པོ་རྣམ་རྒྱལ་གྱི་ཕ་ནོར་བུ་ཚེ་རིང་ནི་གཉེན་འབྲེལ་འཛུགས་པ་ལ་བརྟེན་ནས་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་སྐྱེད་མཁན་ཞིག་སྟེ། ཁོང་གིས་རང་གི་བུ་མོ་གཉིས་ལས་ཆེ་བ་མཚོ་མོ་ནི་ཉག་སྨད་དཔོན་འོག་གི་རྒྱ་རུ་ཚང་ཞེས་པའི་འགོ་དཔོན་ཞིག་གི་ཁྱིམ་དུ་མནའ་མར་བྱིན་པ་དང་། ཆུང་བ་བཀྲ་ཤིས་ལྷ་མོ་ནི་ཉག་སྟོད་དཔོན་འོག་གི་ཤིས་ཝ་ཚང་ཞེས་པའི་འགོ་དཔོན་ཞིག་གི་ཁྱིམ་དུ་མནའ་མར་བྱིན། དེ་ལྟར་བཙན་ཕྱུག་གཉིས་འཛོམས་ཀྱི་ཨ་སྐལ་ཁྱིམ་རྒྱུད་དང་ཉག་སྟོད་སྨད་ཀྱི་འགོ་དཔོན་ཆུང་བ་དྲུག་ལ་གཉེན་འབྲེལ་བཙུགས་ཏེ། ནོར་བུ་ཚེ་རིང་གི་སྟོབས་ཤུགས་ཆེས་ཆེར་རྒྱས། ཁོང་གི་དཔའ་ངར་ལྡན་པའི་བུ་གསུམ་གྱིས་ཀྱང་ཁྱིམ་རྒྱུད་འདིའི་དབུ་འཕང་དགུང་དུ་བསྟད་ཡོད། ནོར་བུ་ཚེ་རིང་ནི་ནང་ཆོས་ལ་དད་པ་བརྟན་པས་ཡུལ་མི་ཚོའི་བཀུར་བཟོས་ཐོབ་ཀྱང་། ཁོང་གི་བུ་རྣམས་ཡ་ང་སྙིང་རྗེ་མེད་པ་ཤ་སྟག་ཡིན་ཁར། རྟག་ཏུ་རང་གི་ཁྱིམ་རྒྱུད་ཀྱི་དབང་ཤུགས་དང་དམག་སྟོབས་ངོམ་འཕྱར་བྱེད། དེ་ཡང་རྒྱུ་འབྱོར་དབང་ཐང་དར་བའི་བུ་མོ་དྲུག་གི་མག་པ་དང་ཁོང་གི་བུ་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་བྱས་འོགནོར་བུ་ཚེ་རིང་ཚང་ངམ་ཉག་རྐེད་ཁྱིམ་རྒྱུད་ཀྱི་མངའ་ཐང་དེ་ལྕགས་མདུད་ཡུལ་དུ་དར་འགོ་བརྩམས། ཡབ་ནོར་བུ་ཚེ་རིང་གིས་བཙུགས་པའི་གཉེན་འབྲེལ་གྱི་དྲ་བ་དེ་ཁོང་གི་བུ་མགོན་པོ་རྣམ་རྒྱལ་གྱིས་མུ་མཐུད་རྒྱ་སྐྱེད་བཏང་། མགོན་རྣམ་ལ་ཆུང་མ་གཉིས་ཡོད་པར་བུ་བཞི་དང་བུ་མོ་བདུན་ཏེ་ཁྱོན་ཕྲུ་གུ་བཅུ་གཅིག་སྐྱེས། ཆེན་མ་སྒྲོལ་མ་ནི་ཉག་སྟོད་དཔོན་འོག་གི་གསེར་བ་དཔོན་གྱི་འགོ་དཔོན་གཙོ་བོའི་ཁྱིམ་རྒྱུད་ནས་འོངས་པ་ཡིན་ལ། མོར་བུ་གསུམ་དང་བུ་མོ་བཞི་སྐྱེས། བུ་ཆེ་བར་འཆི་མེད་མགོན་པོ་དང་འབྲིང་བར་བདུད་འདུལ་མགོན་པོ། ཆུང་བར་སྟོང་སྡེ་མགོན་པོ་ཞེས་འབོད།དེའི་འོག་མ་དང་བུ་མོ་ཆེ་བ་ཚེ་དབང་སྒྲོལ་མ་ནི་ལི་ཐང་གི་ལྷ་དབང་རིག་འཛིན་ལ་ཆུང་མར་བྱིན། དེའི་འོག་མ་ཨ་ལྷ་ནི་ཉག་སྟོད་དཔོན་འོག་གི་ས་སྟོད་དཔོན་གྱི་འགོ་དཔོན་གཙོ་བོར་ཆུང་མར་བྱིན། དེའི་འོག་མ་བསོད་ནམས་སྒྲོལ་མ་ནི་རྟའུ་ཡི་ཁྱིམ་རྒྱུད་གྲགས་ཅན་ཞིག་ལ་མནའ་མར་བྱིན། དེའི་འོག་མ་པད་མཚོ་ནི་གླིང་ཚང་དཔོན་ལ་མནའ་མར་བྱིན།མགོན་རྣམ་གྱི་ཆུང་མ་ཡག་སྐྱིད་ནི་ཉག་སྟོད་ཤིས་ཝ་ཚང་གི་ཁྱིམ་རྒྱུད་ནས་འོངས་ཤིང་མོར་བུ་གཅིག་དང་བུ་མོ་གསུམ་སྐྱེས། བུའི་མིང་ལ་གསང་བདག་མགོན་པོ་དང་། བུ་མོ་ཆེ་བའི་མིང་ལ་སྐལ་བཟང་སྒྲོལ་མ་ཞེས་པ་ཉག་རྐེད་དཔོན་འོག་མེ་ཅུས་དཔོན་ཞེས་པའི་འགོ་དཔོན་དབང་ཕྱུག་ལ་ཆུང་མར་བྱིན། བུ་མོ་འབྲིང་བ་བསྟན་འཛིན་སྒྲོལ་མ་ནི་ཏྲེ་བོ་དཔོན་ལ་ཆུང་མར་བྱིན། བུ་མོ་ཆུང་བ་ཆ་རྡོ་སྒྲོལ་མ་ནི་རོང་ཐལ་ཚང་ཨ་བསོད་ལ་ཆུང་མར་བྱིན།③ དེ་ལྟར་མགོན་རྣམ་པས་རང་གི་མངའ་འོག་དཔོན་རིགས་དང་ཉག་སྟོད་དཔོན་འོག་གི་འགོ་དཔོན་ཁྱིམ་རྒྱུད་ཁག་ལ་སྔར་བཞིན་གཉེན་འབྲེལ་བཙུགས་པ་མ་ཟད། ཉེ་འཁོར་གྱི་གླིང་ཚང་དང་།ཏྲེ་བོ། ལི་ཐང་། རྟའུ་སོགས་ཀྱི་མངའ་ཐང་དར་བའི་ཁྱིམ་རྒྱུད་རྣམས་ལའང་གཉེན་འབྲེལ་བཙུགས། ཁོང་གིས་རིམ་བཞིན་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་ཉེ་འཁོར་གྱི་ས་ཁུལ་དུ་རྒྱ་བསྐྱེད་ཅིང་འབྱུང་འགྱུར་ས་ཆ་དེ་དག་དབང་དུ་བསྡུ་བའི་རྨང་བཏིང་། དེ་ཡང་ཁོང་ཕ་བུ་གཉིས་ཀྱིས་དམིགས་འཆར་ཡོད་པའི་སྒོ་ནས་འཐེན་པའི་གཉེན་འབྲེལ་དར་གྱི་མདུད་པ་དེས་མགོན་རྣམ་པ་རང་གི་བཀའ་འོག་ཏུ་གཏོགས་པའི་གཉེན་ཚན་གྱི་འཁོར་ཚོགས་ཇེ་མང་དང་འབྲེལ་བ་ཇེ་དམ་དུ་བཏང་། ཁོང་གི་གཉེན་ཡ་མང་ཤོས་ནི་ཉག་སྟོད་སྨད་ཀྱི་དཔོན་འོག་གི་འགོ་དཔོན་ཆུང་བ་དག་ཡིན་པས། ཁོང་གིས་ལྕགས་མདུད་ཉག་རོང་ཡོངས་དབང་དུ་བསྡུ་བར་མཐུན་རྐྱེན་བླ་ན་མེད་པ་བསྐྲུན་ཡོད། ལྕགས་མདུད་ས་ཁུལ་གཅིག་གྱུར་ཡིན་པས་ཀྱང་། མགོན་རྣམ་གྱིས་ཁམས་གྱི་དཔོན་རིགས་གཞན་དག་ལ་བཙན་འཛུལ་དམག་འཐབ་སློང་བར་མི་རྒྱུ་གཉིས་ཀྱི་སྟོབས་ཤུགས་མཁོ་འདོན་བྱས་ཡོད་དོ། །
གཉིས་པ། ལྕགས་མདུད་དོན་རྐྱེན།
གཅིག ལྕགས་མདུད་ཉག་རྐེད་མགོན་པོ་རྣམ་རྒྱལ་གྱི་དམག་གྲབས། མགོན་རྣམ་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་རིམ་བཞིན་ཆེར་བསྐྱེད་པའི་བརྒྱུད་རིམ་ཁྲོད། ལྕགས་མདུད་ས་ཁུལ་གྱི་དཔོན་ཁག་དབར་འཁྲུག་རྩོད་རྒྱུན་མ་ཆད་པར་བྱུང་། ལྷག་པར་དུ་མགོན་རྣམ་ཁྱིམ་རྒྱུད་དང་ཉག་སྟོད་སྨད་དཔོན་གྱི་ཁྱིམ་རྒྱུད་དབར་ཞེ་འཁོན་ཇེ་ཟབ་ཏུ་གྱུར། ཉག་སྨད་དཔོན་ཚང་གི་ཤ་འཁོན་ཕུད། དུས་རབས་བཅུ་དགུ་པར་ཆིང་རྒྱལ་རབས་ཀྱིས་ལྕགས་མདུད་ས་ཆར་དམག་དྲངས་རྗེས། ཉག་སྟོད་དང་ཉག་སྨད་དཔོན་ཚང་གཉིས་ཀྱིས་མགོན་པོ་རྣམ་རྒྱལ་ཚང་ལ་ཕར་རྒོལ་བྱས།④ ཡུན་རིང་མ་ཕྱིན་པར་ཆིང་དམག་གིས་ཝ་ཐ་ཕོ་བྲང་བསྐོར་ཅིང་མགོན་རྣམ་གྱི་ཨ་མ་དང་ཁོ་མོའི་ཞབས་འབྲིང་སྐོར་ཞིག་འཇུ་བཟུང་བྱས། མགོན་པོ་རྣམ་རྒྱལ་གྱི་ཁྱིམ་རྒྱུད་དང་ཉེ་འཁོར་ས་ཁུལ་གྱི་བྲག་འགོ་དཔོན་ཚང་བར་ཡང་བསལ་དུ་མེད་པའི་འཁོན་འགྲས་ལྷགས་ཡོད་དེ། ཐེངས་ཤིག་མགོན་རྣམ་གྱི་གཅེན་པོ་ནོར་བུ་ཞེས་པ་བྲག་འགོར་ཇག་རྒྱག་ཏུ་འགྲོ་སྐབས་སྐྱིད་སྲང་དར་རྒྱས་ཀྱིས་ངོ་ལོག་བྱས་རྐྱེན་ཁོ་རང་བྲག་འགོ་དཔོན་ཚང་གིས་འཇུ་བཟུང་བྱས། ཁོ་ཚོས་ནོར་བུར་རྐང་ལྕགས་ལག་ལྕགས་བརྒྱབ་སྟེ་བཙོན་དུ་བཅུག་མཐར་བྲག་འགོ་དཔོན་གྱི་ནང་མི་ཕུན་ཚོགས་དར་རྒྱས་ཀྱི་ལག་ནས་གྲིར་ཤི།⑤ དུས་དེ་ནས་བཟུང་བྲག་འགོ་དཔོན་རྒྱུད་དང་མགོན་རྣམ་ཁྱིམ་རྒྱུད་གཉིས་དབར་འདུམ་ཐབས་མེད་པའི་ཤ་འཁོན་བྱུང་། ད་དུང་ཉག་རྐེད་དཔོན་དམངས་རྣམས་རྟག་པར་བྲག་འགོ་དཔོན་གྱི་ས་ཐོག་ཏུ་འོངས་ནས་མི་གསོད་རྟ་འདེད་ཀྱི་དྲག་སྦྱོར་སྤེལ་ཅིང་། དུས་ངེས་མེད་དུ་ཁམས་ཀྱི་བྱང་ཕྱོགས་བྲག་འགོའི་ས་ཁུལ་གཞན་དག་ལའང་ཟིང་ཆ་བསླངས།
མགོན་པོ་རྣམ་རྒྱལ་གྱིས་ཡུལ་དཔོན་ཁག་གིས་མི་སེར་ལ་བསུན་གཙེར་བརྡབ་གསིག་གཏོང་བཞིན་པ་དང་། དེ་བས་ཀྱང་རང་གི་ཁྱིམ་རྒྱུད་ཀྱི་ཤ་འཁོན་ཞེ་ལ་བཅངས་ཏེ། སྤྱི་ལོ་1820ལ་ཁོང་གིས་མནའ་ཤག་སྤུན་གྲོགས་དག་ཁྲིད་ནས་གསེར་འོད་སོགས་འགོ་དཔོན་དུ་མ་དྲག་ཤུགས་ཀྱིས་རྩད་རྫོགས་དང་། རྒྱུ་འབྱོར་རྣམས་ཁོང་ཚོའི་མངའ་འོག་གི་དུད་ཁྱིམ་172ལ་བགོ་འགྲེམ་བྱས། དམག་འཐབ་ཀྱི་རྟིང་མ་བླངས་པ་དེས་ཁོང་གི་གྲགས་པའི་བ་དན་དགུང་དུ་གཡོ་བར་བྱས། དེ་ཡང་ཁོང་གིས་འགོ་དཔོན་གཞན་དག་གི་འོག་ནས་མནར་གཅོད་མྱངས་པའི་གཞོན་ནུ་ཤ་དར་ཁྲག་དར་སྐོར་ཞིག་རང་ཕྱོགས་སུ་བསྐོང་འགུག་བྱས་ཏེ། དམིགས་འཆར་ཡོད་པའི་སྒོ་ནས་གཡུལ་ལ་མཁས་པའི་དམག་དཔུང་ཞིག་གསར་འཛུགས་བྱས། གཞན་དུ་ཁོང་གིས་རང་གི་ཨ་ཕའི་གཉེན་འབྲེལ་ཐབས་ལམ་གྱི་མུ་བསྐྱངས་ཏེ་ཡིད་རྟོན་རུང་ལ་འཐབ་གོ་ཆོད་པའི་དམག་མི་མང་པོ་ཞིག་རང་ཕྱོགས་སུ་བཀུག དེ་ལྟར་མགོན་པོ་རྣམ་རྒྱལ་གྱིས་ཁོང་ཚོར་ཡུན་རིང་དྲག་པོའི་དམག་སྦྱོང་བྱས་ཏེ་དམག་སྟོབས་ཆེས་ཆེར་དར། ཡིན་ནའང་དམག་དཔུང་གི་ཡོང་འབབ་ཞན་པས། ཁོང་གིས་དམག་མི་ཚང་མས་རང་ས་ནས་དམག་ཆས་ལྔ་རེ་དང་རྩམ་པ་ཕད་ཁུག་རེ་གྲ་སྒྲིག་བྱ་དགོས་པའི་མཛུབ་སྟོན་གནང་། མགོན་རྣམ་གྱིས་དམག་འཐབ་ཀྱི་ནུས་པ་དང་བློ་ཉེ་མིན་ལ་དཔགས་ཏེ་དམག་དཔུང་དེ་ཉིད་ནང་དམག་དང་ཕྱི་དམག སྲུང་དམག་(ཡོལ་དམག་)བཅས་རིགས་གསུམ་དུ་ཕྱེ། ནང་དམག་ནི་དམག་འཐབ་ཀྱི་ནུས་པ་དྲག་ཤོས་དང་མགོན་རྣམ་རང་གི་ཡིད་ཆེས་བློ་འགེལ་བྱ་ཡུལ་གྱི་དམག་སྡེ་སྟེ། འདི་ལ་གདོང་མཆོང་དཔུང་གཏོར་གྱི་ནུས་ཤུགས་ལྡན་པར་བརྗོད། ཕྱི་དམག་ནི་གཡུལ་སའི་རྒྱབ་སྣོན་དམག་དང་དེས་ནང་དམག་ལ་རྒྱབ་རོགས་ཀྱི་ནུས་པ་འདོན་གྱིན་ཡོད། ཕྱི་དམག་གི་ཁྲོད་ནས་བྱས་རྗེས་གཟེངས་སུ་ཐོན་པ་རྣམས་ནང་དམག་ཏུ་ཞུགས་ཆོག མགོན་རྣམ་གྱིས་ཉིན་རྟག་པར་དམག་སྦྱོང་ནན་མོ་བྱ་དགོས་པའི་སྒྲིག་ཁྲིམས་བཟོས་ཡོད་ཀྱང་། སྐབས་རེར་རྡོ་དཀར་འགྱོག་པ་དང་། རི་ལ་འཛེག་པ། རྟ་རྒྱུག་སྒ་མཆོང་དང་མདའ་འཕེན་སོགས་ཀྱི་རྩལ་འགྲན་སྤེལ་ཏེ་དམག་མི་དག་གི་ལུས་སེམས་ཀྱི་སྟོབས་བསྐྱེད། ཁོང་གིས་དམག་རྒྱག་ཐེངས་རེ་རེར་ཆོད་སེམས་བརྟན་པོས་དགྲ་བོའི་གསོན་སྙིང་ལེན་དགོས་པའི་དམག་རྦོད་པར་བྱེད་ཅིང་། མཚན་གཏིབ་གཏོང་བ། འཇབ་རྒོལ་བྱེད་པ། དམག་ཤུགས་ཆིག་སྒྲིལ་གྱིས་དཔུང་འཇུག་བྱེད་པ། ཕྱོགས་ཡོངས་སྐོར་སྐྱིལ་གཏོང་བ་སོགས་ཀྱི་དམག་ཐབས་ཀྱང་ལག་ལེན་དུ་བསྟར་དགོས་པར་གདམས། ཁོང་གིས་དམག་འཁྲུག་གི་གནས་སྐབས་གང་དུའང་གདོང་མཆོང་གི་བརྟུལ་ཞུགས་བླངས་ཏེ་དགྲ་བོའི་དཔའ་ངར་བཅིལ་ཅིང་རང་སྡེའི་ལ་རྒྱ་བསྐྱེད་ཅིང་། དམག་མི་དཀྱུས་མ་རྣམས་དང་ལྷན་ཅིག་སྐྱིད་སྡུག་གལ་ཏ་མགོ་སྦྲེལ་བྱས་པས་ཀུན་གྱིས་གཙུག་ཏུ་བཀུར། ཁོང་གིས་ལག་འོག་གི་དམག་མི་རྣམས་ལ། རྟག་པར་རྔུལ་ཆུ་མ་བཞུར་ན། གཡུལ་སར་རྣག་ཁྲག་བཞུར་ཉེན་ཡོད། ཅེས་དམག་མིའི་སྦྱོང་བརྡར་ལ་ཤིན་ཏུ་ནན་ཆེན་གྱིས་མཛུབ་སྟོན་གནང་བར་བཤད། དེ་ལྟར་མགོན་རྣམ་ཁོང་མངའ་འོག་མི་སེར་ལ་རྒྱབ་གཉེར་བརྩེ་གཟིགས་གནང་མཁན་ཞིག་ཡིན་ལ། འདི་ཡང་ཁོང་གིས་དམག་དམངས་གཉིས་ལ་བཟུང་བའི་མཛད་ཕྱོགས་ཤིག་ཏུ་བརྩིས་ཆོག་སྙམ།
གཉིས། ལྕགས་མདུད་ཡོངས་དབང་དུ་བསྒྱུར་བ། མགོན་པོ་རྣམ་རྒྱལ་གྱིས་ཉག་སྟོད་སྨད་བར་གསུམ་གྱི་དབང་འོག་ཏུ་མ་འདུས་པའི་ལྕགས་མདུད་ཀྱི་ཚོ་པ་གཞན་དག་རང་ཕྱོགས་སུ་བསྡུ་བསྐོང་བྱས་ཏེ། རང་ལས་སྟོབས་ཆེ་བའི་དཔོན་ཚང་གཞན་དག་ལ་དམག་དྲངས། ཁོང་གིས་དཔུང་འཇུག་བྱེད་ས་ཐོག་མ་ནི་གྱ་བཟི་འགོ་དཔོན་ཡིན་ཏེ། འགོ་དཔོན་དེས་ཉིན་ཁ་ཤས་ལས་མ་བརྟན་པར་མགོན་རྣམ་ལ་མགོ་བཏགས་རྩིས་འབུལ་ཞུས། དེ་ནས་རིམ་བཞིན་ཁོང་གིས་ཉག་རྐེད་དཔོན་ཡང་མགོ་རྟིང་བསློགས།དེའི་རྗེས་སོར་མགོན་རྣམ་གྱིས་ལྕགས་མདུད་ཡུལ་གྱི་སྟོབས་ཤུགས་ཆེ་ཤོས་ཡིན་པའི་ཉག་སྟོད་དཔོན་དང་ཉག་སྨད་དཔོན་གཉིས་ལ་བཙན་འཛུལ་གྱི་མདུང་རྩེ་གཏད། སྐབས་དེར་ཉག་སྟོད་དཔོན་གཅིག་པུའི་མངའ་འོག་ཏུའང་འགོ་དཔོན་ཆུང་བ་15ཡོད་པ་རེད། དེ་ཡང་མགོན་པོ་རྣམ་རྒྱལ་གྱིས་རང་གི་མནའ་མ་ཉག་སྟོད་དཔོན་གྱི་བུ་མོ་ཡིན་པའི་གཉེན་གྱི་འབྲེལ་བ་བེད་སྤྱད་དེ་ཉག་སྟོད་དཔོན་ལ་འཇིགས་སྐུལ་བྱས་ཤིང་། མཐའ་མར་བྱ་མ་དཀྲོགས་སྒོ་ང་ལེན་ཐབས་ཀྱིས་ཉག་སྟོད་དཔོན་རང་གི་དབང་འོག་ཏུ་བཙུད་ཅིང་དེ་གའི་ཡུལ་དོན་ནང་འཁོར་བློ་ཉེ་ཞིག་ལ་གཉེར་གཏད་བྱས། དེར་མཐུད་ནས་མགོན་རྣམ་གྱིས་རྒྱ་སྐྱེད་ཀྱི་དམིགས་འབེན་ཉག་སྨད་དུ་གཏེད། ཉག་སྨད་ཁུལ་གྱི་ས་བཙན་ལ་རྒོལ་དཀའ་བའི་གནས་ཚུལ་ལ་གཞིགས་ནས། ཆེད་དམིགས་སྐས་རིང་ལ་བརྟེན་ནས་མཁར་རྫོང་ལེན་མཁན་གྱི་དམག་དཔུང་ཤིག་རྩ་འཛུགས་བྱས་ཏེ། ཉག་སྨད་པ་རྣམས་བག་ཕེབས་པའི་གླགས་དང་བསྟུན་ནས་འཇབ་རྒོལ་བྱས། དང་ཐོག་ཉག་སྨད་དཔོན་གྱི་ཕོ་བྲང་དག་ལ་མེ་ལྕེ་འབར་བའི་མདའ་ཆར་ཕབ་སྟེ་གཡུལ་བཤམས་ཤིང་། དགྲ་མངོན་རང་ལྐོག་གི་བབ་དང་བསྟུན་ནས་ཉག་སྨད་ཀྱི་མི་དྲག་དཔོན་པོ་མི་ཉུང་བ་ཞིག་ལྔ་ལམ་དུ་བརྫངས། ཡིན་ནའང་ཕྱིས་སུ་ཉག་སྨད་ཀྱི་མཁར་རྫོང་དག་ཤིན་ཏུ་བརྟན་པས་ཁོ་ཚོར་འགོག་རྒོལ་དྲག་པོ་ཐེབས་ཏེ། མགོན་རྣམ་གྱི་དམག་དཔུང་ལ་ཉམས་ཉེས་ཆེན་པོ་བྱུང་བས་གནས་སྐབས་རིང་དམག་ཕྱིར་འཐེན་མི་བྱེད་ཀ་མེད་དུ་གྱུར་ཅིང་དམག་དཔུང་བསྐྱར་སྒྲིག་གི་ལས་ལ་ཞུགས། དམག་གྲབས་ལེགས་པར་བྱས་རྗེས་ཁོང་གིས་བསྐྱར་དུ་ཉག་སྨད་དཔོན་ཁག་གི་ཕོ་བྲང་ལ་བཙན་འཛུལ་བསྐོར་སྐྱིལ་བྱས་ཏེ་བཏུང་ཆུའི་ཡོང་ཁུངས་འགོག་པ་དང་། ཉེ་འབྲེལ་མི་གཏའ་རུ་འཛིན་པ་སོགས་བཙན་དབང་བྱས་སྟབས། མཐའ་མཇུག་ཕོ་བྲང་དུ་འཛུལ་བའི་འགོ་དཔོན་དག་གིས་རིམ་པ་བཞིན་མགོ་འདོགས་ཞུས་ཏེ་ཉག་སྨད་དཔོན་དབང་དུ་བསྡུས། དེ་དོན་རང་གི་བུ་ཆེ་བར་གཉེར་དུ་གཏད། སྐབས་དེར་ཁོང་གིས་ལྕགས་མདུད་ཁུལ་ཡོངས་དབང་དུ་བསྒྱུར་ཏེ་ཆིང་སྲིད་གཞུང་གིས་བསྐོས་པའི་དཔོན་རིགས་རྣམས་ཀྱང་མིང་གི་ལྷག་མར་བཏང་། ཆིང་གོང་མས་གནང་བའི་ཡུལ་དཔོན་གྱི་བཀའ་ཡིག་དམ་སྦྱར་མ་དང་ལས་ཐོབ་དཔོན་ཆས་སོགས་དངོས་རིགས་ཡོད་རྒུ་ཉག་ཆུར་བཏབ། ཁོང་གིས་རློམ་པ་ཆེན་པོས། ང་ནི་རྒྱ་དཔོན་མི་སྡོད། བོད་དཔོན་(བོད་གཞུང་བཀའ་ཤག་གི་དཔོན་རིགས)ཡང་མི་བྱེད། ངས་ནི་རང་སྟོབས་ཀྱིས་བསྐྱེད་པའི་དཔོན་པོ་ཞིག་བྱེད་དོ། །⑥ཞེས་གཏམ་བཙན་མོ་ཆེ་བསྒྲགས་མྱོང་སྐད།མགོན་རྣམ་གྱིས་དམག་ཐོབ་ཀྱི་རྟིང་མ་ཇི་སྙེད་མངའ་འོག་མི་སེར་ལ་བགོ་འགྲེམ་དང་། མི་མང་འདུ་སར་ཡུལ་དཔོན་དག་གིས་མི་སེར་ལ་བཤུ་གཞོག་དང་གཉའ་གནོན་བྱས་པའི་རྩིས་ཐོ་དང་གན་ཡིག་ཚང་མ་མེར་བསྲེགས་ཏེ། ཁྲལ་དང་འུ་ལག་རྩ་ཆག་དང་འབུལ་རྟེན་ཡོད་རྒུ་རྩ་མེད་གཏོང་བའི་ལམ་ལུགས་ཁྱབ་བསྒྲགས་བྱས།⑦ དེར་བརྟེན་ཁོང་ལ་ལྕགས་མདུད་རྒྱ་ཆེའི་མི་མང་གི་རྒྱབ་སྐྱོར་དང་དགའ་བསུ་ཆེན་པོ་ཐོབ། དེ་དང་ཆབས་ཅིག་ཁོང་གིས་དམག་དམངས་ལ།བདག་དང་ལྷན་ཅིག་གཡུལ་བཀྱེས་ན། །ཁྱེད་ལ་བཟའ་རྒྱུའི་རྩམ་པ་ཡོད། །ཅེས་དང་། ཡང་དམག་འཐབ་ཀྱི་བྱས་རྗེས་སུ་ཆེ་ལ། །འཚོ་རྟེན་གྱི་ས་ཞིང་བགོ་བར་བྱ། །ཞེས་སོགས་ཀྱི་སྲིད་ཇུས་གསལ་བསྒྲགས་གནང་། ཡིན་ན་འང་། ཕྱོགས་གཞན་ཞིག་ནས། ལྕགས་མདུད་ནས་བྲོས་བྱོལ་དུ་ཕྱིན་པའི་འགོ་དཔོན་ཁག་ཅིག་ཡོད་པ་དག་གིས་ཐབས་བརྒྱ་ཇུས་སྟོང་གིས་རྒོལ་ལན་སློག་རྒྱུའི་དམག་གྲབས་བྱེད་ཀྱིན་ཡོད་པས།སྔར་བས་གཞི་ཁྱོན་ཆེ་བའི་དམག་འཁྲུག་ཅིག་མི་འགྱང་བར་འབྱུང་ལ་ཁད་དུ་ཡོད་དོ། །
གསུམ། ཁམས་ཀྱི་ཡུལ་དུ་དཔའ་བོའི་ཟིལ་ཤུགས་ངོམ་པ། མགོན་རྣམ་གྱི་སྡེ་གཟར་དམག་གིས་གཡུལ་ས་ནས་རྟིང་མ་བླངས་ཏེ་ཕྱོགས་བཞི་མཚམས་བརྒྱད་དུ་དམག་སྟོབས་སྐྱེད་ཀྱིན་པའི་སྐབས་སུ། ལྕགས་མདུད་ནས་ཉེན་བྱོལ་དུ་བྲོས་པའི་འགོ་དཔོན་དག་ཉེ་འཁོར་གྱི་དཀར་མཛེས་དང་བྲག་འགོ། སྡེ་དགེ་སོགས་ལ་འཛོམས་ཏེ་དམག་དཔུང་བསྡུ་རུབ་ཀྱིས་མགོན་རྣམ་པར་ཚུར་རྒོལ་བྱ་རྒྱུའི་གྲབས་བཤམས། དེ་ནས་མགོན་རྣམ་གྱིས་ཀྱང་རྫོང་ཁག་སོ་སོའི་ཡུལ་དཔོན་འདུལ་བའི་འཐབ་ཇུས་གཏན་ལ་ཕབ་སྟེ། ཐོག་མར་བྲག་འགོ་དཔོན་དམིགས་འབེན་དུ་བྱས། བྲག་འགོ་ནི་ལོ་རེ་བཞིན་ལྕགས་མདུད་ལ་བཙན་འཛུལ་བྱེད་སའི་འགག་སྒོ་ཞིག་སྟེ། དེ་ཉིད་རྒོལ་དཀའ་ལ་སྲུང་སླ་བ་ཡོད། བྲག་འགོའི་ལྷོ་རྒྱུད་དུ། ལྕགས་མདུད་ཀྱིས་ཤོར་བའི་ཨ་བསེ་གཤིས་འབྲོག་ཁུལ་ཡོད་ལ། དེ་ནི་ཉག་སྟོད་དང་ཉག་རྐེད་ཀྱི་བདེ་དོན་དང་ཐད་ཀར་འབྲེལ་བའི་ཉེན་ཁའི་གནས་ཤིག་ཡིན། དེ་བཞིན་ཆིང་དམག་གིས་ལྕགས་མདུད་ལ་དམག་རྒྱག་ཐེངས་རེར་བྲག་འགོ་དཔོན་གྱིས་དམག་མངགས་ཏེ་ཆིང་དམག་ལ་དཔུང་རོགས་བྱེད་ཀྱིན་ཡོད།⑧ ཧོར་དཔོན་ལྔའི་ཡ་གྱལ་བྲག་འགོ་དཔོན་ནི་ལས་སླ་པོས་ཆམ་ལ་འབེབ་ཐུབ་པ་ཞིག་མིན་པས། མགོན་རྣམ་གྱིས་སྔ་ཕྱིར་ཐེངས་བདུན་ལ་དམག་བརྒྱབ་ཀྱང་གཡུལ་ལས་རྣམ་པར་རྒྱལ་མ་ཐུབ། གནས་སྟངས་དེ་འདྲའི་འོག་ཁོང་གིས་དམག་བྱུས་ལ་འགྱུར་བ་བཏང་སྟེ། ཐོག་མར་བྲག་འགོ་དཔོན་འོག་གི་འགོ་དཔོན་ཆུང་བ་ཞིག་ལ་འཇབ་རྒོལ་བྱས་ཏེ་ཆམ་ལ་ཕབ། དེ་ནས་འགོ་དཔོན་གཞན་པ་རེ་རེར་དམིགས་བཙུགས་ཏེ་ཕར་རྒོལ་བྱས། འདི་ལྟར་གཙང་པོ་རབ་བརྒལ་ལྟ་བུའི་དམག་འཐབ་བསྟུད་མར་བྱས་པས། ཉིན་བཅུ་ཕྲག་ནང་བྲག་འགོ་དཔོན་འོག་གི་འགོ་དཔོན་མང་ཤས་དབང་དུ་བསྡུས། དམག་འཐབ་དེ་དག་ཁྲོད་མགོན་རྣམ་གྱི་དམག་དཔུང་ལའང་ཤི་རྨས་གང་འཚམས་བྱུང་རིགས་འདིར་སྤྲོས་པར་མི་བྱེད་དོ། །མཇུག་མཐར་དཔུང་ཤུགས་ཆིག་སྒྲིལ་གྱིས་བྲག་འགོ་དཔོན་གྱི་ཤུལ་ལུས་དམག་དང་གདོང་ཐུག་ནས་དམག་འཐབ་པར་གཡུལ་ལས་རྣམ་པར་རྒྱལ་ཏེ་བྲག་འགོ་ས་ཆ་ཡོངས་དབང་འོག་ཏུ་བཙུད། ཕོ་བྲང་གསར་རྒྱག་གིས་རང་གི་མངའ་འོག་ཅིག་ལ་བྲག་འགོ་གཉེར་དུ་གཏད།
དེའི་རྗེས་སུ་ཡང་མགོན་རྣམ་གྱིས་འཐབ་འཁྲུག་ཆེ་ཆུང་དུ་མ་བསླངས། འབྲེལ་ཡོད་ལོ་རྒྱུས་ཡིག་ཚགས་སུ་གསལ་བ་ལྟར་ན། དཀར་མཛེས་གཡུལ་འགྱེད་དང་། ཐེ་ཉིང་གཡུལ་འགྱེད། མི་ཉག་གཡུལ་འགྱེད། སེར་ཤུལ་གཡུལ་འགྱེད། དགོན་ཆེན་གཡུལ་འགྱེད། འབྲི་ཆུའི་གཡུལ་འགྱེད་སོགས་གཡུལ་འགྱེད་གྲགས་ཆེ་བ་བཅུ་ལྷག་བྱུང་ཡོད།⑨གཡུལ་འགྱེད་རེ་རེར་རྒྱལ་ཁ་བསྟུད་མར་བླངས་རྗེས། ཁོང་གིས་ཁམས་ཤར་ཁུལ་དུ་གནས་སྡོད་རྟའུ་ཚོ་པ་བཅུ་གཉིས་ཀྱི་དཔོན་པོར་གཡུལ་བཀྱེས་ཏེ་ཕམ་པར་བཏང་། དེ་ནས་ཁོང་གི་དམག་དཔུང་ཕྱིར་འཁོར་ཏེ་དཔལ་ཡུལ་དང་རྫ་ཆུ་ཁ། སྡེ་དགེ་སོགས་ཁམས་བྱང་ཁུལ་དུ་དཔུང་འཇུག་བྱས།⑩དེ་དག་ལས་སྡེ་དགེ་ལ་འཐབ་དཀའ་ཙམ་བྱུང་། འཐབ་འཁྲུག་འདིའི་འབྱུང་རྩ་ནི་ལྕགས་མདུད་དམག་གིས་སྡེ་དགེ་དཔོན་གྱི་བང་ཆེན་ཞིག་འཇུ་བཟུང་བྱས་པས། ཁོའི་འཕྲིན་དུ་སྡེ་དགེ་དཔོན་གྱིས་ལི་ཐང་དཔོན་ལ་གོ་བསྐོན་བློ་འགུག་གིས་ལྷོ་བྱང་མཉམ་འབྲེལ་བྱས་ཏེ་ལྕགས་མདུད་བར་དུ་བཙིར་རྒྱུའི་དམག་འཁྲུག་གི་འཆར་གཞི་བཀོད་ཡོད་པ་སྟེ།འཕྲིན་ཡིག་དངོས་ཀྱི་ནང་དུ། ལྕགས་མདུད་དུ་བདུད་ཀྱི་སྙིང་ཁམས་ཅན་བྱུང་སྟེ། ད་ལམ་ཕྱོགས་མཐའི་ཡུལ་དཔོན་རྣམས་ལ་འཇིགས་པ་ཆེར་འབྱུང་བཞིན་པ་ལགས་ན། འོ་སྐོལ་རྣམས་མཉམ་འབྲེལ་ཐོག་དགྲ་བོ་འདི་ཀོ་ཆུང་དུས་རྨེག་མེད་དུ་གཏོང་བར་རིགས་ཏེ། ནམ་ཞིག་མེ་སྟག་གིས་རི་རབ་བསྲེགས་ཤིང་གོད་ཆག་གིས་གནམ་ས་གཡོས་ཚེ། ངེད་ཅག་འགྱོད་ཀྱང་འཕྱིས་དྲགས་པ་ཡིན་ནོ། །ཞེས་བཀོད་པ་ལྟར་རོ། །དེ་ཡང་སྡེ་དགེ་དཔོན་གྱིས་དམག་བྱུས་ཀྱི་གསང་བ་ཕྱིར་གྱར་བའི་གནས་ཚུལ་མ་ཤེས་གོང་། མགོན་རྣམ་གྱི་དམག་དཔུང་གིས་སྡེ་དགེ་དཔོན་ལ་གྲ་སྒྲིག་ཅི་ཡང་མེད་པའི་སྐབས་དང་བསྟུན་ནས་དཔུང་འཇུག་བྱས། ཟླ་ཕྱེད་ལྷག་ལ་དམག་འཐབ་དྲག་པོ་བྱས་མཐར་སྡེ་དགེ་རྒྱལ་པོ་རབ་ཏུ་ཕམ་སྟེ་མགོ་བཏགས་ཞུས། སྡེ་དགེ་དཔོན་སྟེང་ཞལ་གཉིས་འཇུ་བཟུང་བགྱིས་ཏེ་ལྕགས་མདུད་དུ་ལོ་གཉིས་ལ་བཙོན་འཇུག་བྱས།⑾ དེར་མཐུད་ནས་མགོན་རྣམ་གྱིས་གོ་ཧྲག་དམག་དཔུང་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་ཁམས་ལྷོ་ཁུལ་གྱི་དཔོན་པོ་ཆེ་ཤོས་ལི་ཐང་དཔོན་ཆམ་ལ་ཕབ། དུས་དེ་ཤེད་ཅིག་ལ་མགོན་རྣམ་གྱི་སྡེ་གཟར་དམག་གིས་ཁམས་ཁུལ་ཡོངས་རྫོགས་བཙན་དབང་གིས་མདུད་པ་ཡུག་གཅིག་ཏུ་བསྒྲིལ་ཞིང་། མགོན་རྣམ་གྱི་ཁོང་ཡང་མདོ་སྟོད་ཁམས་པའི་ཡུལ་གྱི་མི་དབང་རྒྱལ་པོ་ལྟ་བུར་གྱུར་ཏོ། །
མགར་ཐར་དགོན་རྡོ་རིང་3པ།⑿
གསུམ་པ། ལྕགས་མདུད་ཉག་རོང་དམག་གི་ཕམ་ཉེས།
སྤྱི་ལོ་1850ལ་ཁྲོན་དམག་གི་དམག་དཔོན་ཆི་ཧྲན་གྱིས་དམག་མངགས་ཏེ་མགོན་པོ་རྣམ་རྒྱལ་གྱི་སྡེ་གཟར་དམག་ལ་དྲག་གནོན་བྱས་ཀྱང་དོན་སྨིན་མ་བྱུང་། ཁྲོན་དམག་དང་འཐབ་སྟེ་སྡེ་གཟར་དམག་གཉན་འཕྲང་གི་དུས་ལ་སླེབས་ཀྱང་། དམག་འཐབ་དང་མཛུབ་སྟོན་ལ་མཁས་པའི་དམག་མི་སྐོར་ཞིག་གསོ་སྦྱོང་ཐུབ་པ་བྱུང་། དེ་དུས་རྒྱ་ནང་དུ་ཧུང་ཞིའུ་ཆོན་(洪秀全)གྱིས་སྣེ་ཁྲིད་པའི་ཞི་བདེ་རྣམ་རྒྱལ་གྱི་འོས་ལངས་འཐབ་རྩོད་ཡང་རྩེར་སླེབས་པའི་དུས་སྐབས་དང་ཁེལ་བས། ཆིང་སྲིད་གཞུང་གིས་ཁམས་ཀྱི་ལྕགས་མདུད་སྡེ་གཟར་ལ་ཐུགས་སྣང་ཕྱོགས་ཁོམ་མེད་པར་རེ་ཞིག་ཙམ་འཇོག་ཏུ་ལུས། ཁོང་ཚོས་གོ་སྐབས་དེ་བེད་སྤྱད་དེ་བོད་དམག་ལ་ཕོད་འཛུགས་པའི་འགོ་བརྩམས། མགོན་རྣམ་ན་རེ། རྒྱ་གར་རྒྱལ་པོ་མི་རེད་ལ། ཆིང་གོང་མ་ཡང་མི་རེད། ང་ལྕགས་མདུད་མགོན་པོ་རྣམ་རྒྱལ་ཡང་མི་རེད།⒀ ཅེས་དང་། འབའ་ཐང་ནི་ཆིང་སྲིད་གཞུང་གི་སྦྲག་སྐྱེལ་ས་ཚིགས་ཤིག་ཡིན་ལ། ཆིང་གི་འབྲུ་རིགས་དང་ཇ་ཚྭ། གོ་མཚོན་བཅས་གསོག་ཉར་བྱ་ཡུལ་ཞིག་ཀྱང་ཡིན། དེ་ཡང་ཆིང་གོང་མའི་ཕོ་ཉ་དང་བོད་ཀྱི་བང་ཆེན་གཉིས་འབའ་ཐང་དུ་ཚ་ཞག་བསྡད་དེ་བཀའ་ཤོག་འཕྲིན་ཡིག་བརྗེ་ལེན་བྱེད་སྲོལ་ཡོད་པ་ལ། སྡེ་གཟར་དམག་གིས་ཐོག་མར་ཆིང་དམག་གིས་བོད་དུ་སྐྱེལ་གྱིན་པའི་དམག་ཆས་དང་འབྲུ་རིགས་སོགས་དངོས་ཟོག་རྣམས་འཕྲོག་བཅོམ་བྱས་ཏེ་དོས་སྐྱེལ་བརྒྱུད་ལམ་རྦད་དེ་བཅད་སྟབས། ཆིང་སྲིད་གཞུང་དང་བོད་གཞུང་བཀའ་ཤག་གཉིས་ཀ་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་བསྐྱལ།⒁ ཆབ་སྲིད་དང་དཔལ་འབྱོར་གྱི་ཕྱོགས་ནས་བལྟས་ནའང་། མགོན་རྣམ་གྱི་སྡེ་གཟར་གྱིས་བོད་གཞུང་བཀའ་ཤག་ཨར་ལ་གཏད་པ་མཐོང་ཐུབ་སྟེ། ཁོང་གིས་ཉག་དམག་བོད་དུ་དྲངས་ཏེ་ཉི་མ་ལྷ་སའི་རྡོ་རིང་ལ་རྟ་འདོགས་དགོས་པའི་འབོད་ཚིག་བོར་མྱོང་སྐད།⒂ སྤྱི་ལོ་1863ལ་བཀའ་ཤག་སྲིད་གཞུང་ཐབས་རྡུགས་ནས་ཆིང་དམག་དང་ཡུལ་དཔོན་གཞན་དག་ལ་མཉམ་འབྲེལ་བྱས་ཏེ། སྤྱི་ལོ་1863ནས་1865བར་གྱི་ལོ་ངོ་གཉིས་ཀྱི་རིང་ཛ་དྲག་ཆེ་བའི་དམག་འཐབ་དུ་མ་བྱས་རྗེས། སྡེ་གཟར་དམག་ལ་ཕམ་ཉེས་ཆེན་པོ་ཐེབས། དེའི་རྗེས་སུ་བོད་དམག་གིས་ཡང་བསྐྱར་སྡེ་གཟར་དམག་སྐོར་སྐྱིལ་བྱས་ཤིང་། འབྲི་ཆུའི་རྒྱུད་དུ་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་དྲག་པོ་ཉིན་བཅུ་ཕྲག་ལ་བརྒྱབ་རྗེས་ཕྱོགས་གཉིས་ཀར་ཤི་རྨས་ཚབས་ཆེན་ཕོག ཏག་ཏག་གཉན་འཕྲང་གི་སྐབས་འདིར་སྡེ་གཟར་དམག་ནང་ཁུལ་གྱི་འགོ་དཔོན་ཁ་ཤས་ཀྱིས་ནང་གྲོས་བྱས་ཏེ་མགོན་རྣམ་གྱི་གསང་བ་ཇི་སྙེད་བོད་དམག་ལ་བཙོང་རྒྱུ་བྱས། དེ་ལྟར་ནང་དུ་བཀྲ་མ་ཤིས་པས་སྡེ་གཟར་དམག་གི་སྟོབས་ཤུགས་ཆེས་ཆེར་ཉམས་རྒུད་དུ་ཕྱིན་པ་དང་བསྟུན་ནས་དམག་འཐབ་ཀྱི་གནས་བབས་ཀྱང་མངོན་སུམ་ཇེ་སྡུག་ཏུ་གྱུར། དེ་ལྟར་མཉམ་འབྲེལ་དམག་དང་ཡུལ་དཔོན་གཞན་དག་གི་དམག་སྣ་མ་ལྕོགས་པར་མགོན་རྣམ་གྱིས་ཤུལ་ལུས་དམག་དཔུང་ལྕགས་མདུད་ལ་ཕྱིར་འཐེན་བྱས། བློ་ཡུལ་ལས་འདས་པ་ཞིག་ལ་ཕྱིར་ལྡོག་པའི་ལམ་བར་དུ་སླར་ཡང་འཇབ་རྒོལ་ཐེབས་ཏེ་རབ་ཏུ་ཕམ། མཇུག་མཐར་སྡེ་གཟར་ཐོག་མར་ལང་སའི་སྤང་རིང་གྲོང་ཚོའི་མཁར་རྫོང་དུ་ཉིན་བཅུ་ལྷག་ལ་བཀག་སྐྱིལ་ཐེབས་ཀྱང་། མགོན་རྣམ་གྱིས་གཙོས་དཔོན་དམག་སྐོར་ཞིག་གིས་སྔར་བཞིན་མགོ་འདོགས་མ་ཞུས་པས་མཚན་གུང་ཙམ་ལ་མཁར་རྫོང་མེར་བསྲེགས།མཁར་རྫོང་ནང་གི་མི་ཁ་ཤས་ལས་གཞན་རྣམས་དགྲ་ངོ་ལ་མ་བལྟས་པར་ཚེ་འཕོས་སོ། །⒃སྐབས་དེར་མགོན་པོ་རྣམ་རྒྱལ་དགུང་ལོ་65ཡིན་ལ།⒄ལྕགས་མདུད་སྡེ་གཟར་ཀྱང་དུས་དེ་ནས་མཇུག་བསྒྲིལ་ཏོ། །⒅
ལྕགས་མདུད་མགོན་པོ་རྣམ་རྒྱལ་གྱི་སྐུ་ཚེའི་ལོ་རྒྱུས་དོན་ཆེན་རེའུ་མིག (སྤྱི་ལོ་1799—1865)
བཞི་པ། མགོན་པོ་རྣམ་རྒྱལ་གྱི་ཕམ་རྐྱེན་གཙོ་བོ།
ལྕགས་མདུད་ཉག་རོང་དམག་ཕམ་པའི་རྒྱུ་རྐྱེན་དེ་གཤམ་གྱི་ཕྱོགས་འགའ་ལ་ཐུག་པར་འདོད། དམའ་རིམ་སྤྱི་ཚོགས་དང་དམངས་སྲོལ་ལ་རྒྱུས་ཟབ་མོ་མེད་པས། མགོན་པོ་རྣམ་རྒྱལ་གྱི་སྲིད་བྱུས་ལ་དོན་དངོས་དང་མི་མཐུན་པའི་སྟོང་བསམ་གྱི་ཞད་འདྲེས་ཡོད་དེ། དཔེར་ན། མགོན་རྣམ་གྱིས་ཕྱུག་བདག་གྲལ་རིམ་དང་དབུལ་ཕོངས་གྲལ་རིམ་དབར་གཉེན་འབྲེལ་གཟུག་དགོས་ཚུལ་གཏན་འབེབས་བྱས་ཏེ། དབུལ་ཕྱུག་དོ་སྙོམ་དང་སྤྱི་ཚོགས་ཀྱི་འགལ་བ་ཞི་འཇགས་ཡོང་རེ་བྱས་ཀྱང་། བྱེད་སྟངས་འདི་སྐབས་དེའི་དམངས་ཁྲོད་གཉེན་སྲོལ་དང་མི་མཐུན་པ་མ་ཟད། ལོ་རྒྱུས་ཀྱི་འཕེལ་འགྲོས་དང་སྤྱི་ཚོགས་ཀྱི་ཆོས་ཉིད་ལ་འགལ་ཡོད་གཤིས། ཕྱུག་བདག་གྲལ་རིམ་གྱིས་དེ་ལ་མ་འདོད་པའི་ངོ་རྒོལ་ཤུགས་ཆེར་བྱས། ཡང་གཅིག་ནི་ཁོང་གིས་སྐུ་དྲག་དང་ཡུལ་དཔོན་གྱི་ལག་ནས་བླངས་པའི་ས་ཞིང་ལ་གཅིག་གྱུར་སྒོས་འདེབས་འཛུགས་བྱས་ཏེ། འབྲུ་རིགས་རྣམས་མི་སེར་དཀྱུས་མའི་མི་གྲངས་ལྟར་བགོ་བཤའ་བརྒྱབ། བྱེད་སྟངས་འདིས་མཐོ་རིམ་སྤྱི་ཚོགས་ཀྱི་ཁེ་ཕན་ལ་དོ་ཕོག་བཏང་བས།ས་ཞིང་སྲིད་བྱུས་འདི་ལམ་ལྷོང་ཡོང་བར་འགོག་རྐྱེན་ངེས་ཅན་ད་ང་ཕྲད། དེའི་ཐོག་ས་ཞིང་བགོད་མཁན་གྱི་ལས་སྣེ་རྣམས་རུལ་སུངས་རྒྱུ་རྔམ་ཅན་ཡིན་སྟབས། ས་ཞིང་བགོས་པར་འདྲ་མཉམ་མིན་པའི་གནས་ཚུལ་ཚབས་ཆེན་བྱུང་སྟེ། ཞིང་པ་ཁག་ཅིག་གིས་ངོ་རྒོལ་གྱི་འབོད་སྒྲ་རྒྱུན་མ་ཆད་པར་བཏོན། དེ་ལས་ཀྱང་གནད་དོན་ཚབས་ཆེན་ཞིག་ཡོད་པ་ནི། ལྕགས་མདུད་ཉག་རོང་དམག་ནང་ཁུལ་དུ་འགལ་བ་ལྟག་སྤྲོད་དུ་གྱུར་ཏེ་དམག་དཔུང་གི་གསང་བ་ཕྱིར་གྱར་སྟབས། མགོན་རྣམ་ལ་ལྡོག་ཏུ་མེད་པའི་ཕམ་ཉེས་བྱུང་བ་སོགས་ཀྱིས་མཚོན། མདོར་ན། 1.རང་རློམ་ཁེར་རྒྱུག་བྱས་དྲགས་པས་འཐབ་འཁྲུག་གི་ཕྱི་ཆ་ལ་བཟང་སྤྱོད་བོར་ཏེ་དམངས་སེམས་ཤོར། 2.དམག་དོན་རྒྱ་སྐྱེད་ཀྱིས་བཙན་བཟུང་ས་ཁྱོན་ཆེ་བས་ཕྱོགས་སོ་སོའི་ཁེ་ཕན་སྙོམ་སྒྲིག་གང་ལེགས་བྱེད་མ་ནུས་པ། 3.ཕྱིས་སུ་མངའ་འོག་དང་མ་འཆམ་པར་ནང་ཁུལ་དུ་བཀྲ་མ་ཤིས་པ། 4.བཙན་འཛུལ་རྒྱ་སྐྱེད་ཀྱི་ཧམ་སེམས་ཆེས་ཆེར་འཕར་ཏེ། ཆིང་སྲིད་གཞུང་དང་བོད་གཞུང་བཀའ་ཤག་གཉིས་ཀར་སྣང་ཆུང་བྱས་པ་སོགས་ཕམ་རྐྱེན་གཙོ་བོ་བཞི་རུ་བསྡུ་ཆོག་སྙམ། དེ་ཡང་མགོན་རྣམ་གྱི་ས་ཞིང་སྙོམ་བགོ་དང་དབུལ་ཕྱུག་གཉེན་འབྲེལ་གྱི་སྲིད་བྱུས་དེ་གཉིས་ལག་ལེན་ཐོག་ཕམ་ཁ་བྱུང་ཡང་། ཁོང་གི་དབུལ་ཕྱུག་སྙོམ་པའི་བསམ་བློ་དེ་ནི་རྒྱ་ཆེའི་མི་མང་གི་ཁེ་ཕན་སྲུང་སྐྱོབ་ལ་དམིགས་ནས་སྤེལ་བ་ཞིག་ཡིན་པས། དེ་ལ་དགེ་བའི་དོན་སྙིང་ངེས་ཅན་ལྡན་ནོ། །
མཇུག་བསྡུ་བ།
སྤྱིར་ལོ་རྒྱུས་མི་སྣ་ཞིག་གི་སྣང་བརྙན་བཞེངས་སྐྲུན་བྱ་རྒྱུ་ནི་ཤིན་ཏུ་ནས་རྙོག་འཛིང་དང་འགལ་ཟླ་ཆེ་བའི་བརྒྱུད་རིམ་ཞིག་སྟེ། འདིར་བརྗོད་པའི་ཉག་རྐེད་དཔོན་མགོན་པོ་རྣམ་རྒྱལ་ལ་མཚོན་ན་ཡང་དེ་ལས་མ་འདས། ལོ་རྒྱུས་སྨྲ་བའི་ལས་རིགས་ཁྲོད་ཁོང་ལ་གདེང་འཇོག་མི་འདྲ་བ་སྣ་ཚོགས་བྱུང་ཡོད་དེ། ཁ་ཤས་ཀྱིས་ཁོང་ནི་ཞིང་པའི་སྡེ་གཟར་གྱི་འགོ་འཁྲིད་མཁན་རེད་ཅེས་བསྔགས་ཤིང་། ཁ་ཤས་ཀྱིས་ཁོང་གིས་ཡུལ་དཔོན་དབར་དབང་ཆའི་འཕྲོག་རྩོད་ཀྱི་དམག་འཁྲུག་བསླངས་པ་རེད་ཅེས་སྨོད་པར་བྱེད། གང་ལྟར་ཁོ་བོས་ནི་ཤེས་ཡོན་པའི་ལས་རིགས་ཀྱིས་ཁོང་ལ་ཇི་ལྟར་གདེང་འཇོག་བྱས་པ་དེ་གཙོ་བོ་མིན་པར། མགོན་པོ་རྣམ་རྒྱལ་གྱི་སྐུ་ཚེའི་ལོ་རྒྱུས་ཧྲིལ་པོར་གཞིགས་ནས་ཁོང་གི་ཁྱིམ་ཚང་གི་རྒྱབ་ལྗོངས་དང་ཉག་རོང་གི་སྤྱི་ཚོགས་རྒྱབ་ལྗོངས། དེ་བཞིན་སྐབས་དེའི་ཀྲུང་གོའི་ལོ་རྒྱུས་རྒྱབ་ལྗོངས་སོགས་ལ་རྒྱུས་ལོན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་། དེ་བཞིན་མགོན་རྣམ་གྱི་ལོ་རྒྱུས་ནི་ཤེས་ཡོན་པ་དག་གིས་སྐབས་དེའི་ཉག་རོང་གི་ས་རྒྱུས་གནས་བབས་དམིགས་བསལ་ཅན་དང་། ཆོས་སྲིད་ཟུང་སྦྲེལ་དང་ཆོས་སྲིད་མནའ་འབྲེལ་གང་ལ་ཡང་མི་ཐེ་བའི་ཉག་རོང་གི་ཆོས་སྲིད་འབྲེལ་བ་དམིགས་བསལ་ཅན་བཅས་ལ་ཤེས་རྟོགས་དང་ཉམས་ཞིབ་བྱ་རྒྱུར་མེད་དུ་མི་རུང་བའི་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཏུ་འདོད་དོ། །
མཆན་འགྲེལ།
①ཡེ་ལེ་ཚུལ་ཁྲིམས། 《ལྕགས་མདུད་ཉག་རྐེད་ཚང་གི་ལོ་རྒྱུས་རགས་རིམ་བརྗོད་པ》 སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ཨུ་ལྷན་གྱིས་བསྒྲིགས། དཀར་མཛེས་ཁུལ་རིག་གནས་ལོ་རྒྱུས། སྤྱིའི་དེབ་ཉེར་དྲུག་པ། p.117
②ཤེས་རབ་འོད་ཟེར། 《ཉག་རྐེད་མགོན་པོ་རྣམ་རྒྱལ་དར་རྒུད་ཀྱི་ལོ་རྒྱུས》 སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ཨུ་ལྷན་གྱིས་བསྒྲིགས། དཀར་མཛེས་ཁུལ་རིག་གནས་ལོ་རྒྱུས། སྤྱིའི་དེབ་ཉེར་དྲུག་པ། p.10
③ཤེས་རབ་འོད་ཟེར། 《ཉག་རྐེད་མགོན་པོ་རྣམ་རྒྱལ་དར་རྒུད་ཀྱི་ལོ་རྒྱུས》 སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ཨུ་ལྷན་གྱིས་བསྒྲིགས། དཀར་མཛེས་ཁུལ་རིག་གནས་ལོ་རྒྱུས། སྤྱིའི་དེབ་ཉེར་དྲུག་པ། p.177
④《清史稿》:“命思举进剿,克四春、洛(罗)布七力就歼, 请分其地以赏上下瞻对诸出力头目。”
⑤格勒:《康巴史话》[M],成都:四川美术出版社,2014年,第252、258页。
⑥阿来:《瞻对》[M],成都:四川文艺出版社,2014年,第80页。
⑦ཐུབ་བསྟན་ཕུན་ཚོགས། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》[M] པེ་ཅིན། 2006ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། p.429
⑧得荣•泽仁邓珠:《藏族通史•吉祥宝瓶》[M],西藏人民出版社,2001年,第 311页。
⑨邓明浩:《布鲁曼》[J],西南民族学院学报哲学社会科学版,1980年第3期。
⑩ཕན་བདེ་བྱང་ཆུབ་ཚོགས་པས་བསྒྲིགས། 《འཇའ་ལུས་པ་ཉག་བླ་པདྨ་བདུད་འདུལ་མཆོག་གི་རྣམ་ཐར་བརྙན་རིས་སྐལ་ལྡན་ཐར་ལམ་འགོད་པའི་གྲུ་གཟིངས》 [M] 2016ལོའི་ཟླ་བཞི་པར་ཀྲུང་གོ་རྒྱལ་སྤྱིའི་སྐད་ཡིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། p.248
⑾ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་ཀརྨ་ཆོས་འཕེལ། 《ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར》[M] 2015ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། p.217
⑿མི་ཉག་མགར་ཐར་དགོན་གྱི་སྒོ་འགྲམ་དུ་རྡོ་རིང་ལ་བཀོད་ཡོད།
⒀ཤེས་རབ་འོད་ཟེར། 《ཉག་རྐེད་མགོན་པོ་རྣམ་རྒྱལ་དར་རྒུད་ཀྱི་ལོ་རྒྱུས》 [M] སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ཨུ་ལྷན་གྱིས་བསྒྲིགས། དཀར་མཛེས་ཁུལ་རིག་གནས་ལོ་རྒྱུས། སྤྱིའི་དེབ་ཉེར་དྲུག་པ། p.66-67
⒁玉珠措姆:《史学家对工布朗吉土司形象的构建》[J],民族学刊,2012年第3期。
⒂ཐུབ་བསྟན་ཕུན་ཚོགས། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》[M] པེ་ཅིན། 2006ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། p.429
⒃དབོན་པོ་ཚུལ་ཁྲིམས་རྒྱལ་མཚོ། 《གླག་བླ་བསོད་ནམས་ཆོས་འགྲུབ་ཀྱི་རྣམ་ཐར།》 [M] 2015ལོར་གླག་བྲག་རྫོང་དཔེ་ཚོགས་ཁང་གིས་པར་དུ་བསྐྲུན། p.22
⒄ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་ཀརྨ་ཆོས་འཕེལ། 《ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར》 [M] 2015ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། p.224
⒅玉珠措姆:《瞻对工布朗结在康区的兴起探析》[J],中国藏学, 2014年第2期。