༄༅།།སྔོན་ཆད་ཀྱི་བྱེ་ཐང་ནས་ད་ལྟའི“སན་ཡ་ཆུང་བར”གྱུར་པའི་བདེ་སྐྱིད་སྡེ་བ།

ཨོ་མཆོག་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-30


        ཟི་ལིང་ནས་ལམ་ལ་ཆས་ཏེ་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་ལྷོ་ཕྱོགས་སུ་སྤྱི་ལེ100ལྷག་ཙམ་སོང་ནས་རྒྱང་རིང་དུ་བལྟས་ན་སྔོ་བསངས་བསངས་ཀྱི་རྨ་ཆུ་མཐོང་བ་དང་། དེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་ཐོན་པ་རེད།
        གཅན་ཚ་རྫོང་བདེ་སྐྱིད་སྡེ་བ་ནི་ལྷིང་འཇགས་ངང་རྨ་ཆུའི་དཀྱོགས་མཚམས་ཤིག་གི་འགྲམ་དུ་ཆགས་ཡོད་པས། སྔོ་བསངས་བསངས་ཀྱི་རྨ་ཆུ་སྡེ་བ་དེའི་མདུན་དུ་བཞུར་བཞིན་ཡོད་ལ། རྦ་རླབས་དགུང་དུ་འཕྱུར་ཞིང་བཞུར་སྒྲ་ཤག་ཤག་བྱེད་པ་ཞིག་མ་ཡིན་པར་གནམ་སྔོན་པོ་དང་ཉི་འོད་འོག་ཏུ་ལྷིང་འཇགས་ངང་བཞུར་གྱིན་ཡོད། ཡུལ་དེ་ན་མེ་ཏོག་ཐང་ཆེན་དང་སྡོང་པོ་སྣ་ཚོགས། ཐང་ཆེན། བསིལ་ཁང་། ལྗང་ལམ། བྱེ་ཐང་བཅས་ཡོད་པར་མ་ཟད། ད་དུང་བྱིས་པ་རྣམས་ཀྱི་དགའ་སྤྲོའི་དགོད་སྒྲ་གང་སར་ཁྱབ་ཡོད། སྣང་ཚུལ་འདི་དག་ནི་མཐོ་སྒང་གི་ཞིང་སྡེ་འདི་དང་གཅིག་ཏུ་བསམ་ཐབས་བྲལ་བ་ཞིག་རེད། ཕྱི་ཕྱོགས་སུ་ཡུལ་སྐོར་དྲིལ་སྒྲོག་བྱེད་སྐབས་ཀྱང་གནས་དེ་ལ“མཚོ་སྔོན་གྱི་སན་ཡ་ཆུང་བ”རུ་འབོད་ཀྱིན་ཡོད། མི་མེད་ཐང་སྟོང་གི་བྱེ་ཐང་ཞིག་ནས་ད་ལྟའི་ཀྲུང་གོའི་ཆེས་མཛེས་པའི་སྤྲོ་གསེང་ཞིང་སྡེ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་སྡེ་བ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེ། རྒྱལ་ཁབ་ཀྱི་ནགས་ཚལ་ཞིང་སྡེ། རྒྱལ་ཡོངས་ཀྱི་ཞིང་སྡེའི་ཡུལ་སྐོར་གཙོ་གནད་སྡེ་བ་སོགས་བདེ་སྐྱིད་སྡེ་བའི་འགྱུར་ལྡོག་འདི་དག་རྨ་ཆུར་བརྟེན་ནས་བྱུང་བ་རེད།
        རྨ་ཆུའི་འགྲམ་ངོགས་སུ་གཤིབ་ནས་ཡོད་པའི་ལམ་འགྲམ་དག་ནི་བདེ་སྐྱིད་སྡེ་བའི་གཅིག་གྱུར་འཆར་འགོད་བྱས་པའི་ཞིང་པའི་སྤྲོ་སྐྱིད་ཁང་གི་གནས་ཡུལ་རེད། ཁྱིམ་ཚང་རེ་རེའི་གཞིས་མའི་སྒོ་མདུན་དུ་ཤིང་བྱང་རེ་བཏགས་ཡོད་ལ། དེའི་ཐོག་ཏུ་ཁྱིམ་བདག་གི་མིང་དང་འདོན་སྤྲོད་བྱེད་ཐུབ་པའི་ཉལ་ཁྲིའི་གྲངས་ཀ་དང་བཟའ་བཏུང་གི་འགྲོ་གྲོན་སོགས་ཀྱི་ཆ་འཕྲིན་བྲིས་ཡོད། ཚོང་ཁང་ཆུང་ཆུང་དང་བཟའ་བཏུང་།བཟོ་རྩལ་ཐོན་རྫས། ཚོང་ཁང་སོགས་མང་པོ་ཡོད་པ་དང་། དེ་དག་ཚང་མ་མཛེས་བཟོ་ཞིབ་མོ་བྱས་ཡོད་པས་རང་རང་ལ་སོ་སོའི་ཁྱད་ཆོས་ལྡན། གཞིས་མ་དེ་དག་གི་ནང་དུ་སོང་ན། དེའི་ནང་གི་ཕལ་ཆེ་བ་ཚོང་ཁང་དང་གཞིས་ཆགས་མཉམ་འདྲེས་བྱས་ནས་བསྐྲུན་ཡོད་པ་ཤེས་ཐུབ་ལ། དེ་ནི་བདེ་སྐྱིད་སྡེ་བའི་ཁྱད་ཆོས་ཤིག་སྟེ“སྒོ་བརྒྱབ་ན་ཁྱིམ་དང་སྒོ་ཕྱེས་ན་ཚོང་ཁང”ཡིན་པ་དེ་རེད།
        རྨ་ཆུའི་འགྲམ་དུ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཡུལ་སྐོར་པས་ས་དེའི་ཉི་འོད་དང་བྱེ་ཐང་དང་རི་སྔོ་ཆུ་དྭངས་བཅས་ཇི་དགར་ལོངས་སུ་སྤྱོད་བཞིན་ཡོད། བྱིས་པ་རྣམས་ཆུ་ངོགས་སུ་དགའ་སྤྲོས་རྩེད་མོ་རྩེ་བ་དང་དར་མ་རྣམས་ཀྱིས་བསིལ་གདུགས་ཀྱི་འོག་ཏུ་ཇའི་བྲོ་བ་མྱོང་བ་དེ་ནི་ཐོབ་དཀའ་བའི་ལྷིང་འཇགས་ཀྱི་ལོངས་སྤྱོད་ཅིག་ཅི་ལ་མིན།
        རྟ་བྷ་ཚང་ནི་བདེ་སྐྱིད་སྡེ་བའི་རྨ་ཆུའི་འགྲམ་དུ་ཡོད།
        རྟ་བྷ་ཚང་གི་གཞིས་མ་ཧ་ཅང་གྲ་དག་ལ། གཞིས་མའི་ངོས་གསུམ་པོར་གསོལ་ཁང་དང་ཁང་མིག་མང་པོ་ཅན་གྱི་མགྲོན་ཁང་ལས་ཡོད།
        གཞིས་མའི་ཕྱི་རུ་རྟ་བྷས་ད་དུང་གསོལ་ཅོག་འགའ་བསྒྲིགས་ཡོད་པས། ཡུལ་སྐོར་པ་དག་གིས་རྨ་ཆུའི་མཛེས་ལྗོངས་ལ་ལྟད་མོར་ལྟ་ཞོར་དུ་མདའ་སྟོན་གྱི་ཟས་མཆོག་ལོངས་སུ་སྤྱད་ཆོག
        རྟ་བྷ་དང་ཆུང་མ་གཉིས་མགྲོན་པོར་སྣེ་ལེན་བྱེད་པར་བྲེལ་བཞིན་ཡོད།
        “འདི་ནི་ངེད་ཚང་གི་ཁྱིམ་གསར་ཡིན་ལ་འདིར་གནས་སྤར་བ་ནས་བཟུང་ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་རེད”ཅེས་རྟ་བྷས་དེ་ལྟར་བཤད།
        རྟ་བྷ་ནི་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ཀླུ་རྒྱལ་སྡེ་བའི་མི་ཡིན་པ་དང་། 2016ལོར་ཁོ་ཚང་གིས་གནས་སྤོར་སྲིད་ཇུས་བཟང་པོ་ལོངས་སུ་སྤྱད་ནས་གནས་སྤར་བ་རེད། དེ་ནས་ཁོ་དང་ཆུང་མ་གཉིས་ཀྱིས་མཉམ་དུ་ཞིང་པའི་སྤྲོ་སྐྱིད་ཁང་འདི་དང་ཚོང་ཁང་ཆུང་ཆུང་ཞིག་ཕྱེས། ཞིང་པའི་སྤྲོ་སྐྱིད་ཁང་དེ་ནི་རྟ་བྷས2018ལོ་ནས་བཟུང་ཚོང་གཉེར་བྱེད་མགོ་བརྩམས་པ་རེད།
        “ཉིན་འདི་དག་གི་རིང་ལ་ཡུལ་སྐོར་པ་ཇེ་མང་དུ་སོང་བས། ངེད་ཚང་དུ་ཡོང་ནས་ཟ་མ་ཟ་བ་དང་ཞག་སྡོད་བྱེད་པའི་ཡུལ་སྐོར་པའང་ཤིན་ཏུ་མང་བས་མཚམས་ལན་རེར་མགྲོན་པོ་ཁ་ཤས་ལ་སྣེ་ལེན་བྱེད་པའི་ཁོམ་ལོང་མེད།”བདེ་སྐྱིད་སྡེ་བར་ལྟ་སྐོར་དུ་ཡོང་མཁན་ཇེ་མང་དུ་སོང་བ་དང་བསྟུན་ནས་ངེད་ཚང་གི་ཞིང་པའི་སྤྲོ་སྐྱིད་ཁང་གི་ཚོང་ཡང་ཇེ་བཟང་ནས་ཇེ་བཟང་རེད་ཟེར།
        “ད་ལྟ་ངེད་ཚང་གི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཆིག་ཁྲི་ལས་བརྒལ་བས་འཚོ་བ་ཉིན་རེ་བཞིན་ཇེ་བཟང་རེད།”ཅེས་རྟ་བྷས་དགའ་སྤྲོའི་ངང་བཤད།
        ད་ལྟ་རྟ་བྷ་བཟའ་ཟླ་གཉིས་ཀྱིས་མཉམ་དུ་ཞིང་པའི་སྤྲོ་སྐྱིད་ཁང་དང་ཚོང་ཁང་གཉེར་བཞིན་ཡོད་ལ། བྱིས་པ་གསུམ་པོ་ཡང་ཡུལ་དེ་རུ་སློབ་གྲྭར་འགྲོ་བཞིན་ཡོད་པས།བཟའ་མི་གང་པོས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།
        ཡིན་ནའང་། 2016ལོའི་ཡར་སྔོན་དུ། ངེད་ཚང་གི་འཚོ་བའི་རྣམ་པ་གཞན་ཞིག་ཡིན།
        གནས་སྤོར་མ་བྱས་པའི་སྔོན་ལ། ངེད་ཚང་གི་བཟའ་མི་གང་པོ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ཀླུ་རྒྱལ་སྡེ་བར་བསྡད་ཡོད། ཁོའི་འཆར་སྣང་ཞིག་ལ་ས་དེར་འགྲིམ་འགྲུལ་སྟབས་མི་བདེ་ཞིང་ཐོན་ཁུངས་དཀོན་པ། ཐ་ན་འཐུང་ཆུ་ཡང་ཧ་ཅང་དཀོན་པོ་ཞིག་རེད།
        “སྔོན་ཆད། ཁྱིམ་གྱི་ཡོང་སྒོ་ང་ཕྱི་རུ་གླ་རྒྱག་ཏུ་འགྲོ་བ་དང་ཆུང་མས་ཡུལ་ནས་ཞིང་འདེབས་པ་ཁོ་ནར་བརྟེན་པ་ཡིན། ལོ་གཅིག་གི་ནང་དུ་ཁྱིམ་ཚང་གི་ཡོང་སྒོ་སྒོར6000མ་གཏོགས་མེད་པས། འཚོ་བ་ཧ་ཅང་ངན་ངོན་རོལ་བ་ཡིན”ཞེས་རྟ་བྷས་བཤད།
        དེ་ལས་ཀྱང་རྟ་བྷའི་སྡུག་བསྔལ་ཆེ་བ་ནི་ཆུང་མའི་སྨན་བཅོས་དང་བྱིས་པའི་སློབ་ཞུགས་ཀྱི་གནད་དོན་རེད། ཆུང་མའི་ལུས་ཕུང་དེ་འདྲ་བདེ་ཐང་མིན་པས་སྨན་པར་སྟོན་ཐེངས་རེར་རྟ་བྷས་འཕྲུལ་རྟར་བཞོན་ནས་ཆུང་མ་གཅན་ཚ་རྫོང་ཐོག་ཏུ་ཁྲིད་ཀྱིན་ཡོད། བྱིས་པ་དག་གི་སློབ་ཞུགས་ལ་ཡང་ཁོས་སེམས་ཁུར་བྱེད་དགོས། བྱིས་པ་གཉིས་ལས་གཅིག་དམའ་འབྲིང་དང་གཅིག་སློབ་ཆུང་འགྲིམས་བཞིན་ཡོད་པས། བདེ་སྐྱིད་སྡེ་བར་གནས་མ་སྤར་བའི་སྔོན་ལ་ཁོས་གཟའ་འཁོར་རེ་རེར་བུ་མོ་ཆེ་བ་གཅན་ཚ་རྫོང་ཐོག་གི་དམའ་འབྲིང་སློབ་གྲྭར་བསྐྱལ་བ་དང་། ད་དུང་ཉིན་རེ་རེར་བུ་མོ་འབྲིང་བ་ཡར་སྐྱེལ་མར་ལེན་བྱེད་དགོས་པ་དང་། ཆུང་མས་ཁྱིམ་དུ་བུ་མོ་ཆུང་བ་སྙོར་སྐྱོང་བྱེད་དགོས་པས། ཁོ་རང་ཕྱི་རུ་གླ་རྒྱག་ཏུ་སོང་སྟེ་ཁྱིམ་གྱི་དཀའ་སྡུག་སེལ་བའི་དུས་ཚོད་མེད་པ་རེད།
        རྟ་བྷ་ཁྱིམ་མི་གང་པོ་དཀའ་ཁག་ཆེས་ཆེ་བའི་སྐབས་ཏེ2016ལོར་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ཞིག་གིས་ཁོ་ཚོར་རེ་བ་བསྩལ།
        2016ལོར། གཅན་ཚ་རྫོང་གིས་ཡུལ་གཞན་དུ་གནས་སྤོར་བྱེད་པའི་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པ་དང་། 2017ལོའི་ལོ་མཇུག་ཏུ། རྟ་བྷ་ཁྱིམ་མི་གང་པོ་གཞི་ནས་ཡངས་ཤིང་གསལ་བའི་ཁྱིམ་གཞི་གསར་པ་ཞིག་ཏུ་སྤར་བ་དང་། ཁོར་ཡུག་ཧ་ཅང་ཡག་པ་མཐོང་རྗེས། ཁོས་རང་ནུས་ཡོད་རྒུ་བཏོན་ནས་རང་ཉིད་ལ་དབང་བའི་ཞིང་པའི་སྤྲོ་སྐྱིད་ཁང་ཞིག་འབྱེད་རྒྱུའི་སེམས་ཐག་བཅད།
        སྲིད་ཇུས་བཟང་པོའི་རོགས་སྐྱོར་འོག རྟ་བྷས་སྒོར་ཁྲི2ཀྱི་མ་དངུལ་མ་གཏོགས་གཏོང་མ་དགོས་པར་ཟ་ཁང་དང་མགྲོན་ཁང་།སིལ་ཚོང་བཅས་གཅིག་ཏུ་འདུས་པའི་ཞིང་པའི་སྤྲོ་སྐྱིད་ཁང་ཞིག་ལས་ཐུབ་སོང་། 2018ལོར་ཞིང་པའི་སྤྲོ་སྐྱིད་ཁང་དངོས་སུ་སྒོ་ཕྱེས་ནས་ཚོང་གཉེར་བྱེད་མགོ་བརྩམས།
        ཚོང་གཉེར་བྱེད་མགོ་བརྩམས་རྗེས་ཚོང་ཇེ་བཟང་ནས་ཇེ་བཟང་ལ་སོང་སྟེ་ཟླ་གཅིག་གི་ཡོང་སྒོ་སྒོར་སྟོང་ལྔ་དྲུག་ལ་སླེབས། དེ་ནི་སྔོན་ཆད་ལ་མཚོན་ན་རྟ་བྷ་ཚང་གི་ལོ་གཅིག་གི་ཡོང་སྒོ་རེད། ཚོང་ཇེ་བཟང་དུ་སོང་བའི་དབང་གིས་རྟ་བྷ་ཁྱིམ་མི་གང་པོའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་མངོན་འདུག
        དེ་བས་ཀྱང་དགའ་འོས་པ་ཞིག་ལ་བྱིས་པའི་སློབ་ཞུགས་ཀྱི་གནད་དོན་ཀྱང་ཐག་གིས་བཅད་པ་དེ་རེད། བདེ་སྐྱིད་སྡེ་བའི་ནང་དུ་བྱིས་སྙོར་ཁང་ཀྱང་ལས་ཡོད་ལ། བདེ་སྐྱིད་སྡེ་བ་དང་བར་ཐག་སྤྱི་ལེ2ཀྱི་མཚམས་སུ་སྡེ་བའི་སློབ་ཆུང་ཞིག་ཀྱང་ཡོད་པས། རྟ་བྷ་སྔོན་ཆད་ལྟར་བྱིས་པ་ཚོའི་སློབ་ཞུགས་ཀྱི་ཆེད་དུ་འདུར་རྒྱུག་བྱེད་མི་དགོས། དེས་ཁོ་ལ་ཞིང་པའི་སྤྲོ་སྐྱིད་ཁང་ལ་བདག་གཉེར་བྱེད་པའི་དུས་ཚོད་སྔར་བས་མང་པོ་ཡོད་དུ་བཅུག
        བདེ་སྐྱིད་སྡེ་བར་རྟ་བྷ་དང་འདྲ་བའི་མི་མང་པོ་ཡོད། ཁོ་ཚོས་རྨ་ཆུའི་འགྲམ་དུ་རང་སྟོབས་རང་སྤེལ་དང་བརྩོན་པས་ཕྱུག་བསྒྱུར་བྱེད་པའི“གསེར་གྱི་གཞིས་ཁྱིམ”ཞིག་བསྐྲུན་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1