ཞང་ཞུང་ལུགས་ཀྱི་ཐེག་དགུའི་སྐོར་ལ་ཐོག་མར་དཔྱད་པའི་གཏམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18


ཡེ་གཞི་ཀ་དག་མ་བཅོས་འཁོར་འདས་ལྷུན་རྫོགས་དབྱིངས་ཀྱི་ཡུམ། །
བརྟེན་གཡོ་སྣང་སྲིད་ཀུན་གྱི་འབྱུང་འཇུག་གནས་པའི་གཞི་གྱུར་པ། །
མུ་བཞི་མཐའ་བྲལ་མཐའ་བརྒྱད་ལས་གྲོལ་བདེར་གཤེགས་དགོངས་པའི་བཅུད། །
གདགས་མེད་གཤེན་ལྷ་དཀར་པོའི་ཚོགས་རྣམས་འདུད་དོ་དགེ་ལེགས་སྩོལ། །
སྐྱེ་མེད་བོན་སྐུ་ལྷ་ལམ་ཡངས་པ་ནས། །
འཁྲུལ་མེད་མཁྱེན་གཉིས་རྟ་བདུན་དཀྱིལ་འཁོར་རྒྱས། །
འགག་མེད་ཚངས་དབྱངས་བརྒྱད་ཁྲིའི་འོད་སྟོང་འཕྲོས། །
ཐར་མེད་སྲིད་མཚོ་སྐེམ་མཛད་དམུ་ཡི་རྒྱལ། །
སྤོང་སྒྱུར་གྲོལ་གསུམ་ལམ་གྱི་སྲོལ་བཟང་པོར། །
ཞུགས་ནས་སྲིད་མཚོར་ནུབ་པའི་ཉམ་ཐག་རྣམས། །
ཕ་མཐར་སྒྲོལ་མཛད་གཡུང་དྲུང་སེམས་དཔའི་སྡེ། །
བྱང་ཆེན་བར་དུ་འདུད་དོ་དགེ་ལེགས་སྩོལ། །
སྙིགས་མའི་དུས་འགྱུར་རླུང་འཚུབ་ནག་པོའི་ཁྲོད། །
གཤེན་བསྟན་སྣང་བ་དཀར་པོ་འདྲེན་བྱེད་གཉེན། །
བརྒྱད་ཁྲིའི་བོན་སྒོའི་གདམས་ལུང་འཆང་བའི་མགོན། །
སྐྱབས་རྗེ་མཁན་སློབ་རྣམ་གཉིས་སྙིང་དབུས་རོལ། །
བསླབ་གསུམ་འདུས་སྡེ་སེམས་དཔའ་རྒྱ་མཚོའི་དབུས། །
ཚད་གསུམ་རིགས་པའི་ཐལ་ངག་ལྷང་ལྷང་སྒྲོགས། །
རྣམ་དཔྱོད་རིགས་པས་ལོག་རྟོག་བྲག་རི་བསྙིལ། །
ཤེས་རབ་གསུམ་གྱི་འོད་སྣང་རབ་ཏུ་འཚེར། །
གནས་ལྔའི་ཆུ་སྐྱེས་བཞད་པའི་སྐྱེད་ཚལ་ན། །
འཆད་རྩོད་བཅུད་ལ་རོལ་བའི་བུང་བ་རྣམས། །
ཡིད་ཆེས་བསྐྱར་ཟློས་རྗེས་སུ་མི་འབྲངས་བར། །
འདིར་ཞུགས་རྣམ་དཔྱོད་གནད་ལ་གཟབ་པར་མཛོད། །
     དེ་ལྟར་ཡུལ་མཆོག་དམ་པ་རྣམས་ལ་མཆོད་བརྗོད་ཀྱི་མེ་ཏོག་གཏོར་ཏེ་འདིར་གླེང་བར་བྱ་བ་ཞང་ཞུང་ལུགས་ཀྱི་ཐེག་པ་རིམ་དགུ་ཡིན་ལ། དེའི་དོན་འཆད་པ་ལ་བརྒྱུད་རིམ་ལོ་རྒྱུས་ཀྱི་དོན་བསྟན་པ་དང་། གཞུང་དོན་སོ་སོར་བཤད་པ། མདོ་བསྡུ་བ་དང་གསུམ་ལས། དང་པོ་ནི། བདག་ཅག་གི་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་དེ་ཉིད་ཀྱིས་གྲངས་མེད་ཚོགས་བསགས་གྲངས་མེད་སྒྲིབ་པ་སྦྱངས་བའི་མཐུས་མཐར་ཐུག་འོག་མིན་ཞིང་དུ་སྐུ་གསུམ་རྫོགས་པའི་བྱང་ཆུབ་མངོན་དུ་བྱས་པ་དང་། ཐུགས་བརྩེ་བ་ཆེན་པོས་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་ཐར་པ་བདེ་ཆེན་གྱི་སར་འགོད་པའི་ཆེད་དུ་ཁམས་གོང་མ་ནས་རིམ་བཞིན་བྱོན་ནས་ལྷ་དང་གཡེན་ཁམས་ཀྱི་འགྲོ་བ་རྣམས་ཐར་པ་བདེ་ཆེན་གྱི་ལམ་ལ་བཀོད་པ་དང་དེ་རྣམས་འདྲེན་པའི་སྟོན་པ་རེ་རེར་སྐུ་སྤྲུལ་མཛད་པའོ།།
   དེ་ནས་རྩ་གསུམ་གྱི་གནས་སུ་ཕེབས་ཏེ་ལྷ་རྣམས་ཐར་པ་བདེ་ཆེན་གྱི་སར་བཀོད་པ་དང་། རྒྱལ་ཆེན་གྱི་རྒྱལ་ས་གོང་མ་ནས་གཟིགས་ཚད་ལྔ་དང་། དགོངས་ཚད་དྲུག་ཐུགས་ལ་བཀྲམ་སྟེ་ལྷོ་འཛམ་བུ་གླིང་གི་མིག སོག་ཁ་བོན་གྱི་འབྱུང་གནས་རྟག་གཟིགས་འོལ་མོ་ལུང་རིང་དུ་སྐུ་སྐྱེ་བ་མི་རུ་བཞེས་པ་དང་། མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་རིས་སུ་མ་ཆད་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཞིག་སྨིན་གྲོལ་མཐར་ཕྱིན་གྱི་ལམ་ལ་བཀོད་གནང་ཡོད། སྟོན་པ་དེ་ཉིད་འཇིག་རྟེན་རྟག་འཛིན་ཅན་རྣམས་སུན་དབྱུང་བའི་ཆེད་དུ་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་། རིས་སུ་མ་ཆད་པའི་འགྲོ་བ་རྣམས་ཐུགས་རྗེས་མི་འདོར་བའི་ཆེད་དུ་བཀའ་ཡི་འཁོར་ལོ་རྣམ་པ་གསུམ་གྱི་དོན་བསྟན་ནས་སྐུ་གསུང་ཐུགས་ཀྱི་བསྟན་པ་རྗེས་བཞག་མཛད་པ་ཡིན་ཏེ། བསྟན་པ་རྗེས་བཞག་གི་མདོ་ལས། དེ་ལྟར་གནས་ལྔ་ཐེག་པ་རིམ་དགུ། །དང་པོར་གསུངས་པའི་བཀའ་ལུང་ངོ་། །ཞེས་སོགས་རྒྱས་པར་གསུངས་པའི་ཕྱིར། སྤྱིར་ཐེག་པ་རིམ་དགུ་ནི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་གདུལ་བྱའི་བློ་རིགས་མི་འདྲ་བ་དགུ་ལ་ལྟོས་ཏེ་དེ་ཉིད་འདུལ་བའི་གཉེན་པོར་གནས་མཆོག་དམ་པ་འོལ་མོ་ལུང་རིང་ལས་སོགས་སུ་ཞུ་འཁོར་གཤེན་པོ་རྣམས་ཀྱིས་འདོད་དོན་གྱི་གསོལ་བ་ཇི་ལྟར་བཏབ་པ་བཞིན་གསུངས་པ་རྣམས་སྟོན་པ་སངས་རྒྱས་ཀྱི་རྗེས་འཛིན་འཁོར་གྱི་སློབ་མ་རྣམས་ཀྱིས་རིམ་བཞིན་རྟག་གཟིགས་ཀྱི་སྐད་དང་། ཞང་ཞུང་དང་། རྒྱ་གར་གྱི་སྐད་ལས་སོགས་འཛམ་གླིང་གི་ཡུལ་གྲུ་གང་སར་དར་ཞིང་རྒྱས་པར་མཛད་པའི་ལོ་རྒྱུས་ཡོད་པ་ལྟར། གཤེན་བསྟན་གསལ་བའི་ཉི་མ་ཐོག་མར་ཞང་བོད་ཀྱི་ལྗོངས་འདིར་གསར་དུ་བཞད་པ་ནས་ཞིང་འདིར་བསྟན་པ་འདི་ཉིད་དར་ཞིང་རྒྱས་པར་གྱུར། ཞིང་དེར་བོན་བསྟན་ཐོག་མ་དབུ་བརྙེས་པ་ནས་བཟུང་བོན་བསྟན་ཕྱི་དར་གྱི་དབུ་མ་ཚུགས་ཀྱི་བར་ཐེག་པའི་རྣམ་གྲངས་ལ་ཐེག་པ་བརྒྱ་དང་རྩ་བརྒྱད་དང་། ཐེག་པ་བཞི་བཅུ་རྩ་ལྔ། ཐེག་པ་བཅུ་གཉིས། ཐེག་པ་རིམ་དགུ་སོགས་ཀྱི་ཐ་སྙད་ཕྱེ་སྲོལ་ཡོད་པ་རང་གཞུང་ཁུངས་མ་རྣམས་ལས་གསལ་བར་འཁོད་ཡོད་ཀྱང་། བོད་ལུགས་ཀྱི་ཐེག་པ་རིམ་དགུ་དང་། ཞང་ཞུང་ལུགས་ཀྱི་ཐེག་པ་རིམ་དགུ། རྒྱ་གར་ལུགས་ཀྱི་ཐེག་པ་རིམ་དགུ་ཞེས་པའི་ཐ་སྙད་འདོགས་སྲོལ་བྱུང་མེད་པ་རེད། བོན་བསྟན་ཕྱི་དར་གྱི་སྐབས་སུ་གཏེར་གནས་སམ་བརྒྱུད་ཚུལ་གྱིས་དབང་དུ་བྱས་ན་བོད་ལུགས་ཀྱི་ཐེག་པ་རིམ་པ་དགུ་དང་། ཞང་ཞུང་དང་། རྒྱ་གར་ལུགས་ཀྱི་ཐེག་པ་རིམ་དགུ་ཞེས་པའི་ཐ་སྙད་ཡོད་པ་ནི་བོན་གྱི་དཔེ་ཚོགས་ཀྱི་རྣམས་ཀྱི་ཁྲོད་དུ་ཞང་ཞུང་མ་ཞེས་ཞང་སྐད་ནས་ཐད་ཀར་བོད་སྐད་དུ་བསྒྱུར་བའི་དཔེ་ཆ་དང་། བྲུ་ཤ་མ་ཞེས་བྲུ་ཤའི་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། རྒྱ་གར་མ་ཞེས་རྒྱ་གར་སྐད་ནས་བོད་ཀྱི་སྐད་ཡིག་ཐོག་ཏུ་ཕབ་བསྒྱུར་བྱས་པའི་དཔེ་ཚོགས་རྣམས་ལས་གསལ་བ་མ་ཟད།རྗེ་འགྲོ་བའི་མགོན་པོ་བློ་གྲོས་རྒྱལ་མཚན་«ཕྱི་ལོ་1198སྐུ་འཁྲུངས།»
གྱིས་མཛད་པའི་ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན་«གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་2003ལོར་དཔར་བའི་ལྡེབ་མ་26»ལས། དེ་ཡང་བློ་ཐ་མ་ལ་ཕྱྭ་སྣང་འཕྲུལ་གསུམ་ཡིན་ལ། འབྲིང་ལ་སྲིད་དགེ་དྲང་གསུམ་ཡིན། རབ་ལ་ཨ་ཡེ་ཁྱད་གསུམ་ཡིན་པ་སྟེ་སྨར་སྦྲག་སད་སྨར་གྱི་ལུགས་ཡིན། ཡང་སྨར་སྐད་དུ། སྣང་ལྡན་བཞེད་ལྡན་ཡང་ལྡན་གསུམ། ལྷ་རྩེ་ཡང་རྩེ་སྣང་རྩེ་གསུམ། ལྷ་ཐོ་ཡང་ཐོ་སྤྱི་ཐོ་གསུམ་དུ་ཡང་གསུངས་སོ།། ཞེས་དང་། ཕྱོགས་མེད་རི་ཁྲོད་པ་སྤ་བཙུན་ནམ་མཁའ་བཟང་པོས་མཛད་པའི་ཐེག་པའི་རིམ་པ་གསལ་བའི་སྒྲོན་མེའི་ལེའུ་གཉིས་པ་སངས་རྒྱས་བསྟན་པའི་འབྱུང་ཁུངས་«ཅེས་བྱ་བའི་ལྡེབ་མ་187»ལས། དེའི་བོན་ལ་ཐེག་པ་རིམ་དགུའི་དོན་སྟོན་པ་གསུམ་སྟེ། བོད་དང་ཞང་ཞུང་རྒྱ་གར་གྱིས་ལུང་རྣམས་སྟོན་ཏེ། ཞེས་དང་། ཡང་དེ་ཉིད་«ལྡེབ་མ་264 »ལས། གཉིས་པ་ཞང་ཞུང་ལུགས་ཀྱི་ཐེག་པ་རིམ་དགུ་ལ་ཡང་གསུམ་སྟེ། ཞེས་གསུངས་པས་ངེས་པ་ཡིན། ཁོང་གིས་ཞང་ཞུང་ལུགས་ཀྱི་ཐེག་པ་རིམ་དགུ་ཞེས་པའི་ཐ་སྙད་བཏགས་པ་དེ་ཉིད་ཐེག་པའི་མཚན་ལ་ཞང་སྐད་ཀྱི་ཐ་སྙད་ཡོད་པའི་རྒྱུ་མཚན་གྱིས་ཡིན་ནམ། ཡང་ན་སྔར་ཞང་ཞུང་གི་དུས་སུ་ཐ་སྙད་འདི་ཉིད་གྲགས་པའི་རྒྱུ་མཚན་གང་ཡིན་སྐོར་ལ་དཔྱད་དགོས་པ་སྣང་ངོ་།། སྤྱིར་བོན་རང་ལུགས་ཀྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་རྣམས་སུ་ཞང་སྐད་ཀྱི་ཐ་སྙད་དུ་མ་ཞིག་མཇལ་དུ་ཡོད་ལ། དེའི་ནང་ནས་ཞང་སྐད་ཀྱི་ཐ་སྙད་ལྡན་པའི་ཐེག་པའི་རྣམ་གྲངས་བགྲང་ཚུལ་དབང་དུ་བྱས་ན། དུག་འདུལ་ཡེ་ཤེས་འཁྱིལ་བའི་རྒྱུད་ལས་གསལ་བའི་ཞང་སྐད་ཀྱི་ཐ་སྙད་ཅན་གྱི་ཐེག་པ་བཅུ་གཉིས་དང་། སྡོང་པོ་དགུ་འདུས་ལྟ་བའི་རྒྱུད་ཆེན་དང་། བྱང་གཏེར་སྲིད་པའི་འབུམ་དགུ་མཐུན་པར་ཐེག་པ་རིམ་དགུའི་ཐ་སྙད་བྱུང་། དང་པོ་ནི། བོན་སྒོ་གསལ་བྱེད་ལས་«ལྡེབ་མ་189་ནང་»དུག་འདུལ་ཡེ་ཤེས་འཁྱིལ་བའི་རྒྱུད་ལས་ལུང་དྲངས་འདི་ལྟར། གྱེར་རོ་སད་ལྷུང་ནི། ལྷ་འདྲེས་ཕན་གནོད་སྒོ་ནས་འཇུག གྱེར་ཏོ་སད་གྱེར་ནི། སྣང་མཛད་ཡས་གླུད་སྒོ། གྱེར་ཉི་དང་གྱེར་ཏེ་གཉིས། དགག་སྒྲུབ་སྤང་བླང་སྒོ། གྱེར་ཐུན་ནོ་ནི། ཕྲིན་ལས་རྣམ་བཞིའི་སྒོ་ནས། ཚོགས་སྦྱོར་མཐོང་སྒོམ་མཐར་ཕྱིན་སྦྱོར། གྱེར་རྩེ་ཉི་ནི། རིགས་གསུམ་ལྷའི་དཀྱིལ་འཁོར་འཇུག གྱེར་རྩེ་ཏི་ག་ནི་རིགས་ལྔའི་ལྷའི་དཀྱིལ་འཁོར། གྱེར་རྩེ་བྲུ་ནོ་ནི་རིགས་བཞི་ལྷའི་དཀྱིལ་འཁོར། གྱེར་སྤུངས་ནི། ཐབས་ཤེས་བསྐྱེད་རྫོགས། གྱེར་སྤུངས་རི་ཤེ་ནི། དབྱིངས་ཤེས་འབྲལ་མེད་སྒོ། ཐེག་བདེར་མན་ཆད་འོག་མ་སྟེ་སྤངས་ཐབས་དང་བཅས་པས། རིགས་སྔགས་གསང་སྔགས་བླའི་སའོ།། གྱེར་བླ་མེད་སྤུངས་བྲུ་ནི། ཁྱད་པར་རྣ་རུ་དཀར་པོ་ཡིན། སྦྱང་བགྲོད་མེད་པ་ལས་ལམ་གྱི་མཆོག ཅེས་ཐེག་པ་བཅུ་གཉིས་ཀྱི་རྣམ་བཞག་བསྟན་པ་རྣམས་ཕྱི་ཡི་ཐེག་པ་དྲུག་དང་། ནང་གི་ཐེག་པ་དྲུག་ཏུ་འདུས་པ་ནི། ཏྲེ་སྟོན་རྒྱལ་མཚན་དཔལ་གྱིས་མཛད་པའི་བཀའ་ལུང་སྤྱི་ཡི་འགྲེལ་བ་བོན་སྒོ་གསལ་བྱེད་ཅེས་པ་ལས། ཕྱི་དྲུག་ནང་དྲུག་མངོན་ནོ།། དེ་ནི་རྟེན་འབྲེལ་བཅུ་གཉིས་ཀྱི་གཉན་པོ་གསུངས་པའོ།། ཞེས་གསུངས། 
   གཉིས་པ་ནི། བྱང་གཏེར་དུ་གྲགས་པའི་ཞང་ཞུང་ལུགས་ཀྱི་ཐེག་པ་རིམ་དགུ་ནི། དེ་ཉིད་ལྡེབ་མ་189ལས། བྱང་གཏེར་ལྟར་ན། སེམས་ཉིད་གཏེར་འབུམ་དང་། རིན་པོ་ཆེ་སྤུངས་ལས་སོགས་སྲིད་པའི་འབུམ་དགུ་མཐུན་པར། སྣང་ལྡན། རང་ལྡན། བཞེད་ལྡན་གསུམ་ནི། འདུལ་བའི་ཐེག་པ་སྟེ་ཕྱིའོ།། ཐོ་ཏོ། སྤྱི་དོ་«ཐོ།» ཡ་ཐོ་གསུམ་ནི། མདོ་སྡེའི་ཐེག་པ་སྟེ་ནངའོ་«ནང་ངོ་།» ལྷ་རྩེ། སྣང་རྩེ། ཡང་རྩེ་གསུམ་ནི་མངོན་པའི་ཐེག་པ་སྟེ་གསང་བའོ།། ཞེས་གསུངས། སྡོང་པོ་དགུ་འདུས་ལྟ་བའི་རྒྱུད་ཆེན་ལས་«རྒྱ་གར་གྱི་དཔར་མ་ལྡེབ་མ་50ལས་ཡེ་ཐོ་ཐེག་པ་ལས་སོགས་དོན་གསལ།» ཞང་ཞུང་ལུགས་ཀྱི་ཐེག་པ་རིམ་དགུའི་དོན་གསལ་ཡང་། རང་རེ་བསོད་ནམས་དམན་པའི་དབང་གིས་ཡེ་ཐོ་ཐེག་པ་མན་ཆད་ནས་ཤོག་ལྷེ་གཅིག་བོར་བརླག་སོང་སྟེ་མི་སྣང་། ཐེག་དོན་ཕྱི་མ་རྣམས་ཀྱི་དོན་འཆད་པའི་འགྲོས་ལ་བསམས་ན་ཐེག་པ་རེ་རེ་ལ་གསུངས་པའི་གནས་དང་། སྟོན་པ། འཁོར། སྡུད་པ་པོ། བཀའ། ལྟ་བ། སྤྱོད་པ། སྒོམ་པ། དམ་ཚིག འབྲས་བུ་བཅས་བསྟན་པ་གསལ། 
   ཞང་ཞུང་ལུགས་ཀྱི་ཐེག་པ་རིམ་དགུ་ནི་བོན་བསྟན་ཕྱི་དར་གྱི་སྐབས་སུ་ཨ་ཙ་ར་དཀོན་མཆོག་གྲགས་པ། ཉ་མོ་མགོན་པོ། སད་ཀུན་རད་ཎ་མི་གསུམ་གྱིས་«ཕྱི་ལོ་193ཆུ་བྱ་ལོར་ཟབ་གཏེར་གྱི་དབུ་བརྙེས་པའོ།།»དབུས་བསམ་ཡས་ནས་གཏེར་ལས་དྲངས་པའི་སྲིད་པའི་འབུམ་དགུ་ཞེས་པའི་བོན་སྡེ་རྣམས་ལས་གསལ་བར་གསུངས་ཀྱང་། བོན་གྱི་བསྟན་པ་འདི་ཉིད་དུས་ཀྱི་གཉན་འཕྲང་དུ་མར་བརྒྱུད་དགོས་པ་བྱུང་བའི་རྒྱུ་མཚན་གྱིས་དཔེ་ཆ་དེ་རྣམས་ད་ལྟ་ཁོ་བོས་མཇལ་ཡུལ་དུ་མ་གྱུར། ཇི་ལྟར་གཏེར་ལས་ཐོན་ཚུལ་ནི། སྔོན་བྱོན་བོན་གཤེན་རིག་འཛིན་མཁའ་འགྲོ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་ནུས་མཐུས་ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་གྱི་སྙན་ལམ་དུ་བོད་ན་གསེར་ཅི་འདོད་པ་བླང་དུ་ཡོད་ཟེར་བ་ཐོས་པས། བོད་དུ་གསེར་ལེན་དུ་འོང་བས་ལ་སྟོད་བར་གསེར་འཚོལ་བཞིན་བསླེབས་ཀྱང་གསེར་མ་རྙེད་པར་བཤད། དེར་གསེར་གར་ཡོད་པ་དྲིས་པས་བསམ་ཡས་ན་གསེར་མང་པོ་ཡོད་ཟེར་བས། བསམ་ཡས་སུ་ཕྱིན་ནས་སྐོར་བ་འདྲ་བྱས་པས་དཀོར་གཉེར་བ་ན་རེ། ཁྱོད་ལྷོ་བལ་གྱི་མི་དད་པ་ཅན་འདུག་པས་མོས་གུས་གྱིས་ཟེར་ནས་ཨ་ཙ་ར་གསུམ་ལྷ་ཁང་ནང་དུ་བཅུག་ནས་ལྷ་ཁང་གི་སྒོ་བཅད་དེ་དཀོར་གཉེར་ཕྱི་ལ་སོང་བར་གསུངས། ཨ་ཙ་ར་ཚོས་དེར་སྒྲོམ་གཅིག་ལ་ཁྲོ་ཆུ་དང་གསེར་ཆུས་རྒྱ་བཏབ་པ་ཞིག་འདུག་པ་བཏེགས་པས་ལྗིད་ཆེ་བར་མ་ཐེག་པས་གསེར་ཡོད་སྙམ་ནས། ཁྲོ་ཆུ་དང་། གསེར་ཆུ་ཁོལ་མའི་རྒྱ་བཅག་ནས་སྒྲོམ་བུ་ཁ་ཕྱེས་པས་སྟག་སྒྲོ་དང་། གཟིག་སྒྲོ། དོམ་སྒྲོ་གསུམ་བྱུང་བ་གསལ། དེ་རྣམས་ཁྱེར་ཏེ་མཚན་མོ་བྲོས་པ་དང་། ཉིན་མོ་ཡིབས་ནས་ཕྱིན་པས་ངན་ལམ་གྱི་ལུང་པ་སྲི་བྱ་བར་བསླེབས་པ་དང་སྒྲོ་བ་ཁ་ཕྱེས་ནས་བལྟས་པས། ཐམས་ཅད་བོན་དུ་འདུག་སྐད། ཨ་ཙ་ར་ཚོ་རྒྱགས་ཆད་ནས་སྒྲོ་བ་དང་མི་གཅིག་རི་ལ་བཞག་ནས། གཉིས་རྒྱགས་འཚོལ་དུ་ཕྱིན་པས། མཐའ་བཞི་འཕྲུལ་གསས་དང་མཇལ་ཕྲད་བྱུང་ནས་བླ་མ་མཐའ་བཞིས་ཕར་ལ་ཨ་ཙ་རར་ཟས་ནོར་ཕུལ་བས། ཚུར་ལ་དོམ་སྒྲོ་ནས་པོ་ཏི་གཅིག་ཐོབ་པ་དེ་ནི་ནག་པོ་རྒྱུད་གསུམ་གྱི་བོན་ཡིན་པར་གསུངས། དེ་ནས་ཨ་ཙ་ར་མི་གསུམ་སྟོད་ལུང་ནས་ཡར་ཐོན་ཏེ་བྱང་ནམ་ར་བྱ་བར་བསླེབས་པ་དང་། ལ་སྟོད་ཀྱི་མདོག་སྲས་རོང་ནས་འདར་བན་ཤཱཀྱ་མུ་ནེ་དང་། འཆིམ་ཤཱཀྱ་བྲ་མ། འོ་མ་བྱང་ཆུབ་སེང་གེ་གསུམ་རྟ་ཁལ་དང་ཆས་ནས་འོང་བས། བྱང་འབྲོང་བུ་རུ་ཐོག་ཏུ་འཕྲད། ཨ་ཙ་ར་ན་རེ། ཁྱོད་གར་འགྲོ་བྱས་པས། ངེད་རྣམས་བསམ་ཡས་ལ་ཆོས་གཏེར་འདོན་དུ་འགྲོ། རྟ་ཁལ་འདི་རྣམས་ལྡེ་མིག་པ་ལ་བརྔན་པ་སྟེར་བ་ཡིན་ཟེར། ཨ་ཙ་ར་ཆོས་གཏེར་ངེད་ཀྱིས་ཐོན་ནས་ཡོད། རྟ་ཁལ་ངེད་ལ་བྱིན་དང་གཏེར་སྒྲོ་ཁྱོད་ལ་སྦྱིན་བྱས་པས། ཁོང་རྣམས་བཟུང་ནས་སྒྲོ་བ་བླངས་ཀྱང་། གང་འཐེན་པ་ལ་འོད་དང་མེ་སྟག་འཕྲོ་བཞིན་འདུག་པས་ཆོས་ཟབ་མོ་འདུག་སྙམ་སྟེ་ནོར་ཨ་ཙ་ར་ལ་བྱིན། གཏེར་སྒྲོ་བན་དེ་གསུམ་གྱིས་ཁྱེར་ནས་འོང་། ལམ་དུ་ཁ་ཕྱེ་འདོད་ཀྱང་ཆོ་འཕྲུལ་མང་པོ་བྱུང་བས་ཕྱེ་མ་ནུས་པ་བཤད། དེ་ནས་ལ་སྟོད་མདོག་གི་སྨན་གོང་དུ་གཟེར་བོན་ཤེས་རབ་རྒྱལ་མཚན་གྱི་ཁྱིམ་དུ་བསྡད་པས། དེར་ཚ་བོ་གཟེར་སྒུར་བྱ་བ་ཞིག་ཡོད་པར་གསུངས། དེར་ནས་དཀར་མོ་འབྲུ་བདུན་གྱིས་མཆོད་དེ་ལྷ་ཕྱག་འཚལ་གསོལ་བ་བཏབ་ནས་སྒྲོ་བ་ཁ་ཕྱེས་ནས་བལྟས་པས་ཐམས་ཅད་བོན་དུ་སོང་བས། བན་དེ་གཉིས་ནས་མེ་ལ་བསྲེག་ཟེར་བས་ཆོ་འཕྲུལ་སྣ་ཚོགས་བྱུང་། འདར་བན་གྱིས་བོན་རྣམས་ཉར་བ་བྱས་པས། གཟེར་བན་ཤེས་རབ་རྒྱལ་མཚན་གྱིས་ན་རེ། འདི་རྣམས་ལ་བཀའ་སྲུང་བཙན་པོ་ཡོད་ངེས་པས་ཡུ་བུ་བན་དེ་རེད་པས་བཟུང་མི་ཉན། ཚ་བོ་གཟེར་སྒུར་ལ་བྱིན་དང་བོན་པོས་ནོར་འབུལ་སྲིད་ཟེར་བས་གཟེར་སྒུར་ལ་བྱིན་པར་གསུངས། དེར་གཟེར་སྒུར་གྱིས་སྒྲོ་བ་ཁ་ཕྱེས་ནས་བལྟས་པས་དེའི་ནང་ནས་ཕྱི་ཡི་བོན་སྡེ་ལ་འདུལ་བ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་བོན། འབུམ་གྱི་བོན་དང་གསུམ་མོ། །ནང་གི་བོན་སྡེ་ལ་ཕྱི་དག་པ་འབུམ་དཀྱིལ་དང་། སྤྱི་ཁོག་བཞེད་མང་། ལྷ་རྩེ་དབང་གི་བོན་དང་གསུམ་མོ།། གསང་བའི་བོན་སྡེ་ལ་གསང་བ་རྫོགས་ཆེན་སྒྲུབ་ལུང་། སྤྱི་ལུང་དབྱིངས་ཉིད་དང་། ཨ་དཀར་ཡང་རྩེ་དང་གསུམ་བཅས་བོན་སྡེ་དགུ་བྱུང་བ་གསུངས། དེའི་ནང་ནས་བྱང་གཏེར་སྲིད་པའི་འབུམ་དགུ་ནི་མཁས་མཆོག་སྒ་སྟོན་གྱིས་མཛད་པའི་གཏེར་གྱི་ཁ་བྱང་ལས། ལྷ་མོ་དབྱིངས་འབུམ་དང་གཅིག རྨའི་འབུམ་དཀར་དང་གཉིས། གཙུག་འབུམ་འབར་བ་དང་གསུམ། ཐེག་པ་གསས་འབུམ་དང་བཞི། ཉི་མ་འོད་འབུམ་དང་ལྔ། རིན་ཆེན་སྤུངས་འབུམ་དང་དྲུག ཉི་ཁྲི་ཆུ་རྒྱུན་དང་བདུན། ཐུགས་རྗེ་རྒྱུན་འབུམ་དང་བརྒྱད། གཡུང་དྲུང་ཡེ་འབུམ་དང་དགུའོ།། ཞེས་གསུངས། མདོར་ན་ཨ་ཙ་རས་གཏེར་ལས་ཐོན་ནས་བྱང་སྟོད་དུ་དར་བས་བྱང་གཏེར་དུ་གྲགས་པའི་བོན་སྐོར་གྱི་ལོ་རྒྱུས་མདོར་བསྡུས་ན། སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་བློ་རིགས་མི་འདྲ་བ་དགུ་ལ་དགོངས་ཏེ་བོན་ཐེག་པ་རིམ་དགུ་གཏན་ལ་ཕབ་པ་དང་། དེ་ནས་རིམ་བཞིན་རྟག་གཟིགས་དང་། ཞང་ཞུང་། བོད་ལས་སོགས་འཛམ་གླིང་གི་ཡུལ་གྲུ་གང་སར་དར་ཞིང་རྒྱས་པར་གྱུར། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དགུང་ལོ་སུམ་ཅུ་རྩ་གཉིས་སོན་པ་དང་གཡུང་དྲུང་བོན་གྱི་བསྟན་པ་སྣུབ་པའི་དུས་སུ་བོད་ཀྱི་དྲན་པ་ནམ་མཁའ་ལས་སོགས་བོན་གཤེན་རིག་འཛིན་མཁའ་འགྲོ་དུ་མས་གཡུང་དྲུང་གི་བོན་རིན་པོ་ཆེ་ཕྱོགས་གང་སར་ཟབ་གཏེར་དུ་སྦེད་པའི་དུས་སུ་སྦས། སློབ་དཔོན་དྲན་པ་ནམ་མཁའི་ཞལ་ནས། བོན་འདི་སྦས་ཀྱང་ཕྱིས་སུ་མི་ནུབ་རང་ཤུགས་རྡོལ། ཞེས་གསུངས་པ་ལྟར་སྔོན་གྱི་བོན་གཤེན་རིག་འཛིན་མཁའ་འགྲོ་རྣམས་ཀྱི་ཐུགས་སྨོན་གྱི་མཐུ་བཙན་པ་དང་། ལས་རྐྱེན་དུས་སུ་ལྡང་བས་ཨ་ཙ་མི་གསུམ་གྱིས་བསམ་ཡས་ནས་གཏེར་ལས་གདན་དྲངས་པ་དང་མཐའ་བཞི་འཕྲུལ་གསས་ནས་བརྒྱུད་པར་སྨད་བརྒྱུད་དང་། ཨ་ཙ་ར་མི་གསུམ་ནས་བན་དེ་མི་གསུམ་དང་། དེ་ནས་གཟེར་བོན་ཤེས་རབ་རྒྱལ་མཚན་ནམ། གཟེར་སྒུར་ལ་བརྒྱུད། གཟེར་བན་གྱི་སློབ་མ་ལ་ཀ་བ་ཆེན་པོ་བཞི་དང་། གསང་བ་པོ་གཅིག་བཅས་ལྔ་བྱུང་བའི་ནང་ནས་ས་སྟོན་འབྲུག་ལྷས་ཁོང་གི་སློབ་མ་བྱང་གི་ཞུ་གྲང་ར་བོན་པོ་ལ་གནང་། དེས་ཁོང་གི་སློབ་མ་ཞུ་ཡས་ལེགས་པོ་«སྤྱི་ལོ་1002་ཆུ་སྟག་ལོར་སྐུ་འཁྲུངས་པ་གསལ།»ལ་བརྒྱུད། དེས་ཁོང་གི་སློབ་མ་ཞུ་སྐྱེ་སེ་ཆེན་པོ་ལ་བརྒྱུད་དེ་དར་བ་གསུངས། 
   གཉིས་པ་གཞུང་དོན་སོ་སོར་བཤད་པ་ནི། ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ་དང་། བཀའ་ལུང་སྤྱི་ཡི་འགྲེལ་བ་བོན་སྒོ་གསལ་བྱེད། ཐེག་པའི་རིམ་པ་གསལ་བའི་སྒྲོན་མ་ཕན་ཚུན་གོ་བསྡུར་ནས་འཆད་པ་ལ་ཕྱི་ཡི་ཐེག་པ་གསུམ། ནང་གི་ཐེག་པ་གསུམ། གསང་བའི་ཐེག་པ་གསུམ་མོ། །དང་པོ་ཕྱི་ཡི་ཐེག་པ་གསུམ་ནི། སྣང་ལྡན་དང་། རང་ལྡན་དང་། བཞེད་ལྡན་གྱི་ཐེག་པ་གསུམ་མོ། །དེ་གསུམ་ལ་སྐབས་དང་པོའི་རྣམ་བཤད་ལས། ཕྱི་རྒྱུ་ཕ་རོལ་ཕྱིན་པའི་ཐེག་པ་ཡིན་ཏེ། ཞེས་དང་། བོན་སྒོ་གསལ་བྱེད་དང་། ཐེག་པའི་རིམ་པ་གསལ་བའི་སྒྲོན་མེ་མཐུན་པར། འདུལ་བའི་ཐེག་པ་སྟེ་ཕྱིའོ།། ཞེས་གསུངས་པ་ཙམ་ལས་ཐེག་པ་དེ་རྣམས་ཐེག་ཆེན་དང་། ཐེག་དམན་གང་གི་ཕྱོགས་སུ་གཏོགས་མིན་མ་གསལ། ལུང་ཚིག་དེ་རྣམས་སུ་ཕྱི་རྒྱུ་ཕ་རོལ་ཕྱིན་པའི་ཐེག་པ་ཡིན་ཞེས་དང་། འདུལ་བའི་ཐེག་པ་སྟེ་ཕྱིའོ་ཞེས་པ་རྣམས་དོན་གཅིག་ཏུ་འདོད་པ་ཡིན་ཏེ། གཙོ་བོར་བྱང་ཆུབ་སྒྲུབ་བྱེད་རྒྱུ་རྣམ་དཀར་བའི་ཚོགས་མཐུན་རྐྱེན་ལམ་དུ་བྱེད་པའི་ཆ་ནས་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། ཉོན་མོངས་སྤོང་ལམ་དུ་བྱེད་པའི་ཆ་ནས་འདུལ་བའི་ཐེག་པ་ཞེས་འཇོག་དགོས་པའི་ཕྱིར་རོ།། 
དེ་གསུམ་གྱི་དང་པོ་སྣང་ལྡན་ཐེག་པ་ནི། སྐབས་དང་པོའི་རྣམ་བཤད་དང་། ཐེག་རིམ་གསལ་སྒྲོན་མཐུན་པར་གཏེར་འབུམ་གྱི་ལུང་དྲངས་པ་འདི་ལྟར། སྣང་ལྡན་ཐེག་པའི་བོན་རྣམས་ནི། །འདུལ་ཁྲིམ་རྫོགས་པར་བསྲུང་བ་ཡི། །ཉོན་མོངས་དུག་ལྔའི་དགྲ་བཅོམ་ཐོབ། །ཅེས་ཚིག་རྐང་གསུམ་གྱིས་བསྟན། ཚིག་རྐང་དང་པོར་བོན་རྣམས་ནི་ཞེས་པའི་བོན་སྒྲ་འཇུག་གཞི་གཙོ་བོ་ནི་ཐེག་པ་འདིའི་ལུགས་ཀྱི་ལྟ་སྤྱོད་སྒོམ་གསུམ་གྱི་དོན་ལ་འཇོག་དགོས་པ་ཡིན། འདུལ་ཁྲིམས་རྫོགས་པར་བསྲུང་བ་ཡི། ཞེས་པའི་བསྲུང་བའི་དམ་ཚིག་བསྟན་པ་དང་། ཉོན་མོངས་དུག་ལྔའི་དགྲ་བཅོམ་ཐོབ། ཅེས་པས་ཐེག་པ་འདིའི་ལུགས་ཀྱི་ལྟ་སྤྱོད་སྒོམ་གསུམ་གྱི་དོན་ཚུལ་བཞིན་ཉམས་སུ་བླངས་བ་ལ་བརྟེན་ནས་ཐོབ་པའི་མཐར་ཐུག་གི་འབྲས་བུ་བསྟན་པ་ཡིན། བོན་སྒོ་གསལ་བྱེད་ལས། ཉོན་མོངས་དུག་ལྔའི་དགྲ་རྣམས་བཅོམ། ཞེས་པ་ཙམ་ལས་གཞན་པ་གཅིག་མཐུན་དུ་བྱུང་། ཉོན་མོངས་དུག་ལྔའི་དགྲ་རྣམས་བཅོམ་ཞེས་ཆེད་དུ་སྨོས་པའི་དོན་ནི་ཐེག་པ་འདིའི་ཐོབ་བྱ་མཐར་ཐུག་བསྟན་པ་དོན་གྱིས་གྲུབ་ལ། དེ་ལྟར་བསྟན་པས་ཐེག་པ་འདིའི་ལུགས་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཡོད་པ་ཤུགས་ལས་གྲུབ་པ་ཡིན། རྒྱུ་མཚན་ནི། གང་ཟག་བདག་མེད་མ་རྟོགས་ན་ཉོན་མོངས་པ་དུག་ལྔ་སྤོང་པ་མི་སྲིད་ལ། གང་ཟག་བདག་མེད་རྟོགས་པ་ཡོད་ཕྱིན་ཆད་ཐེག་པ་དེའི་ལུགས་ལ་བདག་མེད་རྟོགས་པའི་ཕྱིན་པར་བྱེད་པའི་རིག་པ་ཞེས་ཐར་ལམ་གྱི་རྣམ་བཞག་ཡོད་དགོས་པ་ཡིན་ནོ། །ཐེག་པ་འདིའི་ལུགས་ཀྱི་ཡུལ་སེམས་ཀྱི་རྣམ་བཞག་འབྱེད་ཚུལ་དང་། ཀུན་རྫོབ་དང་དོན་དམ། ཐར་པའི་ལམ་ལྔ་བསྒྲོད་ཚུལ་བཅས་རྒྱས་པ་མ་གསལ་ནའང་། གོང་གི་ལུང་ཚིག་དེ་ལ་བརྟག་ན་ཐེག་པ་འདི་ལྷོ་གཏེར་གྱི་ཁོངས་སུ་གསལ་བའི་དགེ་བསྙེན་གྱི་ཐེག་པ་དང་། དབུས་གཏེར་ལྟར་ན་ཕྱི་རོལ་གྱི་དངོས་པོ་ཡང་དག་པར་འདོད་པའི་གཤེན་རབ་ཀྱི་གྲུབ་མཐའ་བཞིན་འཆད་ན་འཐད་པར་སེམས་སོ།། 
   གཉིས་པ་རང་བདེན་ཐེག་པ་ནི། སྐབས་དང་པོའི་རྣམ་བཤད་དང་། བོན་སྒོ་གསལ་བྱེད་མཐུན་པར་གཏེར་བུམ་གྱི་ལུང་ཚིག་དྲངས་པ་འདི་ལྟར། རང་ལྡན་ཐེག་པའི་བོན་རྣམས་སུ། །རྟེན་འབྲེལ་བཅུ་གཉིས་གཞུང་རྣམས་སུ། །འཁོར་མེད་གཅིག་པུས་བདེན་དོན་རྟོགས། ཞེས་གསུངས། སྐབས་འདིར་བོན་སྒྲ་འཇུག་གཞི་ནི་གོང་དུ་མཐུན་ལ། རྟེན་འབྲེལ་བཅུ་གཉིས་གཞུང་རྣམས་སུ། ཞེས་པས་ཐེག་པ་འདིའི་ལམ་རིམ་སྒྲུབ་ཚུལ་བསྟན་པ་དང་། འཁོར་མེད་གཅིག་པུས་བདེན་དོན་རྟོགས། ཞེས་པས་གྲུབ་མཐའ་འདིར་ཞུགས་པའི་གང་ཟག་གིས་ལམ་ཉམས་སུ་ལེན་ཚུལ་བསྟན་པ་ཡིན་ནོ། །ཐེག་རིམ་གསལ་སྒྲོན་ལས། རྟེན་འབྲེལ་བཅུ་གཉིས་ཀྱི་གཞུང་སྤྱོད་ཀྱིས། །འཁོར་བ་མེད་པར་དོན་དམ་རྟོགས། །ཞེས་ཚིག་རྐང་ཕྱི་མ་གཉིས་གོང་དང་མི་མཐུན་པ་ཞིག་དྲངས་གནང་འདུག གོང་སྨོས་དཔེ་ཆ་ཁག་གཉིས་ལས་གསལ་བའི་ལུང་ཚིག་རྣམས་ལ་བརྟག་ན། རྟེན་འབྲེལ་བཅུ་གཉིས་བསྟན་བྱེད་ཀྱི་གཞུང་ལུགས་ཁག་ལས་གསལ་བ་ལྟར་བདེན་པའི་དོན་མཐོང་བར་བྱེད་པ་གསུངས་པས། དེ་ནི་བྱང་གཏེར་གྱི་ཁོངས་སུ་གསལ་བའི་རྟེན་འབྲེལ་གྱི་གཞུང་ཆེན་ཁག་ལ་ཐོས་བསམ་དང་འབྲེལ་བར་གཙོ་བོ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལས། ལུགས་ལྡོག་ཏུ་ཉམས་སུ་ལེན་པས། ཉེས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ལ་ཐུག་པ་ཤེས་ནས་དེ་ཉིད་སྤོང་བའི་དོན་ལ་སྙོམས་པར་འཇུག་པ་དངོས་སུ་བསྟན། འཁོར་མེད་གཅིག་པུས་བདེན་དོན་རྟོགས། ཞེས་པས་གཡེང་བའི་འཁོར་ཚོགས་སྤངས་ནས་གཅིག་པུར་དབེན་པའི་གནས་སུ་བདེན་པ་མཐོང་བར་བྱེད་པས་ནའོ། །ཐེག་རིམ་གསལ་བྱེད་ལས། གོང་དུ་དཔེ་ཆ་ཁག་གཉིས་ལས་གསལ་བའི་གཏེར་འབུམ་གྱི་ལུང་ཚིག འཁོར་མེད་གཅིག་པུས་བདེན་དོན་རྟོགས། ཞེས་པའི་ཚིག་དེ་ཉིད། འཁོར་བ་མེད་པར་དོན་དམ་རྟོགས། ཞེས་འཁོར་བ་མེད་པ་དང་། དོན་དམ་རྟོགས་ཞེས་ལུང་ཚིག་སྔ་མ་གཉིས་དང་མི་མཐུན་པ་ཞིག་སྣང་བས་བརྟག་བྱའི་གནས་སོ།། གོང་དུ་དྲངས་པའི་ལུང་ཚིག་ལ་བརྟག་ན་ཐེག་པ་འདི་ནི་ལྷོ་གཏེར་ལྟར་ན་དགེ་བསྙེན་ཐེག་པའི་ཁོངས་སུ་གཏོགས་པ་དང་། དབུས་གཏེར་ལྟར་ན་ཕྱི་རོལ་གྱི་དངོས་པོ་ཡང་དག་མ་ཡིན་འདོད་པའི་གཤེན་རབ་དང་དོན་མཐུན་པར་སྣང་ངོ་།། དེས་ན་ཐེག་པ་འདིའི་ལུགས་ཀྱི་ཡུལ་སེམས་ཀྱི་རྣམ་བཞག་འབྱེད་སྟངས་དང་། ཀུན་རྫོབ་དང་དོན་དམ། ལམ་ལྔ་བསྒྲོད་ཚུལ་དང་། སྒྲིབ་པ་སྦྱོང་ཚུལ་སོགས་ཕྱི་རོལ་གྱི་དངོས་པོ་ཡང་དག་འདོད་པའི་གཤེན་རབ་ནང་བཞིན་བྱས་ན་མི་མཐུན་པ་མེད་པར་སེམས་སོ།། 
   གསུམ་པ་བཞེད་ལྡན་ཐེག་པ་ནི། སྐབས་དང་པོའི་རྣམ་བཤད་དང་། བོན་སྒོ་གསལ་བྱེད། ཐེག་རིམ་གསལ་སྒྲོན་བཅས་མཐུན་པར་གཏེར་འབུམ་གྱི་ལུང་ཚིག་དྲངས་པ་འདི་ལྟར། བཞེད་ལྡན་ཐེག་པའི་བོན་རྣམས་ནི། །ཕ་རོལ་ཕྱིན་བཅུ་སྤྱོད་པ་ཡིས། །ས་བཅུ་རིམ་གྱིས་བགྲོད་པའོ། །ཞེས་གསལ། བོན་རྣམས་ཞེས་པས་བོན་སྒྲ་འཇུག་གཞི་གོང་དང་མཐུན་ལ། ཕ་རོལ་ཕྱིན་བཅུ་སྤྱོད་པ་ཡིས། །ཞེས་པས་ཐེག་པ་ཆེན་པོའི་སྤྱོད་པ་བླ་ན་མེད་པ་ཕ་རོལ་ཕྱིན་པ་བཅུའི་ཉམས་ལེན་བསྟན་པ་དང་། ས་བཅུ་རིམ་གྱིས་བགྲོད་པའོ། །ཞེས་པས་བླ་མེད་ཕྱིན་པ་བཅུ་ཡི་ཉམས་ལེན་ལ་བརྟེན་ནས་ས་བཅུ་རིམ་བཞིན་ཐོབ་པ་དངོས་སུ་བསྟན། ལུང་གི་བབ་ལ་དཔྱད་ན་ཐེག་པ་འདི་ནི་ལྷོ་གཏེར་ལྟར་ན་དྲང་སྲོང་གི་ཐེག་པ་དང་། དབུས་གཏེར་ལྟར་ན་ཐུགས་རྗེ་སེམས་དཔའི་ཐེག་པ་དང་། གཡུང་དྲུང་སེམས་དཔའི་ཐེག་པ་ཐུན་མོང་བར་བཞག་ན་གཞུང་དོན་མཐུན་པར་སྣང་ངོ་།། རྒྱུ་མཚན་ནི་ཕྱི་སྤོང་ལམ་མདོ་ཡི་ཐེག་པ་གང་ཞིག་ཕ་རོལ་ཕྱིན་པ་བཅུ་ཉམས་སུ་ལེན་པ་ལ་བརྟེན་ནས་ས་བཅུ་རིམ་བཞིན་བསྒྲོད་དུ་ཡོད་པས་ཐེག་པ་ལ་ཐུགས་རྗེ་སེམས་དཔའི་ཐེག་པ་དང་། གཡུང་དྲུང་སེམས་དཔའི་ཐེག་པ་གཉིས་པོའི་གྲངས་ངེས་པ་གང་ཞིག གཏེར་འབུམ་གྱི་ལུང་ཚིག་ལ་བརྟག་ན་ཐེག་པ་འདི་ནི་དབུ་སེམས་ཐུན་མོང་དུ་སྣང་བའི་ཕྱིར་རོ།། དེས་ན་ཐེག་པ་འདིའི་ཡུལ་སེམས་ཀྱི་རྣམ་བཞག་འབྱེད་ཚུལ་དང་། ཀུན་རྫོབ་དང་དོན་དམ། ལམ་ལྔ་ས་བཅུའི་བསྒྲོད་ཚུལ། སྒྲིབ་གཉིས་སྦྱོང་ཚུལ་སོགས་ལྷོ་གཏེར་ལྟར་ན་དྲང་སྲོང་ཐེག་པ་དང་། དབུས་གཏེར་ན་རྒྱུ་ཡི་ཐེག་ཆེན་པ་ནང་བཞིན་འཆད་དགོས་པར་སྣང་ངོ་།།
   གཉིས་པ་ནང་གི་ཐེག་པ་གསུམ་ནི། ཐོ་ཐོ་ཐེག་པ་དང་། སྤྱི་ཐོ་ཐེག་པ་དང་། ཡ་ཐོ་ཐེག་པ་དང་གསུམ་མོ། །དེ་གསུམ་ལ་སྐབས་དང་པོའི་རྣམ་བཤད་ལས། ནང་རྒྱུད་རྒྱུའི་བོན་གྱི་ཐེག་པ་ཡིན་པའི་ཕྱིར་ཏེ། ཞེས་དང་། བོན་སྒོ་གསལ་བྱེད་ལས། མདོ་སྡེའི་ཐེག་པ་སྟེ་ནངའོ«ནང་ངོ་།»ཞེས་དང་། ཐེག་རིམ་གསལ་སྒྲོན་ལས། མདོ་སྡེ་ནང་གི་ཐེག་པ། ཞེས་གསུངས། ལུང་དེ་རྣམས་སུ་རྒྱུ་ཡི་བོན་ཞེས་པ་དང་། མདོ་སྡེ་ཞེས་པའི་ཐ་སྙད་མི་འདྲ་བ་ཙམ་ལས་ནང་ཞེས་པའི་བརྡ་བཏགས་པ་གཅིག་མཐུན་དུ་བྱུང་། སྐབས་འདིར་ཞལ་གསལ་དུ་བྱུང་བའི་མདོ་སྡེ་ཞེས་པའི་དོན་ནི་སྡེ་སྣོད་གསུམ་གྱིས་ནང་ཚན་མདོ་སྡེའི་སྡེ་ལ་མི་འཇོག་ལ། ནང་ཞེས་པའི་དོན་ནི་ཐེག་པ་ལ་ཕྱི་ནང་གསང་གསུམ་ཕྱེས་པའི་ནང་གི་ཐེག་པ་ལ་འཇོག་པར་མི་འཐད་པ་ཡིན་ནོ།། འོ་ན་སྐབས་འདིར་བྱུང་བའི་ནང་ཞེས་པ་དང་། མདོ་སྡེ་ཞེས་པའི་དོན་དེ་ཚུལ་ཇི་ལྟར་འགྲེལ་དགོས་སམ་ཞེ་ན། དེའི་དོན་ནི་ཐེག་པ་འདི་རྣམས་གཙོ་བོའི་ཆ་ནས་སྤོང་ལམ་གཙོ་བོར་བྱེད་པའི་ཐེག་པ་ཡིན་པའི་ཆ་ནས་མདོ་དང་། སྤྱོད་ཚུལ་འགའ་ཞིག་སྔགས་གོང་མ་དང་མཚུངས་པའི་ཆ་ནས་ནང་ཞེས་པའི་ཐ་སྙད་འཇོག་དགོས་པའི་ཕྱིར་ཏེ། སྐབས་དང་པོའི་རྣམ་བཤད་«ལྡེབ་མ་183»ལས། ནང་རྒྱུད་རྒྱུའི་བོན་གྱི་ཐེག་པ་ཡིན་པའི་ཕྱིར་ཏེ། ཞེས་གསུངས་པས་ངེས་པ་ཡིན། དེ་གསུམ་གྱི་དང་པོ་ཐོ་ཐོ་ཐེག་པ་ནི། སྐབས་དང་པོའི་རྣམ་བཤད་ལས། ཐོ་ཐོ་ཐེག་པའི་བོན་རྣམས་ཀྱི། །དག་སྤྱོད་ཆེན་པོ་བཞི་བསྒོམས་པས། །རྒྱུའི་གཤེན་བཞི་གྲུབ་པའོ། །ཞེས་གསུངས་པས་བོན་སྒྲ་འཇུག་གཞི་ནི་གོང་དུ་མཐུན་ལ། དག་སྤྱོད་ཆེན་པོ་བཞི་བསྒོམས་པས། ཞེས་པའི་དོན་ནི་ལྷོ་གཏེར་ལུགས་ཀྱི་ཕྱྭ་གཤེན་ཐེག་པའི་འཇུག་སྒོ་མོ་རྩིས་གཏོ་དཔྱད་བཞི་དང་སྦྱར་ཏེ་བཤད་ན་ལེགས་པར་སེམས་སོ།། རྒྱུའི་གཤེན་བཞི་གྲུབ་པའོ།། ཞེས་པས་སྐབས་འདིར་འཁོད་པའི་རྒྱུའི་གཤེན་བཞིའི་མཚན་ནི་ཞལ་གསལ་དུ་མ་བྱུང་ཡང་། ཞང་ཞུང་དྲན་པ་ནམ་མཁས་མཛད་པའི་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་ལས་རྒྱུའི་གཤེན་བཞིའི་ཐ་སྙད་བྱུང་བ་ལྟར་«དགེ་བཤེས་རྣམ་དག་གཙུག་ཕུད་ཀྱིས་2012ལོར་དཔར་སྐྲུན་གནང་བའི་ལྡེབ་མ་ 189ལས་གསལ»ན། རྒྱུའི་གཤེན་བཞིས་བསྟན་པ་མཛད། ཅེས་པ། ས་བ་རབ་གླིང་བཞིས་གཡུང་དྲུང་གི་སྐྱེ་ཤི་བཟུང་། རླུང་བ་རབ་གླིང་རྩོལ་གྱིས་བདུད་སྲིན་གྱི་ངོ་ཟློག མེ་མང་གཤེན་རྒྱལ་བས་ལྟ་དགོངས་ཀྱི་མཆོང་བཅད། ཆུ་ལྡེའོ་སྐད་ཆེན་གྱིས་སེམས་ཅན་གྱི་དོན་བྱས་ནས་འགྲོ་བ་འདྲེན་གྱིན་སེམས་ཅན་ཁ་ལོ་སྒྱུར་རོ།། ཞེས་གསུངས། དེ་ཡང་ས་བ་རབ་གླིང་བཞིས་གཡུང་དྲུང་གི་སྐྱེ་ཤི་བཟུང་ཞེས་པས་དོན་ནི་ལེགས་ཉེས་ཀྱི་སྟངས་འཛིན་པར་མོ་རྩིས་གཉིས་ཀྱི་དོན་དང་མཐུན་ལ། རླུང་བ་རབ་གླིང་རྩོལ་གྱིས་བདུད་སྲིན་གྱི་ངོ་ཟློག་ཅེས་པས་གཏོ་ཕུལ་ནས་སེམས་ཅན་གྱི་ཚེ་ལུས་ལོངས་སྤྱོད་ལ་འཚེ་བའི་གདོན་བགེགས་བར་ཆོད་ཐམས་ཅད་ཞི་བར་བྱེད་པའི་དོན་དང་མཐུན་ནོ།། མེ་མང་གཤེན་རྒྱལ་བས་ལྟ་དགོངས་ཀྱི་མཆོང་བཅད་ཅེས་པས་གསོ་དཔྱད་རིག་པའི་དོན་དང་མཐུན་ལ། ཆུ་ལྡེའོ་སྐད་ཆེན་གྱིས་སེམས་ཅན་གྱི་དོན་བྱས་ནས་འགྲོ་བ་འདྲེན་གྱིན་སེམས་ཅན་ཁ་ལོ་བསྒྱུར་རོ།། ཞེས་པས་དེ་ལྟར་སྤྱོད་ཅིང་ཉམས་སུ་བླངས་པས་སེམས་ཅན་ཐམས་ཅད་ནད་གདོན་བར་ཆོད་ལས་ཐར་ཏེ་བདེ་སྐྱིད་ཀྱི་དཔལ་ལ་བཀོད་པ་དང་། ཐར་པའི་དོན་ལ་བློ་ཁ་ཕྱོགས་པར་བྱེད་པའི་དོན་ནོ།། གྲུབ་ཅེས་པའི་དོན་ནི་འཇུག་སྒོ་བཞིའི་དོན་ལ་བྱང་ཆུབ་པས་ནའོ།། «བོན་སྒོ་གསལ་བྱེད་ལས།» ཐོ་ཐོ་ཐེག་པའི་བོན་རྣམས་སུ། །དགེ་སྤྱོད་ཚད་མེད་བཞི་བསྒོམས་པས། །རྒྱུའི་གཤེན་བཞིའི་གྲུབ་པའོ།། ཞེས་གོང་དུ་དག་སྤྱོད་ཆེན་པོ་བཞི་བསྒོམ་ཞེས་པའི་དོན་དུ། དགེ་སྤྱོད་ཚད་མེད་བཞི་བསྒོམས་པས། ཞེས་དང་། «ཐེག་རིམ་གསལ་སྒྲོན་»ལས། གཉིས་པ་ལ་ཡང་གསུམ་ཡིན་ཏེ། ཐོ་ཐོ་ཐེག་པའི་བོན་རྣམས་ནི། །ཚན་བོན་དག་སྤྱོད་ཚད་མེད་བཞི་བསྒོམ་པས། །རྒྱུ་ཡི་གཤེན་པོ་བཞི་གྲུབ་པའོ། །ཞེས་གོང་གི་དག་སྤྱོད་ཆེན་བཞི་ཞེས་པའི་དོན་དུ། ཚན་བོན་དག་སྤྱོད་ཚད་མེད་བཞི་བསྒོམས་པས། ཞེས་ལུང་ཚིག་མི་མཐུན་པ་གསུམ་བྱུང་བས་བརྟག་དགོས་པ་སྣང་ངོ་།། ཁོ་བོས་ནི་གོང་གི་ཀུན་མཁྱེན་གྱིས་གསུངས་པ་ལྟར་འདོད་ན་ཤིན་ཏུ་འཐད་པར་གོ། གང་ཡིན་ཞེ་ན། ཏྲེ་སྟོན་རྒྱལ་མཚན་དཔལ་དང་། སྤ་བཙུན་ནམ་མཁའ་བཟང་པོ་གཉིས་ཀྱི་གཏེར་འབུམ་ལས་གསལ་བའི་དག་སྤྱོད་ཆེན་པོ་བཞི་བསྒོམ་ཞེས་པའི་དོན་དུ་སྙིང་རྗེ་ཚད་མེད་ལས་སོགས་ཚད་མེད་བཞི་ཡི་ཉམས་ལེན་ཡིན་པར་དགོངས་ནས་དེ་ཉིད་ཁ་གསལ་བའམ་གོ་བདེ་བའི་ཕྱིར་དུ་གསུངས་པ་ཡིན་སྲིད་པ་ནི། དཔེར་ན་ཐེག་རིམ་གསལ་སྒྲོན་ལྟར་ན་ཚིགས་བཅད་གོ་རིམ་ལ་དཔྱད་ན་གོང་མ་དང་འོག་མ་གཉིས་ཚིག་ཚོགས་མང་ཉུང་གཅིག་མཐུན་དུ་བྱུང་བ་དང་། བར་མའི་ཚིག་རྐང་དེ་ཚིག་རྐང་དང་པོ་དང་ཕྱི་མ་གཉིས་ལས་ཀྱང་མང་བ་མ་ཟད་ཚིག་གི་གོ་རིམ་ཡང་གྲལ་འགྲིག་པོ་མེད་པ་དང་། ཚན་བོན་དག་སྤྱོད་ཚད་མེད་བཞི་བསྒོམས་པས། ཞེས་པའི་ཚིག་རྐང་ནང་དུ་ཚད་མེད་ཅེས་པ་བསྣན་པ་ཡིན་ནམ་སྙམ་སྟེ་བརྟག་བྱའི་གནས་སོ། །དེས་ན་ཐེག་པ་འདི་ནི་ལྷོ་གཏེར་ལྟར་ན་ཕྱྭ་གཤེན་ཐེག་པ་དང་། དབུས་གཏེར་ལྟར་ན་ཡང་དག་ལ་ཕྱོགས་པའི་ལྷ་མི་གཞན་བརྟེན་གྱི་ཁུངས་སུ་འདུས་པ་ཡིན་པས་གྲུབ་མཐའི་རྣམ་བཞག་ཀྱང་དེ་དང་མཐུན་པར་འཇོག་དགོས་པ་ཡིན།
   གཉིས་པ་སྤྱི་ཐོ་ཐེག་པ་ནི། སྐབས་དང་པོའི་རྣམ་བཤད་ལས་གཏེར་འབུམ་གྱི་ལུང་དྲངས་པ་འདི་ལྟར། སྤྱི་ཐོ་ཐེག་པའི་བོན་རྣམས་སུ། །གཙུག་དགུ་འབུམ་དང་དཀྱིལ་འཁོར་མཆོད་རྟེན་གྱིས། །གཙུག་ཕུད་བཅོ་བརྒྱད་རིག་འཛིན་གྲུབ་པའོ། །ཞེས་གསུངས། དེ་ཡང་བོན་རྣམས་ཞེས་པའི་བོན་སྒྲ་འཇུག་གཞི་ནི་གོང་དང་མཐུན་ལ། གཙུག་དགུ་འབུམ་དང་དཀྱིལ་འཁོར་མཆོད་རྟེན་གྱིས། ཞེས་པས་བྱང་གཏེར་ལྟར་ན་གཙུག་རུའི་བོན་ལ་བོན་སྡེ་བཞི་བཅུ་ཞེ་བཞི་བཞུགས་སོ་ཞེས་མཁས་མཆོག་སྒ་སྟོན་རིན་པོ་ཆེས་མཛད་པའི་གཏེར་གྱི་ཁ་བྱང་ལས་གསལ་བ་ལྟར་འདིར་མཚན་གཞི་ཙམ་ལ་བོན་སྡེ་ཁ་ཤས་ཀྱི་མཚན་སྨོས་ན་དགེ་མཚན་ཆེ་བར་སྙམ། གཙུག་རུའི་བོན་ལ་གཙུག་རུ་གླིང་གྲགས་ཆེ་ཆུང་གཉིས། གཙུག་རུམ་རྩ་རྒྱུད། སྒྲིབ་པ་ཀུན་སེལ། ན་རག་གཏིང་སྦྱོང་། ན་རག་ལུས་སྦྱོང་། ཀུན་རིག་ལྷ་མ་སྲིན་སྡེ་བརྒྱད་ཀྱི་དཀྱིལ་འཁོར། གཅུག་ལེ་འགྲེས་པའི་འདུ??????G???་སྦྱོང་། ལྕགས་ལའི་ཚ་ཚ། གནམ་གཤེན་ནམ་མཁའ་སྟོང་ཡན་གྱི་མེ་མཆོད། གཡུང་དྲུང་ཀློང་རྒྱས་ཀྱི་སྦྱིན་སྲེག་སོགས་དང་། བྱུང་ཚུལ་གཙུག་ཕུད་རྟིང་དོན། སྲིད་པ་གཤེན་གྱི་འབུམ་ཁོག་ཆེན་མོ་སོགས་སྲིད་གཤེན་ཐེག་པའི་སྐབས་ནས་བསྟན་པའི་ཕྱི་འདུར་དང་ནང་འདུར་གཙོས་པའི་འདུར་ཐབས་སུམ་བརྒྱ་དྲུག་ཅུ་ལས་སོགས་གནས་འདྲེན་གྱི་སྐོར་རྣམས་སོ།། གཙུག་ཕུད་བཅོ་བརྒྱད་རིག་འཛིན་གྲུབ་པའོ། །ཞེས་པས་གཙུག་ཕུད་བཅོ་བརྒྱད་ཅེས་པའི་དོན་གང་ཡིན་པ་ནི་རང་གཞུང་ཁུངས་མ་རྣམས་ལས་ཞལ་གསལ་དུ་མ་བྱུང་བས་འདི་ཡིན་ཞེས་བཤད་དཀའ་བར་སྣང་ངོ་།། རིག་འཛིན་གྲུབ་ཅེས་པའི་དོན་ནི་རིག་འཛིན་རྣམ་བཞིའི་སྐབས་ནས་བསྟན་པའི་རིག་འཛིན་གྲུབ་པར་མི་འཇོག་སྟེ། ཐེག་པ་འདིའི་ལྟ་སྤྱོད་ཚུལ་བཞིན་ཉམས་སུ་བླངས་བ་ལ་བརྟེན་ནས་སྒྱུ་ལུས་གྲུབ་པ་མེད་པའི་ཕྱིར་རོ།། 
   འདིའི་སྐབས་ནས་རིག་འཛིན་གྲུབ་ཅེས་པའི་དོན་ནི་གཞུང་གཞན་ནས་བར་ས་བདེ་ལ་ཡངས་པར་བཀོད་ཅེས་པའི་དོན་དང་མཐུན་པར་འགྲེལ་དགོས་པར་སྣང་ངོ་།། བོན་སྒོ་གསལ་བྱེད་ལྟར་ན་གཏེར་འབུམ་གྱི་ལུང་ཚིག་དང་པོ་དང་འོག་མ་གཉིས་རྣམ་བཤད་དང་མཐུན་ལ། བར་མའི་ཚིག་རྐང་འདི་ལྟར། གཙུག་དགུ་འབུམ་དང་དཀྱིལ་འཁོར་ཕྱི་དང་མཆོད་རྟེན་གྱིས། ཞེས་དང་། ཐེག་རིམ་གསལ་སྒྲོན་ལས། གཙུགས་«གཙུག་དགུའི»འབུམ་ཕྱི་ནང་མཆོད་རྟེན་གྱིས། །གཙུག་ཕུད་བཅོ་བརྒྱད་ཕྱི་ནང་གྲུབ། །ཅེས་གསལ་བས་ཕྱི་ནང་གི་དོན་ནི་གོང་དུ་བཤད་པ་ལྟར་ཕྱི་འདུར་དང་ནང་འདུར་སོགས་ལ་གོ་བ་ལས་སྔགས་ཕྱི་ནང་དང་། སྤོང་ལམ་དང་བསྒྱུར་ལམ་སོགས་ཀྱི་དོན་ལ་གོ་བ་མ་ཡིན་ནོ།། དེས་ན་ཐེག་པ་འདིའི་གྲུབ་མཐའི་རྣམ་བཞག་ནི་ལྷོ་གཏེར་ལུགས་ཀྱི་ཐེག་དགུའི་ནང་ཚན་སྲིད་གཤེན་ཐེག་པ་དང་དོན་གཅིག་ཏུ་འཆད་དགོས་པ་ཡིན། དབུས་གཏེར་ལྟར་ན་ཐེག་པ་འདི་ནི་ཡང་དག་ལ་ཕྱོགས་པའི་ལྷ་མི་གཞན་བརྟེན་གྱི་ཐེག་པའི་ཁོངས་སུ་འདུས་པ་ཡིན་པར་འདོད། དེ་ཡང་ཚད་མ་རྣམ་འབྱེད་འཕྲུལ་ལྡེ་ལས། །སྤྱི་ཐོ་ཕྱི་རོལ་སྲིད་པའི་གཤེན། །སེམས་ཉིད་ཐེག་ལེ་ཉག་གཅིག་ལ། །ལམ་གསུམ་བགྲོད་པའི་མི་གསུམ་ལྟར། །གཅིག་ཏུ་བསྡུས་པའི་རྩོལ་བས་བཅིངས། །རང་གི་སྐྱོན་བཞག་གཞན་ལུས་འདྲེན། ཞེས་གསུངས་པ་ནི་ལུང་གིས་སྤྲོ་བ་བསྐྱེད་པའི་ཕྱིར་དུའོ།། 
   གསུམ་པ་ཡ་ཐོ་ཐེག་པ་ནི། སྐབས་དང་པོའི་རྣམ་བཤད་དང་། བོན་སྒོ་གསལ་བྱེད། ཐེག་རིམ་གསལ་བའི་སྒྲོན་མ་སོགས་མཐུན་པར་གཏེར་འབུམ་གྱི་ལུང་དྲངས་པ་འདི་ལྟར། ཡ་ཐོ་ཐེག་པའི་བོན་རྣམས་སུ། །ཆབ་དཀར་ཆབ་ནག་སྤྱི་ཁོག་བཞེད་རྣམས་ཀྱི། །གྱེར་བཞི་སྐད་དགུ་སྤྱད་པ་ཡིས། །བ་རབ་གླིང་བཞིའི་གཤེན་དུ་གྲུབ། །ཅེས་བོན་རྣམས་ཞེས་པའི་བོན་སྒྲ་གཞི་ནི་གོང་དང་མཐུན་ལ། ཆབ་དཀར་ཞེས་པས་ཕྱི་ཡི་ལས་ཚོགས་འཕྲིན་ལས་བཞིའི་དོན་སྔགས་གོང་མ་དང་མཐུན་པའི་དོན་ཏེ། དཔེར་ན་ལྷོ་གཏེར་ལུགས་ལྟར་འཕྲུལ་གཤེན་ཐེག་པའི་ལས་ཚོགས་ལྟ་བུ་ཡིན། ཆབ་ནག་ཅེས་པའི་འཇིག་རྟེན་ཕན་བདེ་གཙོ་བོར་སྒྲུབ་གསུངས་པའི་མདོས་ཐབས་ཀྱི་ལས་ཚོགས་ལྟ་བུའོ། །སྤྱི་ཁོག་ཅེས་པས་ཆབ་དཀར་གྱི་ཐེག་པ་དང་། ཆབ་ནག་གི་ཐེག་པ་གཉིས་ཀྱི་ལུགས་ལ་ཕྱིའི་ལས་རིམ་གྱི་ཆ་ནས་མཐུན་པ་བསྟན་པ་ཡིན། བཞེད་རྣམས་ཀྱིས་ཞེས་པས་དོན་ནི་བོན་སྒོ་གསལ་བྱེད་«ལྡེབ་མ་229»ལས་སྣང་གཤེན་ཐེག་པའི་སྐབས་སུ། ཡང་བཞེད་གཞུང་བཅུ་གསུམ་ནི། ཞེས་པའི་དོན་དང་མཐུན་པར་སེམས་སོ།། གྱེར་བཞི་ཞེས་པས་དོན་ནི་བོན་སྒོ་གསལ་བྱེད་«ལྡེབ་མ225»ལས་སྣང་གཤེན་རྩ་བའི་མདོ་དགུའི་ལུང་དྲངས་པ་འདི་ལྟར། ལྷ་གཡང་གཉན་སྲིད་གྱེར་སྒོ་བཞི། ཞེས་གསུངས་པས། ཡར་གསོལ་བ་ལྷའི་གཙང་སྒོར་གྱེར་བ། མར་ནོན་པ་ཤི་རའི་བྱུར་སྒོར་གྱེར་བ། ཕར་གཏོད་པ་སྤྱིའི་གླུད་སྒོར་གྱེར་བ། ཚུར་སྐྱོབ་པ་ཕྱྭའི་གཡང་སྒོར་གྱེར་བའོ། །སྐད་དགུ་ཞེས་པས་དོན་ནི་སྣང་གཤེན་ཐེག་པའི་སྐབས་ནས་བསྟན་པའི་སྐད་གཅོང་དགུ་ཞེས་པའི་དོན་དང་མཐུན་པ་ཡིན་པས། དེ་དགུ་ནི་བོན་སྒོ་གསལ་བྱེད་«ལྡེབ་མ་231»ལས། གཉིས་པ་སྐད་གཅོང་དགུ་ནི། གསོལ་བ་ལྷ་ལ་སྐད་གཅོང་གཉིས་ཏེ། གཡུ་འབྲུག་གི་ངར་སྐད་ཀྱིས་ལྷ་གསས་ཀྱི་དཔུང་བསྡུ་བ། ཁྱུང་མོའི་འཚོར་སྐད་ཀྱིས་དྲག་པོའི་ལྷ་བདར། སྐྱོབ་པའི་ཆ་ལ་སྐད་གཉིས་ཏེ། ངང་མོ་བུ་སྟོར་སྐད་ཀྱིས་མིའི་ཕྱྭ་བླན། རྨ་བྱའི་སྒྲ་སྐད་ཀྱིས་ཕྱུགས་ཀྱི་གཡང་བཀུག གཉན་པོའི་སྤྱི་ལ་སྐད་གཅོང་གསུམ་སྟེ། ཁུ་བྱུག་གསུང་སྙན་གྱིས་ལྷ་སྲིན་སྤྲོ་བ་བསྐྱེད། ལྕོ་གའི་འགྱུར་སྐད་ཀྱིས་གླུད་ལམ་བསྟན། ནེ་ཙོའི་གཅོང་སྐད་ཀྱིས་ལྷ་སྲིན་བརྡ་སྤྲད། གནོན་པ་སྲི་ལ་སྐད་གཅོང་གཉིས་ཏེ། ཕོ་རོག་ལྟོ་སྐད་ཀྱིས་སྲིའི་བྱུང་རབས་གདབ། སྟག་སྦྲང་བུའི་སྐད་ཀྱིས་སྲི་ཁམས་མནན། ཞེས་གསུངས་པ་ལྟར་ཡིན། ཀུན་མཁྱེན་གྱིས་སྐབས་དང་པོའི་རྣམ་བཤད་དུ་ལུང་གཞན་ནས་བཅད་ཅེས་གསལ་བ་དེ་ཉིད་ཉམས་ལེན་དོན་ལ་སྦྱར་ཏེ་སྤྱད་ཅེས་བྲིས་པ་ལྟར་སྣང་ཡང་། དེ་ནི་བརྟག་བྱའི་གནས་སོ།། བརྟག་བྱེད་ཀྱི་ལུང་ནི་བོན་སྒོ་གསལ་བྱེད་ལས། བཅད་པ་ཡིས། ཞེས་དང་། ཐེག་རིམ་གསལ་བའི་སྒྲོན་མ་ལས། ས་བཅད་ཀྱིས། ཞེས་གསལ་བ་རྣམས་ཀྱིས་བརྟག་གོ། ཁོ་བོས་ནི་ལུང་ཕྱི་མ་ལྟར་འདོད་པ་ཡིན་ནོ།། རྒྱུ་མཚན་ནི་ལུང་ཚིག་གི་བབ་ལ་དཔྱད་ན་གྱེར་བཞི། སྐད་དགུས་བཅད་ཅེས་པ་ལས་རིམ་གྱི་དོན་དང་མཐུན་པར་སྙམ་མོ།། བ་རབ་གླིང་བཞིའི་གཤེན་དུ་གྲུབ། ཅེས་པས་གོང་དུ་བཤད་པའི་འབྱུང་བཞིས་གཤེན་པོ་བཞིའི་དོན་བསྟན་པ་བཞིན་ཕྱི་འབྱུང་བཞི་འཁྲུགས་པ་དང་། ནང་བཅུད་ཀྱི་མི་བདེ་བ་ཐམས་ཅད་ཞི་བར་བྱེད་པའི་དོན་ནོ།། ཐེག་པ་འདིའི་གྲུབ་མཐའི་རྣམ་བཞག་ནི་ལྷོ་གཏེར་ལྟར་ན་སྣང་འཕྲུལ་ཐུན་མོང་བའི་ལུགས་ལྟར་འཆད་དགོས་པ་སྣང་ལ། དབུས་གཏེར་ལྟར་ན་ཡང་དག་ལ་ཕྱོགས་པའི་ལྷ་མི་གཞན་རྟེན་གྱི་ཁོངས་སུ་འདུས་པས་དེ་དང་མཐུན་པ་ཡིན། 
   གསུམ་པ་ལ་ལྷ་རྩེ་དང་། སྣང་རྩེ་དང་། ཡང་རྩེ་དང་གསུམ་མོ།། དེ་གསུམ་ལ་སྐབས་དང་པོའི་རྣམ་བཤད་ལས། འབྲས་བུ་སྔགས་སེམས་ཟུང་འབྲེལ་གྱི་ཐེག་པ་ཡིན་པའི་ཕྱིར་ཞེས་དང་། བོན་སྒོ་གསལ་བྱེད་ལས། མངོན་པའི་ཐེག་པ་སྟེ་གསང་བའོ། །ཞེས་དང་། ཐེག་རིམ་གསལ་སྒྲོན་ལས། མངོན་པ་གསང་བའི་ཐེག་པ་ཞེས་གསུངས་ཀྱང་ཐ་སྙད་ཙམ་མ་གཏོགས་དགོངས་པ་གཅིག་མཐུན་དུ་བྱུང་། སྔགས་སེམས་ཞེས་པའི་སྔགས་ནི་བསྒྱུར་ལམ་གཙོ་བོར་བྱེད་པའི་ཐེག་པ་ཡིན་ལ། སེམས་ནི་གྲོལ་ལམ་གཙོ་བོར་བྱེད་པའི་ཐེག་པ་ལ་གོ་བ་ཡིན། ཟུང་འབྲེལ་ཞེས་པའི་དོན་ནི་གྲུབ་མཐའི་རྗེས་སུ་འཛིན་པའི་གང་ཟག་གིས་ལམ་ཉམས་སུ་ལེན་པའི་ཚུལ་ལ་འགྲེལ་བ་ལས། ཐེག་པའི་དོན་ལ་བཤད་པ་མིན་ཏེ། གཞི་གཅིག་ལ་བསྒྱུར་གྲོལ་གཉིས་ཀྱི་ཐེག་པ་ལྡན་པ་མི་སྲིད་པའི་ཕྱིར་རོ།། དེ་མི་སྲིད་པས་དེ་གཉིས་ཟུང་དུ་འབྲེལ་བ་ཅི་ལ་སྲིད་དེ་མི་སྲིད་དོ།། ལམ་ཉམས་སུ་ལེན་པའི་གང་ཟག་ལ་བལྟས་ན་ལྟ་བ་བླ་མེད་རྫོགས་པ་ཆེན་པོའི་དགོངས་པ་རང་རྒྱུད་ལ་ལྡན་ཞིང་། སྒོམ་པ་ཡི་དམ་ལྷ་ཡི་དཀྱིལ་འཁོར་གསལ་བས་ན་སྔགས་སེམས་ཟུང་འབྲེལ་ཅེས་པའི་ཐ་སྙད་བཏགས་པ་ཡིན། མངོན་པ་དང་གསང་བ་ཞེས་པའི་མངོན་པ་ནི་མངོན་པ་མཛོད་ཀྱི་བོན་སྒོ་ཞེས་པའི་དོན་དང་མཐུན་ལ། གསང་བ་ཞེས་པའི་དོན་ནི་ནང་གསང་བ་སྔགས་ཞེས་བསྒྱུར་ལམ་གཙོ་བོར་བྱེད་པའི་ཐེག་པའི་དོན་ལ་འཇོག་པ་ཡིན་ནོ།། 
   དེའི་དང་པོ་ལྷ་རྩེ་ཐེག་པ་ནི། སྐབས་དང་པོའི་རྣམ་བཤད་དང་། བོན་སྒོ་གསལ་བྱེད། ཐེག་རིམ་གསལ་བའི་སྒྲོན་མ་སོགས་མཐུན་པར་གཏེར་འབུམ་གྱི་ལུང་ཚིག་དྲངས་པ་འདི་ལྟར། ལྷ་རྩེ་ཐེག་པའི་བོན་རྣམས་སུ། །བསྙེན་སྒྲུབ་ཞི་ཁྲོའི་ཕྱག་རྒྱ་ཡིས། །འཁོར་ལོ་ཤོད་ཁྲན་ས་ལ་ནི། །ཡེ་སངས་ཡེ་ལྕམ་འདུལ་གཤེན་གྲུབ། །ཅེས་པས་བོན་སྒྲ་འཇུག་པའི་གཞི་ནི་གོང་དང་མཐུན་ལ། བསྙེན་ཞེས་པའི་དོན་ནི་བསྙེན་པའི་གཞི་མ་སྒོ་དགུ་ཞེས་པའི་དོན་དང་མཐུན་པས། དེ་དགུ་ནི། ལུས་ཀྱི་བསྙེན་པ་གསུམ་དང་། ངག་གི་བསྙེན་པ་གསུམ། ཡིད་ཀྱི་བསྙེན་པ་གསུམ་མོ།། དང་པོ་གསུམ་ནི། ལུས་རང་བཞིན་གྱི་ཕྱག་རྒྱ་ཆ་ལུགས་ལྔ་ལྡན། དབང་སྒྱུར་འཁོར་ལོའི་ཕྱག་རྒྱ་གཡས་གཡོན་དུ་སྒྱུར་བ། བསྐྱེད་པ་སྐུ་བསྟོད་ཀྱི་ཕྱག་རྒྱ་རང་རང་གི་བརྡ་ལྟར་བཀྲོལ་ལོ།། གཉིས་པ་ངག་གི་བསྙེན་པ་གསུམ་ནི། རྒྱུ་མ་ནོར་བ་རྩ་བའི་སྔགས། ཐུགས་རིན་པོ་ཆེ་ཙི་ཏའི་དཀྱིལ་དུ་བཟླ་བ། བསྐྱེད་པ་རྐྱེན་གྱི་སྔགས། བརྗོད་མེད་རླུང་གི་རྟ་ལ་བསྐྱོན་ལ་བཟླས། བཟླས་པ་ལས་རིམ་གྱི་སྔགས། རུས་སྦལ་བྱེ་མའི་ནུར་འགྲོས་ལྟར་བཟློས། ཡིད་ཀྱི་བསྙེན་པ་གསུམ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། སྟོང་པ་མཐའ་བྲལ་དུ་སྒོམ། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནི། ཚད་མེད་བཞི་ལྡན་དུ་སྒོམ། རྒྱུའི་ཏིང་ངེ་འཛིན་ནི། ཡིག་འབྲུ་ལས་གཞལ་ཡས་གདན་དང་ལྷ་སྒོམ་པའོ།། ཞེས་གསུངས་པ་ལྟར་ཡིན། སྒྲུབ་ཅེས་པའི་དོན་ནི་སྒྲུབ་པའི་ཡན་ལག་བཅོ་བརྒྱད་ཅེས་པ་དང་མཐུན་པས། ཕྱི་སྐུའི་སྒྲུབ་པ་དྲུག་ནི། བཀོད་པ་མ་འདལ་«མཎྜལ་»ལ་སྒྲུབ་པའོ། །ནང་གསུང་གི་སྒྲུབ་པ་དྲུག་ནི། སྙིང་པོ་སྔགས་སུ་སྒྲུབ་པའོ། །གསང་བ་ཐུགས་ཀྱི་སྒྲུབ་པ་དྲུག་ནི། བྱང་ཆུབ་སེམས་སུ་སྒྲུབ་པའོ། །ཞེས་བོན་སྒོ་གསལ་བྱེད་ལྟར་བཀོད་པའོ།། ཡང་ན་དབལ་མོ་ལས་ཐིག་ལྟར། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །རྣམ་པ་བཞི་རུ་ཤེས་པར་བྱ། །ཞེས་ལས་རིམ་ལ་ལྟོས་པའི་བསྙེན་སྒྲུབ་ཡན་ལག་བཞི་ཡི་ཆིངས་དང་། ལམ་རིམ་ལ་ལྟོས་པའི་བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་ཞེས་འཇོག་པ་ཡིན་ནོ།། ཞི་ཁྲོ་ཕྱག་རྒྱ་ཡིས་ཞེས་པས། འབྲས་བུ་གསང་སྔགས་ཀྱི་ལམ་རིམ་གྱི་རྨང་གཞི་ཏིང་ངེ་འཛིན་རྣམ་པ་གསུམ་ལ་བརྟེན་ནས་གྲུབ་པའི་རང་གི་བསྐྱེད་སྟོབས་ལ་བརྟེན་ནས་ཐོབ་པའི་ཡི་དམ་ལྷ་ཡི་སྐུ་དང་། བསྐྱེད་རིམ་གྱི་ལག་རྗེས་ལ་བརྟེན་ནས་གྲུབ་པའི་སྒྱུ་ལུས་སོགས་ལ་གོ་བ་ཡིན། འཁོར་ལོ་ཤོད་ཁྲན་ས་ལ་ནི། །ཞེས་པས་ཐེག་པ་འདིའི་ལུགས་ཀྱི་ས་ལམ་གྱི་རྣམ་བཞག་བསྟན་པ་ཡིན་ལ། ཡེ་སངས་ཡེ་ལྕམ་འདུལ་གཤེན་གྲུབ། །ཅེས་པས་ལམ་རིམ་དེ་ལ་བརྟེན་ནས་ཐོབ་པའི་ཡེ་སངས་རྒྱས་པའི་སྐུ་ཡི་བཀོད་པ་དང་། གཞན་དོན་འཕྲིན་ལས་མཛད་ཚུལ་བཅས་བསྟན་པ་ཡིན། ཐེག་པ་འདི་ནི་ལྷོ་གཏེར་ལྟར་ན་ཨ་དཀར་བ་དང་། དབུས་གཏེར་ལྟར་ན་དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པའི་ཁོངས་སུ་འདུས་པར་སེམས་སོ།། དེས་ན་ཐེག་པ་འདིའི་གྲུབ་མཐའི་རྣམ་བཞག་འབྱེད་ཚུལ་དང་། ཀུན་རྫོབ་དང་དོན་དམ། ལམ་ལྔ་ས་བཅུ་བགྲོད་ཚུལ། འབྲས་བུ་ལམ་དུ་ཁྱེར་ཚུལ་རྣམས་སྤྱིར་ཨ་དཀར་ཐེག་པའི་ལུགས་ལྟར་འཆད་དགོས་པར་སྣང་ངོ་།། སྤྱིར་ཨ་དཀར་བའི་ཐེག་པ་དང་། དངོས་བསྐྱེད་ཐུགས་རྗེ་རོལ་བའི་ཐེག་པ་གཉིས་ལ་ཁྱད་པ་ཡོད་པར་འདོད་པ་ཡིན།
   དེ་གཉིས་པ་སྣང་རྩེ་ཐེག་པ་ནི། སྐབས་དང་པོའི་རྣམ་བཤད་དང་། བོན་སྒོ་གསལ་བྱེད། ཐེག་རིམ་གསལ་བའི་སྒྲོན་མ་སོགས་མཐུན་པར་གཏེར་འབུམ་གྱི་ལུང་དྲངས་པ་འདི་ལྟར། སྣང་རྩེ་ཐེག་པའི་བོན་རྣམས་སུ། །དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱིས། །རིགས་ལྔ་དབྱིངས་ཀྱི་གནས་སུ་གྲུབ། །ཅེས་པས་བོན་སྒྲ་འཇུག་ཡུལ་གོང་དུ་སྣང་ལྡན་ཐེག་པའི་སྐབས་སུ་བཤད་པ་དང་མཐུན་པ་ཡིན་ལ། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱིས། །ཞེས་པས་ཐེག་པ་འདིའི་ལུགས་ཀྱི་གཙོ་བོ་རྟོགས་པའི་ལྟ་བ་དང་། ལྟ་བ་ཉམས་སུ་ལེན་ཚུལ་ནི་དབུས་གཏེར་ལྟར་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པའི་སྐབས་ནས་ཡབ་སྣང་བ་ཆེན་པོ་དང་། ཡུམ་དབྱིངས་ཕྱུག་ཆེན་མོ། སྲས་གཉིས་མེད་བདེ་བ་ཆེན་པོ་ཞེས་པའི་དོན་དང་མཐུན་པ་ཡིན། རིགས་ལྔ་དབྱིངས་ཀྱི་གནས་སུ་གྲུབ། ཅེས་པས་དོན་ནི། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ལས་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པའི་སྐབས་སུ། དཀྱིལ་འཁོར་ཕྱག་རྒྱ་མ་ལུས་ཀུན། །རྒྱུ་རྐྱེན་མ་ཡིན་རྫོགས་ཚུལ་བསྒོམ། །འབད་རྩོལ་དག་གིས་སྒྲུབ་མི་དགོས། །ཡིན་ལ་ཡིན་པར་ངོ་ཤེས་ན། །མཚོ་ལ་གཟིངས་འགྲོའི་ཚུལ་བཞིན་སྒྲུབ། ཅེས་པའི་དོན་ལ་གནས་པས། དེ་ནི་རིགས་ལྔ་ལས་སོགས་ལྷ་དབྱིངས་ཉི་ཟླ་ཤར་བ་ལྟར་རྫོགས་ཚུལ་གྱིས་སྒོམ་པ་བསྟན་པ་ཡིན། དེས་ན་ཐེག་པ་འདི་ནི་ལྷོ་གཏེར་ལྟར་ཐེག་པ་བརྒྱད་པ་ཡེ་གཤེན་པའི་ཐེག་པ་དང་། དབུས་གཏེར་ལྟར་ན་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་དང་དོན་གཅིག་ཏུ་གནས་པས། ཐེག་པ་འདིའི་ལུགས་ཀྱི་རྟོགས་པའི་ལྟ་བ་དང་། ལམ་རིམ་པ་གཉིས་ཀྱི་ཉམས་ལེན། ལམ་ལྔ་ས་བཅུ་བགྲོད་ཚུལ། སྒྲིབ་གཉིས་སྦྱང་ཚུལ། ཟུང་འཇུག་སྒྱུ་ལུས་སྒྲུབ་ཚུལ་རྣམས་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་བཞིན་འཆད་ན་གཞུང་དོན་དང་མཐུན་པར་སྣང་ངོ་།།
   དེའི་གསུམ་པ་ཡང་རྩེ་ཐེག་པ་ནི། སྐབས་དང་པོའི་རྣམ་བཤད་དང་། བོན་སྒོ་གསལ་བྱེད། ཐེག་རིམ་གསལ་བའི་སྒྲོན་མ་རྣམས་མཐུན་པར་གཏེར་འབུམ་གྱི་ལུང་དྲངས་པ་འདི་ལྟར། ཡང་རྩེ་ཐེག་པའི་བོན་རྣམས་སུ། །ཡེ་ནས་བརྩལ་མེད་ལྷུན་གྱིས་གྲུབ། །ཕུང་པོ་ལྷག་མེད་མངོན་སངས་རྒྱས། །ཞེས་པས་ཡང་རྩེ་ཞེས་པའི་དོན་ནི་ཐེག་པ་རིམ་དགུའི་སྤྱི་ཕུད་དམ་ལྟ་དགོངས་ཀུན་གྱི་བླ་ན་མེད་པའི་དོན་ཡིན་པ་དང་། བོན་རྣམས་ཞེས་པས་བོན་སྒྲ་འཇུག་གཞི་ནི་གོང་དང་མཚུངས་པ་ཡིན། ཡེ་ནས་ཞེས་པས་དོན་ནི་གདོད་མ་ཉིད་ནས་ཞེས་པའམ་གྲུབ་ཙམ་ཉིད་ནས་ཞེས་པའི་དོན་ལ་གོ། བརྩལ་མེད་ཅེས་པས། ཤེས་བྱ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་བོན་ཐམས་ཅད་རང་སྐྱེད་བྱེད་ཀྱི་རྒྱུ་དང་། འགྲུབ་བྱེད་ཀྱི་རྐྱེན་གང་ལ་རག་མ་ལས་པར་གནས་ལུགས་རྫོགས་པ་ཆེན་པོའི་ངང་དུ་རང་ཤར་རང་གྲོལ་གྱི་ཚུལ་དུ་གནས་པས་ནའོ།། ལྷུན་གྱིས་གྲུབ། ཅེས་པས་བོན་ཐམས་ཅད་གདོད་མ་ཉིད་ནས་གཞི་མ་བཅོས་གཤིས་ཀྱི་གནས་ལུགས་སམ། རང་འབྱུང་ཡེ་ཤེས་ཆེན་པོར་རྫོགས་ཤིང་འབྱུང་རུང་མ་འགག་པས་ནའོ། །ཕུང་པོ་ལྷག་མེད་མངོན་སངས་རྒྱས། ཞེས་པས། དེ་ལྟར་བླ་མེད་རྫོགས་པ་ཆེན་པོའི་གཞུང་བཟང་རྣམས་ལས། སེམས་ཉིད་གང་ཡིན་པ་དེ་བོན་ཉིད་དོ།། བོན་ཉིད་གང་ཡིན་པ་དེ་སེམས་ཉིད་དོ།། བོན་སེམས་གཉིས་སུ་མེད་པའི་དོན་དེ་ཉིད་དང་རྒྱུན་དུ་མི་འབྲལ་བར་གནས་ན། བདེ་བ་ཆེན་པོ་ཉིད་དོ།། ཞེས་དང་། མ་བཅོས་པ་ཡི་སེམས་ཉིད་ལ། །མ་ཡེངས་མ་བཅོས་ངང་གནས་གསལ། །རྩོལ་མེད་རྟོག་མེད་ས་ལེ་བ། །བསམ་དཔྱོད་མེད་དེ་རང་བཞིན་བཞག །ཅེས་གསལ་བའི་དོན་དེ་ཉིད་རང་ལ་ལྟོས་ཏེ་བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག་པའི་དྲིན་ཆེན་རྩ་བའི་བླ་མའི་བརྡ་ཐབས་རྟེན་འབྲེལ་ལ་བརྟེན་ནས་ཉམས་མྱོང་རྒྱུད་ལ་སྐྱེས་ཏེ་ངོ་སྤྲོད་ཐེབས་པས་ལྟ་ཐོག་ཏུ་ངེས་པ་རྙེད་པའི་གདེང་དང་། ཐག་ཆོད་ཡིད་ཆེས་པ་ལམ་ཁྲེགས་ཆོད་ཀྱི་ཉམས་ལེན་དང་། ཐབས་ཐོད་རྒལ་གྱི་ཉམས་ལེན་གཉིས་ཟུང་འབྲེལ་གྱི་ཚུལ་དུ་གནས་ལུགས་རིག་པ་རྐྱང་དེད་ཆིག་དྲིལ་དུ་ཉམས་སུ་བླངས་པས། སྣང་བཞི་ཟད་སར་ཕྱིན་ནས་སྒྲིབ་གཉིས་མུན་པའི་ཚོགས་རྣམས་རང་སར་གཞི་ལ་དག་ཅིང་ཚེ་གཅིག་ལུས་གཅིག་ཁོ་ནར་གདོས་བཅས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གཞི་ཡང་མེས་ཆེན་པོ་ཐིག་ལེ་ཉག་གཅིག་ངང་དུ་ཁྲོལ་གྱིས་གྲོལ་ནས་ཟག་མེད་འཇའ་ལུས་འོད་སྐུར་བརྙེས་ནས་མཁྱེན་གཉིས་མངོན་དུ་བྱས་པས་ནའོ།། དེ་ཡང་ཕུང་པོ་ལྷག་མེད་ཅེས་པའི་དོན་ནི་ཉམས་ལེན་སྟོབས་ཀྱིས་གདོས་བཅས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དེངས་བ་ཙམ་ལ་མི་འཇོག་སྟེ། མདོ་ལུགས་ཀྱི་རྡུལ་ལུས་དང་། སྔགས་ལུགས་ཀྱི་སྒྱུ་ལུས་གྲུབ་པ་དང་གདོས་བཅས་ཀྱི་ཕུང་པོ་དེངས་བ་ཡོད་པའི་ཕྱིར་ཏེ། འཕྲུལ་གཤེན་ཐེག་མདོ་ལས། དེའི་དུས་སུ་གནས་དེར་འཚོགས་པའི་སེམས་ཅན་ལ། སྟེང་གི་ལྷ་དང་། འོག་གི་ཀླུ། བར་གྱི་མི་རྣམས་ལ་ཤིན་ཏུ་གྲངས་མང་བ་ཞིག་སྔོན་གྱི་སྒྲིབ་པ་བྱང་བ་དང་། དུས་དེར་སྟོན་པའི་ཞལ་མཐོང་བ་དང་། གསས་ཁང་ཁོལ་མ་ལ་མཆོད་པ་ཕུལ་བས་ཚོགས་ཀྱི་ལྷག་མ་རྫོགས་ནས་ནམ་མཁའ་ལ་གཞའ་ཚོན་གྱི་འོད་དུ་འཕྲོས་ནས་སངས་རྒྱས་ཏེ་སོང་ངོ་།། ཞེས་སོགས་ལུང་ཤིན་ཏུ་མང་ངོ་།། 
   གསུམ་པ་མདོར་བསྡུ་བ་ནི། གོང་དུ་བསྟན་པའི་ཕྱི་ཡི་ཐེག་པ་གསུམ་ནི་རྒྱུ་ཕ་རོལ་ཕྱིན་པའི་ཐེག་པ་ཞེས་སྤོང་ལམ་གཙོ་བོར་བྱེད་པའི་ཐེག་པ་ཡིན་ལ། ནང་གི་ཐེག་པ་གསུམ་ནི་ནང་རྒྱུད་རྒྱུ་ཡི་བོན་གྱི་ཐེག་པ་ཞེས་འཇིག་རྟེན་གྱི་ཕན་བདེ་གཙོ་བོར་སྒྲུབ་བྱེད་ཡིན་པ་དང་། ཕྱི་མ་གསུམ་ནི་འབྲས་བུ་སྔགས་སེམས་ཟུང་འབྲེལ་གྱི་ཐེག་པ་ཞེས་འབྲས་བུ་ལམ་ཁྱེར་དུ་བྱེད་པ་ཡིན་པས་ནའོ།།
   ཞང་ཞུང་ལུགས་ཀྱི་ཐེག་པ་རིམ་དགུ་ནི་བོན་བསྟན་ཕྱི་དར་དབུ་བརྙེས་པ་ནས་བསྟན་པ་འདི་ཉིད་སླར་བོད་གངས་ཅན་ལྗོངས་སུ་གྲགས་ཀྱང་ད་བར་རང་གཞུང་འཁྲུལ་མེད་དུ་སྨྲ་བའི་མཁས་དབང་རྣམས་ཀྱིས་བྱང་གཏེར་སྲིད་པའི་འབུམ་དགུ་ལས་གསལ་བའི་ཐེག་དགུའི་སྐོར་དེ་ཉིད་ལུང་འདྲེན་དང་བསྐྱར་བཟློས་བྱས་པ་ཙམ་ལས་དེའི་སྐོར་ལ་དཔྱད་རྩོམ་དང་འགྲེལ་བཤད། ཐ་ན་ཐེག་པའི་གྲངས་དང་གོ་རིམ་ལ་དཔྱད་པ་བྱས་པ་ཞིག་ད་ལྟ་ང་ཚོས་མཐོང་ཐོས་ཀྱི་ཡུལ་དུ་བསྐལ་བར་གྱུར། བྱང་གཏེར་ལས་གྲགས་པའི་ཐེག་དགུའི་སྐོར་འདི་ནི་ཤིན་ཏུ་ཟབ་ལ་གཏིང་དཔག་དཀའ་བས། ཕྲན་ལྟ་བུས་ཚད་མ་གསུམ་གྱི་དོན་དང་འབྲེལ་ཞིང་རྣམ་དཔྱོད་རིགས་པའི་ལམ་ནས་དགག་བཞག་སྤོང་གསུམ་བྱེད་རྒྱུར་དཀའ་བའི་གནས་སུ་གྱུར། ཡིན་ནའང་ད་ལན་ངས་སོ་ཕག་འཕང་ནས་གཡང་ཏྲི་འདྲེན་ཞེས་པའི་དཔེ་ལྟར་ཞང་ཞུང་ལུགས་ཀྱི་ཐེག་དགུའི་སྐོར་ལ་ཚིག་འགྲེལ་གྱི་ཚུལ་དུ་དཔྱད་པ་ཅུང་ཙམ་བགྱིས་ཁུལ་བྱས་པ་འདི་ནི་རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་ཞལ་ནས། རང་ལ་གསལ་འདེབས་གཞན་ལ་ཕན་ཕྱིར་དུ། །ཞེས་གསུངས་པ་ལྟར་རང་དང་སྐལ་མཉམ་འགའ་ལ་གྲོས་འདེབས་ཀྱི་ཚུལ་དུ་བྲིས་པ་ཡིན་པས་གཡུང་དྲུང་བོན་གྱི་གཞུང་ལུགས་འཁྲུལ་མེད་དུ་སྨྲ་བའི་སྐྱེས་བུ་དག་གིས་ཆགས་སྡང་རྨོངས་གསུམ་གྱིས་དབེན་པའི་ལེགས་སྤེལ་ཉེས་སེལ་གྱི་བཀའ་ཆབ་ལྷུག་སྩོལ་གནང་བར་སྙིང་དབུས་ནས་ཞུ་བཞིན་མཆིས།
སླར་སྨྲས་པ། 
གཤེན་རྒྱལ་ཆེན་པོ་རྫུ་འཕྲུལ་ཞབས་ཀྱིས་བཅགས། །
ས་གནས་བྱིན་རླབས་ལས་ལྡན་བལ་བོན་ལ། །
མཆོད་རྟེན་བཞེངས་བསྐུལ་གཤེན་རྒྱལ་བསྟན་པའི་བོན། །
ཞིང་འདིར་དར་བ་བཅོས་མིན་ལོ་རྒྱུས་ལགས། །
དྲན་པ་ལས་སོགས་གསང་ཆེན་རིག་འཛིན་སྡེས། །
བོན་བསྟན་མཐའ་དར་ཐུགས་སྨོན་རྟེན་འབྲེལ་མཐུས། །
གསང་གསུམ་བསྟན་པའི་སྲོལ་འབྱེད་ཡོངས་འཛིན་རྗེས། །
སླར་ཡང་གཤེན་བསྟན་གདུགས་ཆེན་ཞིང་འདིར་བསྒྲེངས། །
ཞང་ཞུང་སྨར་ལུགས་ཐེག་དགུ་དབྱིག་གི་ནོར། །
སྨྲ་སེང་མཁས་པས་མ་དཔྱད་ཟུར་དུ་བཞག །
ཅོལ་ཆུང་ཚོགས་རྣམས་ཁ་སྒམ་སྒྲུག་ལ་བྲེལ། །
ཚུལ་འདིར་བསམས་ན་གཞུང་དོན་ནམ་ཞིག་མཐོང་། །
བསྟན་བདག་གཤེན་དང་ཟུར་སྡོང་མཉམ་མེད་པས། །
ཞལ་བཞེས་མ་གནང་ཐལ་འགྱུར་རང་རྒྱུད་སེམས། །
རྣམ་བཞག་མང་ཕྱེས་གད་རྒྱངས་སྒྲོགས་མོད་ཀྱང་། །
རྒྱལ་གཤེན་བསྟན་པའི་གསལ་བྱེད་འགྱུར་རམ་དཔྱད། །
ཚུལ་འདི་ཟས་ནོར་སྙན་གྲགས་ཆེད་དུ་མིན། །
བསྟན་ལ་ལྷག་བསམ་དཀར་བའི་སྐྱ་རེངས་ཀྱིས། །
ཉེར་དྲངས་ཡང་ཟབ་གཞུང་དོན་རྟ་བདུན་དབང་། །
བསྲེས་ལྷད་ཆུ་འཛིན་ཕག་ནས་མངོན་ཕྱིར་བྲིས།
 ཞེས་པ་འདི་ནི་ 7སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་ནག་རུ་དགེ་བཤེས་དགེ་ལེགས་སྦྱིན་པས་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་2012.10.22 ཉིན་རྫོགས་པར་བྲིས།། ཐ་ཚན་མུ་ཙུག་སྨྲར་རོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1