བླ་ཚང་བསོད་ནམས་དོན་གྲུབ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མཛེས་རྩལ་སློབ་གླིང་གི་བོད་ཀྱི་རི་མོའི་དགེ་རྒན་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་མཛེས་རྩལ་པ་མཐུན་ཚོགས་ཀྱི་ཚོགས་མིའང་ཡིན། 2005ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་བོད་ཀྱི་རི་མོའི་ཆེད་ལས་ཀྱི་དངོས་གཞི་རིམ་པ་མཐར་ཕྱིན། 2013ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྲོལ་རྒྱུན་རི་མོའི་ལག་རྩལ་དང་གཞུང་ལུགས་ཀྱི་ཞིབ་འཇུག་སློབ་མའི་བསླབ་གནས་བླངས།
རི་མོ་སྒྱུ་རྩལ་གྱི་ལམ་ཁར་ཞུགས་པའི་ལོ་འདི་དག་ལ། སྔ་ཕྱིར《ཐང་ག་འབྲི་ཚུལ》དང་། 《མི་དང་ལྗོངས་དངོས་ཀྱི་རྣམ་པ་འབྲི་ཚུལ》 《སྲོག་ཆགས་འབྲི་ཚུལ》 《ཐང་གའི་ཐིག་རྩ》 《བོད་ཀྱི་རྣམ་ཐར་ཆེན་པོ་བརྒྱད་ཀྱི་མུ་འབྲེལ་རི་མོའི་དཔེ་དེབ》བཅས་དཔེ་དེབ་བཅུ་གཉིས་པར་དུ་བསྐྲུན། གཞན《བོད་ཀྱི་རི་མོའི་བྱུང་འཕེལ་དང་བྲིས་ལུགས་ཀྱི་ཁྱད་ཆོས་མདོ་ཙམ་བརྗོད་པ》 《བོད་ཀྱི་རི་མོའི་བྲིས་ལུགས་བྱིའུ་སྒང་ལུགས་ཀྱི་སྐོར་རགས་ཙམ་གླེང་བ》 《བོད་ཀྱི་རི་མོའི་ཐིག་རྩའི་སྐོར་གླེང་བ》སོགས་དཔྱད་རྩོམ་དུ་མ《སྤང་རྒྱན་མེ་ཏོག》དང་། 《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》 《སྒྱུ་རྩལ་དུས་སྟོང》སོགས་དུས་དེབ་ཏུ་སྤེལ་བར་མ་ཟད། 2011ལོར་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གིས་གཙོ་སྒྲུབ་བྱས་པའི་སྐབས་དང་པོའི་བོད་ཁུལ་གྱི་ཐང་གའི་ལག་རྩལ་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་། 2016ལོར་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་ཐང་གའི་འགྲེམ་སྟོན་སྐབས་གཉིས་པའི་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། 2019ལོར་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྐབས་གསུམ་པའི“བུམ་པ་རྟགས་མ”ཡི་སྒྱུ་རྩལ་ཇུས་འགོད་བརྩམས་ཆོས་འགྲན་སྡུར་ཁྲོད་དགེ་རྒན་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ།
ད་ལྟ་བོད་ལྗོངས་སློབ་ཆེན་དུ་བོད་ཀྱི་མཛེས་རྩལ་རིག་པའི་འབུམ་རམས་པའི་བསླབ་གནས་ལ་བརྩོན་བཞིན་ཡོད།