༄༅།། མྱུར་སྐྲུན་མྱུར་འཛུགས་བྱས་གྱུར་ན། སྐྱིན་ཚབ་ཐོབ་པའི་རེ་བ་མེད།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ལྷ་མོའི་ཁྲིམས་བཤད། སྤེལ་དུས། 10-30
ང་ཚོས་ནམ་རྒྱུན་བཟོ་སྐྲུན་བྱེད་ཡུལ་སྣ་ཚོགས་སུ་ཨར་ལས་བར་མེད་དུ་བྱེད་བཞིན་ཡོད་པ་མཐོང་ཐུབ། གྲོང་ཁྱེར་དང་གྲོང་གསེབ་གང་ཡིན་རུང་ཨར་ལས་རྣམ་གྲངས་ཧ་ཅང་མང་ཤིང་། རྒྱལ་ཁབ་ཀྱི་མ་དངུལ་གཏོང་ཚད་ཀྱང་ཧ་ཅང་ཆེན་པོ་རེད།
དེ་ནས་ས་ཆ་བསྡུ་ལེན་གྱི་སྐྱིན་ཚབ་གནད་དོན་དང་འབྲེལ་བ་ཡོད་དུས། མི་ཁ་ཤས་ཀྱིས་ས་ཆ་བསྡུ་ལེན་གྱི་གནས་ཚུལ་གོ་རྟོགས་བྱུང་རྗེས། ཁང་པ་དང་ས་ཞིང་ཉོས་ནས་དེ་རུ་འཛུགས་སྐྲུན་དང་སྒྲིག་སྦྱོར་གང་ཐུབ་བྱེད་པའམ་ཚལ་ཞིང་དུ་ཤིང་སྡོང་འབོར་ཆེན་འཛུགས་པ། ཡང་ན་ར་སྐོར་ནང་དུ་ཁང་པ་བཟོ་བ་སོགས་ལ་བརྟེན་ནས། སྐྱིན་ཚབ་སྔར་ལས་མང་བ་འཐོབ་ཐབས་བྱེད་བཞིན་ཡོད་པ་མི་གཞན་པའི་ངག་ལས་ཐོས་མྱོང་ལ། རང་གིས་ཀྱང་མིག་སྔོན་པོས་མཐོང་མྱོང་ཡོད།
ཐ་ན་དགོང་མོ་གཅིག་གི་དུས་ཚོད་བེད་སྤྱོད་ནས་ཁང་བརྩེགས་འགའ་ཡོད་པའི་ཁང་པ་གསར་དུ་བསྐྲུན་བཞིན་ཡོད་ལ། དེའི་རྒྱུ་མཚན་ནི་ཁོ་ཚོས་ས་ཆ་བསྡུ་ལེན་བྱེད་པའི་གནས་ཚུལ་རྟོགས་ནས། རྒྱལ་ཁབ་ཀྱིས་ས་ཆ་བསྡུ་ལེན་གྱི་སྐྱིན་ཚབ་འཇལ་བའི་རྐྱེན་གྱིས་རེད། ཁང་པའམ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཇི་ལྟར་ཆེ་ན། ས་ཆ་བསྡུ་ལེན་གྱི་སྐྱིན་ཚབ་དེ་བས་མང་བ་འཐོབ་ངེས་ཡིན་དྲན་པའི་བསམ་ཚུལ་དེ་འདྲ་བཅངས་ནས། མི་མང་པོ་ཞིག་གིས་བྱ་བ་འདི་འདྲ་སྒྲུབ་བཞིན་ཡོད།
དོན་དངོས་སུ་ས་ཆ་བསྡུ་ལེན་གྱི་སྐྱིན་ཚབ་ཁྱབ་ཁོངས་དང་རྣམ་གྲངས། སྐྱིན་ཚབ་གྲངས་འབོར་ཁ་ཤས་ཀྱི་རྩིས་རྒྱག་སྟངས་བཅའ་ཁྲིམས་ནང་གཏན་འབེབས་ཁ་གསལ་བྱས་ཡོད། 《རྒྱལ་ཁོངས་ཐོན་ཁུངས་པུའུ་ཡི་ས་ཆ་བསྡུ་ལེན་གྱི་སྐྱིན་ཚབ་བཀོད་སྒྲིག་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར།》གྱི་བླང་བྱ་ལྟར། ས་ཆ་བསྡུ་ལེན་བཅའ་ཁྲིམས་ལྟར་ཆོག་མཆན་མ་ཞུས་གོང་། ས་གནས་དེ་གའི་རྒྱལ་ཁོངས་ཐོན་ཁུངས་སྡེ་ཁག་གིས་ས་ཆ་བསྡུ་ལེན་བྱེད་རྩིས་ཡོད་པའི་སྤྱོད་སྒོ་དང་གནས་ཡུལ། སྐྱིན་ཚབ་ཚད་གཞི། བཀོད་སྒྲིག་ཐབས་ལམ་སོགས་ཡིག་ཐོག་བྲིས་ནས་ས་ཆ་བསྡུ་ལེན་བྱ་ཡུལ་གྱི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་དུད་ལ་ཤེས་སུ་འཇུག་དགོས།
གསལ་བཤད་བྱས་རྗེས། ས་ཞིང་བསྡུ་ལེན་བྱ་ཡུལ་གྱི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་དུད་ཡིན་ཕྱིན། བསྡུ་རྩིས་ཡོད་པའི་ས་ཆའི་ཐོག་ཧབ་ཐོབ་ཀྱིས་འདེབས་འཛུགས་དང་འཛུགས་སྐྲུན་བཅས་བྱས་ནས་ས་ཆའི་ཐོག་དངོས་རྫས་དང་ལྗང་སྨྱུག་ཡོད་རུང་། ས་ཆ་བསྡུ་ལེན་བྱེད་སྐབས་ཚང་མར་སྐྱིན་ཚབ་སྤྲོད་རྒྱུ་མ་རེད།
ང་ཚོ་མི་སྒེར་གྱི་ངོས་ནས་བརྗོད་ན། ས་ཆ་བསྡུ་ལེན་བྱེད་པའི་བརྡ་ཐོ་ཐོས་རྗེས། རང་ཉིད་ཀྱི་རྒྱུ་ནོར་ལ་གྱོང་གུད་མི་ཐེབས་པའི་ཆེད་དུ་བྱ་བ་འདི་དག་བསྒྲུབ་མི་རུང་། ས་གནས་དེ་གའི་རྒྱལ་ཁོངས་ཐོན་ཁུངས་སྡེ་ཁག་ལ་མཚོན་ནས་བཤད་ན། ས་ཆ་བསྡུ་ལེན་བྱེད་རྩིས་ཡོད་པའི་སྤྱོད་སྒོ་དང་གནས་ཡུལ། སྐྱིན་ཚབ་ཚད་གཞི། བཀོད་སྒྲིག་ཐབས་ལམ་སོགས་ངེས་པར་དུ་ཡིག་ཐོག་ནས་ས་ཆ་བསྡུ་ལེན་མ་བྱས་གོང་ལ་གསལ་པོར་བཤད་དགོས།
དེ་ལྟར་བྱས་ན་གོང་གསལ་གྱི་དཔེ་མཚོན་ནང་གི་རྙོག་དྲ་མང་པོ་དེ་འདྲ་མི་ཡོང་བ་བྱེད་ཐུབ་པ་དང་།
གྱོང་གུད་གཞན་པའང་འཁུར་མི་དགོས་པ་རེད། དེ་རིང་ང་ཚོས་བཤད་པ་ནི་ས་ཆ་བསྡུ་ལེན་གྱི་སྐྱིན་ཚབ་འཇལ་བའི་བརྒྱུད་རིམ་ཁྲོད། ཕྱོགས་གཉིས་ཀས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་རེད། །