རིག་གནས་མིའི་རིགས་པའི་ཕྱོགས་ནས་བོད་གདོད་མར་ལྷ་ཀླུ་གཉན་བཙན་ གྱི་དད་མོས་བྱུང་བའི་རྒྱུ་རྐྱེན་ལ་རགས་ཙམ་དཔྱད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18


ནང་དོན་གནད་བསྡུས། 
མིའི་རིགས་སྤྱིའི་ཆ་ནས་གདོད་མའི་དད་མོས་དང་ཆོས་ལུགས་ཀྱི་བྱུང་ཚུལ་རགས་ཙམ་གླེང་ནས་ནང་གསེས་སུ་མདོ་དབུས་མཐོ་སྒང་གི་བོད་རིགས་མི་དམངས་ཀྱི་གདོད་མའི་ལྷ་ཀླུ་གཉན་བཙན་སོགས་ལྷ་མང་གི་དད་མོས་བྱུང་བའི་རྒྱུ་རྐྱེན་སྐོར་ལ་རིག་གནས་མིའི་རིགས་པའི་གཞུང་ལུགས་གཞིར་བཟུང་སྟེ་ཕྱོགས་གསུམ་ནས་རགས་ཙམ་དཔྱད་པ་དང་དེ་ནི་རྨོངས་དད་ཙམ་ཞིག་མ་ཡིན་པར་སྐབས་དེའི་སྤྱི་ཚོགས་ཀྱི་ཐོན་དངོས་ཡིན་པ་ར་སྤྲོད་བྱས་ཡོད། 
འགྲོ་བ་མིའི་རིགས་སྤྱིའི་ཆ་ནས་གླེང་ན། རིག་གནས་མིའི་རིགས་པ་དང་གནའ་རྫས་བརྟག་ཞིབ་པས། རྡོ་ཆས་རྙིང་མའི་དུས་དཀྱིལ་ཡར་སྔོན་ལོ་ངོ་ཁྲི་ཕྲག་རིང་གི་མིའི་རིགས་ཀྱི་འཕེལ་འགྱུར་ཁྲོད་དུ་ཆོས་ལུགས་དང་འབྲེལ་བའི་ཆོ་ག་ཅི་ཡང་མ་བྱུང་། རྡོ་ཆས་རྙིང་མའི་དུས་མཇུག་ནས་ཆོས་ལུགས་ཀྱི་ཆོ་གའི་རྣམ་པ་རེ་བྱུང་། ཕལ་ཆེར་ལོ་ཁྲི10ཡི་ཡར་སྔོན་དུ། འཁྱགས་རོམ་དུས་རིམ་མཐའ་མའི་དུས་ནས་བཟུང་། རང་བྱུང་ཁོར་ཡུག་ལ་འགྱུར་བ་ཆེན་པོ་བྱུང་བ་དང་མིའི་རིགས་ཀྱི་འཕེལ་འགྱུར་གྱི་གོ་རིམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས་གདོད་མའི་ཆོས་ལུགས་ཀྱི་མྱུ་གུ་འབུས་འགོ་བརྩམས། 
   གདོད་མའི་མི་རྣམས་ནི་མིའི་རིགས་འཕེལ་རྒྱས་འགྲོ་བའི་དུས་རིམ་ནང་དུ་བྱིས་བློའི་དུས་སུ་གནས་ཡོད་པས་བསམ་བློའི་འདུ་ཤེས་ཀྱང་རྨོངས་པ་ལས་གྲོལ་མེད། དེའི་ཕྱིར་རང་བྱུང་ཁམས་ཆེན་མོའི་འགྱུར་ལྡོག་དང་སྣང་ཚུལ་སྣ་ཚོགས་ལ་རྒྱུས་ལོན་ཕྲ་ཞིང་། སྤྱི་ཚོགས་འཚོ་བའི་སྣང་ཚུལ་ལའང་གོ་བ་ཟབ་མོ་དེ་འདྲ་མེད་པ། ཐོན་སྐྱེད་ཡོ་བྱད་ཐབས་རྡུག་ཡིན་པས་ཐོན་སྐྱེད་ཆུ་ཚད་ཀྱང་ཧ་ཅང་དམའ་བ་རེད། ཕྱི་རོལ་ཡུལ་གྱི་ངོས་ཟིན་ནུས་པ་དང་བརྡར་ཤ་གཅོད་པའི་ནུས་པའང་ཧ་ཅང་ཞན་པས་ད་དུང་བྱིས་བློའི་སྐབས་སུ་ལུས་འདུག། གནམ་ས་རི་གཞོང་གི་ཆགས་ཚུལ་དང་རླུང་ཆར་གློག་སོགས་ཀྱི་བྱུང་བ། འདབ་ཆགས་རི་དྭགས་འབའ་འབུ་ཉ་རིགས་སོགས་ཀྱི་བྱུང་ཚུལ། ཉི་ཟླ་སྐར་གསུམ་སོགས་ཀྱི་འཆར་ནུབ། དཔྱིད་དབྱར་སྟོན་དགུན་ཏེ་དུས་བཞིའི་འགྱུར་བ། ཆུ་མེ་ཐན་པ་སོགས་ཀྱི་གནོད་འཚེ། མིའི་རིགས་ཀྱི་སྐྱེས་རྒ་ན་འཆི་སོགས་ཏེ་རང་བྱུང་ཁམས་ཀྱི་སྣང་ཚུལ་འདི་དག་གསང་བར་མངོན་ཞིང་ངོ་མཚར་བསྐྱེད་པ་དང་། གོ་བ་མ་ལོན་པར་འཇིགས་སྐྲག་བསྐྱེད་པས་དེ་ཤེས་འདོད་ཀྱི་བློ་སྐྱེས་ནའང་སྣང་ཚུལ་དེ་དག་ལ་ཚན་རིག་གིས་འགྲེལ་བཤད་བྱེད་མི་ཐུབ་པར་དེ་ཚང་མ་རང་བྱུང་གི་མཐུ་ལས་བརྒལ་བའི་ནུས་ཤུགས་ཏེ་ལྷས་ཁ་ལོ་བསྒྱུར་བར་བསམས་པས་ཁོ་ཚོས་ངོས་ཟིན་དང་འགྲེལ་བ་ཡང་དག་ཏུ་འཛིན་ཞིང་། རང་རང་གི་གོ་བ་ལོན་ཚད་ལྟར་ལྷ་སྣ་ཚོགས་རྟོག་བཟོ་བྱས་པ་ཡིན་པས་ལྟ་བ་འདི་ནི་དེང་གསང་མཁས་པ་གང་མང་ཞིག་གིས་གདོད་མའི་ཆོས་ལུགས་དད་མོས་བྱུང་ཚུལ་གྱི་བཞེད་དགོངས་ཡིན། 
       དེ་ལྟར་སྒང་བ་བོད་ཀྱི་མིའི་རིགས་ཡང་མིའི་རིགས་སྤྱི་དང་འདྲ་བར་དུས་ཡུན་རིང་བའི་གདོད་མའི་སྤྱི་ཚོགས་ཀྱི་འཕེལ་རིམ་དེ་དག་བརྒྱུད་མྱོང་བ་རེད། ལོ་རྒྱུས་ཀྱི་དུས་སྐབས་ཤིན་ཏུ་རིང་པོ་དེའི་ནང་དུ། རང་རེའི་མེས་པོ་རྣམས་ཀྱིས་རྩི་ཏོག་དང་ཤིང་ཏོག་ལ་སོགས་པའི་མ་རྨོས་པའི་ལོ་ཏོག་ཟས་སུ་ཟ་བ་དང་། གོས་སུ་ཤིང་ལོ་དང་རི་དྭགས་པགས་པ་སོགས་གྱོན་པས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ཧ་ཅང་དམའ་བར་མ་ཟད། རང་བྱུང་ཁམས་ཆེན་པོའི་འགྱུར་ལྡོག་གི་སྣང་ཚུལ་དེ་དག་གི་ཧ་མ་གོ་བར། འཇིགས་སྣང་དང་བཅས་པའི་དད་པ་སྐྱེས་པར་བརྟེན། ལྷ་ཀླུ་གཉན་བཙན་གྱི་རིགས་འཕྲོ་རིམ་འཕྲོར་ཐོན་པ་དང་། ལྷ་དེ་དག་ལ་གསོལ་བ་འདེབས་པ་དང་མཆོད་བསྟོད་བྱས་ནས། དེ་དག་གིས་རང་ཉིད་ལ་རོགས་རམ་དང་སྲུང་སྐྱོབ་བྱེད་པའི་སྨོན་འདུན་དང་ཡིད་ཆེས་སྐྱེས་པར་བརྟེན། གདོད་མའི་རྨོངས་དད་ཀྱི་ཆོས་ལུགས་བྱུང་བ་རེད། 
གཤམ་དུ་རིག་གནས་མིའི་རིགས་པའི་ལྟ་བ་གཞིར་བཟུང་ནས་བོད་མི་རིགས་ཀྱི་ལྷ་ཀླུ་གཉན་བཙན་སོགས་ལྷ་མང་གི་དད་པ་བྱུང་བའི་རྒྱུ་རྐྱེན་རགས་ཙམ་གླེང་བ། 
དང་པོ། ས་ཁམས་ཁོར་ཡུག་གི་ཤུགས་རྐྱེན་གྱིས་རང་བྱུང་ཁམས་ཀྱི་ལྷ་རྣམས་བྱུང་བ། 
གནའ་ནས་ད་ལྟའི་བར་དུ་བོད་མི་རིགས་ནི་འཛམ་གླིང་གི་ཡང་རྩེ་ཡང་ན་སའི་གོ་ལའི་སྣེ་གསུམ་པར་འབོད་པའི་མཚོ་བོད་མཐོ་སྒང་དུ་འཚོ་ཞིང་མི་རབས་ནས་མི་རབས་སུ་དེ་རུ་གཞི་ཆགས་ནས་ཡུལ་དེའི་བདག་པོར་གྱུར་ཡོད། བོད་ཡུལ་གྱི་ས་བབ་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་མཐོ་ལ་རི་མང་བ། དེ་ལས་ཀྱང་མང་ཆེ་བ་གངས་རི་ཡིན་པས། གངས་ལས་འབབ་པའི་ཆུ་བོ་ནི་དེ་བས་ཀྱང་མང་། 
    དུས་རབས་གསུམ་པའི་དུས་མཇུག་ནས་ཧི་མ་ལ་ཡའི་གཡོ་འགུལ་གྱིས་བྲག་རིའི་རི་རྒྱུད་དང་རི་མ་ཐང་མང་པོ་ཆགས། ཧི་མ་ལའི་རི་རྒྱུད་དུ་སྨིད་7000ལས་མཐོ་བའི་རི་ཆེན་
50ལྷག་ཡོད། སྨིད་8000ལས་བགལ་བའི་རི་ཆེན་11ལྷག་ཡོད། དེ་ལས་ཀྱང་རི་རབ་ཀྱི་རྒྱལ་བོ་གངས་ཏི་སི་ནི་འཛམ་པོའི་གླིང་གི་ལྷ་རི་གྲགས་ཆེན་ཡིན་ཏེ། སངས་རྒྱས་ཆོས་ལུགས་དང་ཧིན་རྡུ་ཆོས་ལུགས། གཡུང་དྲུང་བོན་སོགས་ཀྱི་དད་ཡུལ་གྱི་ལྷ་རི་གཙོ་བོ་ཡིན། ད་རུང་གཉན་ཆེན་ཐང་ལྷ་དང་ཁུ་ནུ་རི་བོ། ཆི་ལིན་རི་བོ། གོང་དཀར་རི། འཕྲེད་བཅད་རི་རྒྱུད་སོགས་ནི་བོད་ཡུལ་དུ་གནས་པ་མ་ཟད། གངས་རི་མང་བ་དང་དེ་བསྟུན་གྱིས་ཆུ་བོའང་མང་བ་སྟེ། ལྷ་མཚོ་མ་ཕམ་གཡུ་མཚོ་དང་འཛམ་གླིང་གི་མཚོ་ངོས་ལས་ཆེས་མཐོ་བའི་ཡར་ཀླུང་གཙང་པོ། རྫ་ཆུ། འབྲི་ཆུ། རྒྱལ་མོའི་རྔུལ་ཆུ། རྨ་ཆུ་སོགས་ཆུ་ཆེན་གང་མང་ཞིག་གི་འབྱུང་ཁུངས་བོད་ཡུལ་ཡིན་ལ། དེ་དག་གི་ཆུ་ལག་ལས་བོད་ཡུལ་དུ་གྲུབ་པའི་མཚོ་དང་མཚེའུ་གྲངས་གིས་མི་ལང་ལ་ཆུ་ཕྲན་དང་གཙང་བོ་ཡང་རྩི་ཐབས་བྲལ། 
ཧྥེ་སི་ཡིས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་གླེང་སྐབས། ཁོར་ཡུག་གིས་མིའི་རིགས་ཀྱི་རིག་གནས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་ཕྱོགས་བཞི་སྟེ། 
དང་པོ། ཁོར་ཡུག་གིས་མིའི་རིགས་ཀྱི་འཚོ་བར་བཀག་སྡོམ་ཆེན་པོ་བཟོ་ཐུབ་པ་སྟེ། མི་རྣམས་ཁོར་ཡུག་ཧ་ཅང་ཐབས་རྡུག་གི་ཁྲོད་དུ་འཚོ་གནས་བྱེད་ཐུབ་རུང་། རིག་གནས་ཆགས་རྒྱུ་ཧ་ཅང་བཀའ་མོ་ཡིན། 
གཉིས་པ། ཁོར་ཡུག་གང་འདྲ་ཞིག་ཡིན་ཡང་ཚད་ངེས་ཅན་ཞིག་ནས་དེ་རུ་འཚོ་གནས་བྱེད་པའི་མི་རྣམས་ལ་དངོས་པོའི་འཚོ་གནས་བྱེད་སྟངས་ཤིག་བཙན་གྱིས་གོམས་ལོབས་སུ་འགྲོ་བར་བྱེད། 
གསུམ། ཁོར་ཡུག་གིས་ཕྱོགས་གཅིག་ནས་མི་རྣམས་ཀྱི་ལས་འགུལ་ལ་ཚད་བཀག་བྱེད་པ་དང་ཕྱོགས་གཞན་ཞིག་ནས་གནས་བབ་དང་བསྟུན་ནས་ཁོར་ཡུག་གི་ཁྱད་ཆོས་ལྡན་པའི་རིག་གནས་ཁྱད་པར་བ་ཞིག་ཆགས་ངེས། 
བཞི་བ། ཁོར་ཡུག་གིས་མིའི་རིགས་ཀྱི་འཚོ་ཕྱོགས་གང་ནས་ཡིན་ཡང་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ། ཞིང་ཁུལ་དང་འབྲོག་ཁུལ་དུ་ཆར་ཆུ་འདྲེན་པའི་ཆོ་ག་ནི་མེད་དུ་མི་རུང་བ་ཞིག་ཡིན།   ཞེས་པ་ལྟར་འཚོ་གནས་བྱེད་སའི་ས་ཁམས་ཁོར་ཡུག་གིས་དེ་གར་འཚོ་བའི་མིའི་བསམ་བློ་དང་འགྲོ་འདུག་སྤྱོད་གསུམ། དེ་ལས་བྱུང་བའི་རིག་གནས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་སྟེ། དཔེར་ན་འཛམ་གླིང་གི་རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་གཉིས་སྟེ་ཀེ་རི་སིའི་རིག་གནས་ཀྱི་འབྱུང་ཁུངས་ནི་རྒྱ་མཚོ་དང་། ཧིན་རྡུའི་རིག་གནས་ཀྱི་འབྱུང་ཁུངས་ནི་ནགས་ཚལ་ཡིན་པ་ལྟ་བུ། དེ་བཞིན་དུ་གདོད་མའི་བོད་པ་ཚོས་ཀྱང་གངས་རི་དང་བྲག་རི་སྤང་རི་དེ་དག་བརྗིད་ཉམས་ལྡན་པ་ལ་ཡིད་སྨོན་དང་དེ་ལས་བྱུང་བའི་གངས་སྙིལ་བ་དང་བྲག་རི་ཞིག་པ། སྤང་རི་རྡིབ་པ་སོགས་ཀྱིས་བཟོས་པའི་གནོད་འཚེ་ནི་འཇིགས་ཡེར་ལ་ཁོ་ཚོས་བློ་ཚོད་ཀྱིས་དཔག་མི་ཐུབ་པས་དེ་དག་ལ་འཇིགས་སྐྲག་སྐྱེས་པ་དང་། ཆུ་དང་ཆར་གྱིས་བྱུང་བའི་གནོད་འཚེ་ཡང་དེ་བཞིན་ཧ་ལས་པ། འོན་ཀྱང་ཁོ་ཚོའི་འཚོ་བའི་ཐོན་ཁུངས་ནི་ཁོར་ཡུག་འདི་དག་དང་བྲལ་བ་མེད་པས། འཇིགས་ཡེར་བ་ཡིན་རུང་འབྲེལ་འདྲིས་མི་བྱེད་ཀ་མེད་ཡིན་པས་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་གོང་དུ་བཀུར་བ་དང་ཞོར་དུ་དེ་དག་ལས་རང་ཉིད་ལ་མཁོ་བའི་དངོས་པོ་ལེན་པའི་སེམས་ཁམས་དང་སྤྱོད་པ་ཞིག་ངང་ངམ་ཤུགས་ཀྱིས་ཆགས། 凡是经过高山雪岭,悬崖绝壁和原始森林,人们都不敢高声喧哗,大吵大闹。否则就会召来狂风乱卷、雷电交加,甚至会大雨倾盆。若是在冬天,就会风雪迷漫,雪崩岩塌་ ཉེ་རབས་ཀྱི་དབྱིན་ཇིའི་ལོ་རྒྱུས་རིག་པ་བ་ཐང་ཡཱིན་པུ་དང་འཇར་མན་གྱི་ལོ་རྒྱུས་ཚན་ཉིད་རིག་པ་བ་ཧེ་གུ་ཨུར་རྣམ་པ་གཉིས་ཀྱིས་ས་ཁམས་ཁོར་ཡུག་གིས་མིའི་རིགས་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཤུགས་རྐྱེན་ཐེབས་པ་གླེང་སྐབས་འདི་ལྟར་གསུངས། ་ས་ཁམས་དང་གནམ་གཤིས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱུས། རིག་གནས་ཆགས་པའི་དངོས་པོའི་རྨང་གཞི་ཡིན། ས་ཁམས་དང་གནམ་གཤིས་ཁོར་ཡུག་མི་འདྲ་བས་རིག་གནས་རྣམ་པ་སྣ་ཚོགས་གྲུབ་པ་དང་འཕེལ་རྒྱུས་འགྲོ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས། མིའི་རིགས་ཀྱིས་ས་ཁམས་ཁོར་ཡུག་བེད་སྤྱོད་བྱེད་པའི་འདོད་པ་ལ་མཛད་མཐའ་མེད་པས། ས་གནས་མི་མཐུན་པ་དང་དུས་སྐབས་མི་མཐུན་པའི་ནང་དུ་ས་ཁམས་ཁོར་ཡུག་གི་བེད་སྤྱོད་བྱེད་ཚད་དང་བེད་སྤྱོད་བྱེད་སྟངས་གཅིག་འདྲ་མིན། དེ་བས་ས་ཁམས་ཁོར་ཡུག་ཕལ་ཆེར་འདྲ་བའི་ཁྲོད་དུ་ལས་འགུལ་གྱི་མཇུག་འབྲས་ཡང་མི་འདྲ་བ་གྲུབ། དེ་བས་རིག་གནས་ཀྱང་རྣམ་པ་མི་འདྲ་མང་པོ་ཆགས། ་  བོད་གདོད་མའི་སྐབས་སུ་བྱུང་བའི་དད་མོས་ནི་རང་བྱུང་ཁམས་ཀྱི་སྣང་ཚུལ་རྐྱང་རྐྱང་དང་ཡང་ན་ས་ཆུ་མེ་རླུང་གི་ནུས་པ་ལས་བཟོས་པའི་རང་བྱུང་གི་གནོད་འཚེ་དང་འགྱུར་བ་དག་ལ་སྐྱེས་པའི་དད་མོས་ཡིན་པས་དེའི་སྐབས་སུ་གཙོ་བོ་ས་ལ་འབྲེལ་བའི་ཡུལ་ལྷ་དང་སྐྱེས་ལྷ། ས་བདག། ཆུ་དང་འབྲེལ་བའི་ཀླུ་སོགས། རི་དྭགས་དང་འབྲེལ་བའི་གཉན་དང་བཙན་སོགས། ཉི་ཟླ་སྐར་གསུམ་སོགས་དང་འབྲེལ་བའི་གདོད་མའི་ཆོས་ལུགས་ཀྱི་དད་མོས་ཡིན། 
དེ་ཡང་གོང་གི་མཁས་པ་དག་གིས་གསུང་ལས་ང་ཚོས་ར་སྤྲོད་བྱེད་ཐུབ་པ་ནི་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་འདུ་ཤེས་ནི་ཕྱི་རོལ་ཡུལ་གྱིས་དངོས་པོའི་སྣང་ཚུལ་ཕྱིར་མངོན་པ་ཡིན་ཞེས་པ་ལྟར་གདོད་མའི་བོད་པ་ཚོས་དད་པ་ནི་མཐོ་སྒང་གི་ས་ཁམས་ཁོར་ཡུག་གི་འགྱུར་བ་སྣ་ཚོགས་དེང་གི་ཚན་རིག་ལྟར་རེ་རེ་བཞིན་བརྡར་ཤ་ཡང་དག་གཅོད་མ་ཐུབ་རུང་འཚོ་གནས་བྱེད་པའི་ཁོར་ཡུག་གི་འགྱུར་བ་ངོ་མཚར་དེ་དག་རེ་རེ་བཞིན་བསམ་པའི་འཆར་སྒོར་བརྟེན་ནས་ཕྱིར་མངོན་པ་ལས་མ་འདས། 
གཉིས་པ། མི་གཤིས་ཅན་འགྱུར་བའི་ལྷ་སྣ་ཚོགས་བྱུང་བ། 
མིའི་རིགས་ཀྱི་ཤེས་སྒོ་ཅུང་ཟད་འབྱེད་པ་དང་བསྟུན་ནས་ཁོ་ཚོས་ཕོ་མོའི་གོ་གནས་དང་ཐོབ་ཐང་། མི་དང་མིའི་དབར་གྱི་གཤིས་ཀའི་འཇམ་རྩུབ་དང་དགའ་སྐྱོ་ཆགས་སྡང་གི་མཚོན་ཚུལ་ཡང་མི་འདྲ་བ་རྟོགས་པ་དང་། དེ་དག་གི་ཁྱད་པར་གཞིར་བཟུང་ནས་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ལ་དད་པའི་བོད་ཀྱི་གདོད་མའི་ཆོས་ལུགས་སྟེང་དུ་སྤྱི་ཚོགས་ཀྱི་དགོས་མཁོ་དང་མི་རྣམས་ཀྱི་བསམ་པའི་འཁྱེར་སོ་ལྟར་ལྷ་འདྲེ་གང་མང་ཞིག་བྱུང་། ལྷ་འདྲེ་དེ་དག་ལ་རང་རང་གི་ཁམས་དང་བྱེད་ནུས། ཁྱད་ཆོས་སོགས་ལྡན་ལ་དེ་བསྟུན་གྱིས་རང་རང་ལ་ལས་གནས་རེ་ཡོད། བོད་གདོད་མའི་མི་རྣམས་ཀྱང་བསམ་བློའི་འཕེལ་རིམ་ཡང་དེ་ལས་མ་འདས་པར་ཁོ་ཚོས་རང་ཉིད་ཀྱི་བློ་ངོས་ཤོང་ཚོད་ཀྱིས་ལྷ་དང་ལྷ་མོ། ཀླུ་དང་ཀླུ་མོ། འདྲེ་དང་འདྲེ་མོ་སོགས་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་ལྷ་ཀླུ་གཉན་བཙན་གང་མང་ཞིག་སྔར་གྱི་རང་བྱུང་ཁམས་ཀྱི་ལྷ་འདྲེ་རྣམས་ཀྱི་རྨང་གཞིའི་ཐོག་ཏུ་བཟོས། ལྷ་ཀླུ་གཉན་བཙན་དེ་དག་ལ་མི་གཤིས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཤན་ཆེན་པོ་ཤུགས་ཡོད་དེ། དཔེར་ན། ཞི་བའི་ལྷ་དང་དྲག་པོའི། དགའ་བའི་ལྷ་དང་ཁྲོ་བོའི་ལྷ་སོགས་དང་། དཔེར་ན་ཆུ་མགོར་གནས་པའི་ཀླུ་དང་ཀླུ་མོ་ལ་སོགས་ཀྱིས་མི་རྣམས་ལ་རང་དགར་གྱི་གནོད་མི་སྐྱེལ་མོད། འོན་ཀྱང་མི་རྣམས་ཀྱི་ཆུ་ནང་དུ་མི་གཙང་བ་བྱེད་ཚེ་དེ་དག་གིས་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་བཞིན་མི་རྣམས་ལ་གནོད་འཚེ་སྐྱེལ་ངེས་ཡིན་པ་སོགས་ལྷ་ཀླུ་ཐམས་ཅད་བྱམས་དང་སྙིང་རྗེ་ཁོ་ན་ལྡན་པ་མ་ཡིན་པར་དེ་དག་ཡང་སྤྱིར་བཏང་གི་མི་དང་འདྲ་བ་དགའ་སྐྱོ་ཆགས་སྡང་གི་ཁྱད་ཆོས་ལྡན་པ། 
དེ་ཡང་རིག་གནས་མིའི་རིག་པའི་མཁས་པ་གྲགས་ཅན་ཧྥེ་ཨུར་པཱ་ཧ་ཡིསཆོས་ལུགས་ཀྱི་ངོ་བོ་ནི་མི་ཡི་ངོ་བོ་ཡིན། ཆོས་ལུགས་ཀྱི་ནུས་ཤུགས་ནི་མི་ཡི་ནུས་ཤུགས་ཡིན།   ཆོས་ལུགས་ཀྱི་དབང་ཐང་དང་འཛེམ་བྱའི་དབང་གྲགས་ཡང་མིའི་དབང་གྲགས་ཡིན།  ཞེས་པ་ལྟར་རང་བྱུང་ཁམས་ཀྱི་འཇིགས་པ་དང་བློ་ཡིད་ལས་འདས་པའི་འགྱུར་ལྡོག་དེ་དག་གི་བྱེད་པོ་མཐོང་རྒྱུ་མེད་ལ་རེག་རྒྱུ་ཡང་མེད་པས་མི་རྣམས་ཀྱིས་རང་ཉིད་ཀྱིས་མཐོང་ཐོས་སུ་གྱུར་བའི་མི་རང་ཉིད་དང་ཡང་ན་སྲོག་ཆགས་ཡ་མཚན་དག་གིས་རྣམ་པ་དད་མོས་བྱ་ཡུལ་གྱི་ལྷ་ཀླུ་གཉན་བཙན་དག་ལ་སྦྱར་བ། དཔེར་ན་བོན་གྱི་དད་མོས་བྱ་ཡུལ་གྱི་ཁྱུང་ལྟ་བུ་ལ་མཚོན་ན་བྱ་འཇིགས་སུ་རུང་བ་ཞིག་ཡིན་རུང་ཉམས་དང་འགྱུར་སོགས་གང་ཅིའི་ཐད་ནས་ཀྱང་མིའི་བཟོ་ལྟ་ལྟར་ཡིན་པ་ཚང་མའི་མཐོང་བ་ལྟར། ཡང་དཔེར་ན་མི་རིགས་མི་གཅིག་པ་དང་རིག་གནས་ཀྱི་ཁོར་ཡུག་མི་འདྲ་བས་མཛེས་དཔྱོད་ཀྱི་ལྟ་བ་ཡང་མི་འདྲ་བ་སྟེ་བོད་ཡུལ་དུ་སྤྱན་རིས་གཟིགས་ནི་ཕོ་ལྷ་ཞིག་ཡིན་ལ་རྒྱ་ཡུལ་དུ་སྤྱན་རིས་གཟིགས་ནི་མོ་ལྷ་ཞིག་ཡིན། འཛམ་གླིང་ཧྲིལ་བོར་སྤྱན་རིས་གཅིག་མ་གཏོགས་མེད་རུང་མི་རིགས་ཤིག་གིས་མཛེས་དཔྱོད་ཀྱི་ལྟ་བ་ལྟར་སྤྱན་རིས་གཟིགས་གཅིག་པུ་ལ་ཕོ་ལྷ་དང་མོ་ལྷ་གཉིས་སུ་གྱུར། 
ཨ་མི་རི་ཁའི་དེང་རབས་ཀྱི་ཆོས་ལུགས་རིག་པའི་མཁས་པ་གྲགས་ཅན་ཡུའེ་ཧན•J•ཀུའུ་ཏེ་ཡིས<<གདོད་མའི་ཆོས་ལུགས>>ཞེས་པའི་ནང་དུ་ལྷའི་ངོ་བོ་དང་དེའི་དོན་སྙིང་སྐོར་གླེང་སྐབས་ཧྥེ་ཨུར་པཱ་ཧའི་ལྟ་བ་དང་ཅུང་འདྲ་བ་སྟེ།  ལྷ་ནི་རང་བྱུང་ཁམས་ལས་འདས་པའི་དངོས་པོ་ཞིག་སྟེ། མི་ལྟར་བེམ་པོ་ལ་བརྟེན་མི་དགོས་རུང་། དེའི་རིན་ཐང་གི་ལྟ་བ་དང་བསམ་པའི་ཁྱེར་སོ། ཚོར་བ། བསམ་བློ་གཏོང་སྟངས་སོགས་ལ་མིའི་རང་བཞིན་དང་སྤྱི་ཚོགས་ཀྱི་རང་བཞིན་ལྡན་ཡོད། དེ་ཡང་སྤྱི་ཚོགས་ཀྱི་ཚོགས་མི་རྣམས་དང་མཚུངས་བའི་མིའི་གཤིས་ལྡན་ཡོད། དེའི་གཞི་འཛིན་ས་ནི།  
1.ལྷས་ནམ་ཡིན་ཡང་མིའི་བྱ་སྤྱོད་ལ་ཉམས་བཞག་འདུག 
2.མདོར་བསྡུས་ན། ལྷས་མི་རྣམས་ཀྱི་རེ་བ་སྐོང་བཞིན་ཡོད། རེ་བ་འདི་ནི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འབྲེལ་བ་ཟབ་མོ་ཡོད།  
3.མི་རྣམས་ཀྱི་ཡིད་འཇོག་དང་བརྩི་བཀུར་བྱེད་པ་ལ་ལྷ་དགའ་བ་དང་། དེ་ལས་ལྡོག་ན་དེ་ཁྲོ་བ། 
4.ལྷས་དུས་རྒྱུན་དུ་མི་ཆོས་དང་འགལ་བའི་མི་རྣམས་ཀྱི་སྤྱོད་པ་ལ་ཆད་པ་རྒྱག་བཞིན་ཡོད།  
5.ལྷ་ནི་དུས་རྟག་ཏུ་བྱམས་དང་སྙིང་རྗེ་ཅན་ཞིག་མིན་པར་ཁོ་ཚོའི་དགའ་སྐྱོ་ཡང་མི་རྟག་པར་སྐབས་སྐབས་རེར་དབང་ཆ་གང་འདོད་དུ་བཀོལ་ནས་ནོད་པ་བཟོ་བ། 
6.ལྷ་དང་མིའི་འབྲེལ་བ་ཡང་ན་ལྷ་ཕན་ཚུན་བར་གྱི་འབྲེལ་བ་ལ་སྤྱི་ཚོགས་ཀྱི་ཁྱད་ཆོས་ལྡན་ལ། འབྲེལ་བ་འདིའི་ནང་དུ་ཕན་ཚུན་བར་གྱི་འབྲེལ་འདྲིས་དང་དམ་བཅའ། གསང་བརྡ། ཁས་ལེན། ཐ་ན་ཕན་ཚུན་ལ་འཇིགས་སྐུལ་སོགས་ཀྱི་གནས་ཚུལ་ཡང་འདུས་ཡོད། ་ 
གོང་གི་མཁས་པ་དེ་གཉིས་ཀྱི་དགོངས་དོན་ལྟར་ན་མི་རིགས་གང་ཞིག་གི་ཆོས་ལུགས་ཡིན་ཡང་ཆོག། ཆོས་ལུགས་ཀྱི་མ་ལག་དེའི་ནང་གི་ལྷ་ཀླུ་གཉན་བཙན་སོགས་རྣམ་པ་སྣ་ཚོགས་ལ་མི་གཤིས་ཀྱི་དགའ་སྐྱོ་ཆགས་སྡང་གིས་ཤན་མ་ཤུགས་པ་གཅིག་ཀྱང་མེད་ལ། ཐ་ན་ལྷ་ཀླུ་གཉན་བཙན་དེ་དག་གི་གཟུགས་དང་ཆ་བྱད་ཡང་མི་རང་སྟེང་གི་གཟུགས་བརྙན་ལས་མ་འདས། དཔེར་ན་恩格斯在谈到按照野蛮人方式信教的印度安人时指出:他们已经给自己的宗教观念—各种精灵—赋予人的形象,但是他们还处在野蛮时代低级阶段,所以还不知道具体的造像,即所谓的偶像。这是一种正向多神教的发展的对大自然和自然力的崇拜 
གསུམ་པ། དཔལ་འབྱོར་དང་ཆབ་སྲིད་ཀྱི་དགོས་མཁོ་ལས་ལྷ་ལ་མཐོན་དམན་བྱུང་བ། 
རང་བྱུང་ཁམས་ཀྱི་སྣང་ཚུལ་དང་འགྱུར་ལྡོག་སྣ་ཚོགས་ཀྱི་ཁྲོད་དུ་མིའི་རིགས་ཀྱི་བསམ་བློ་ཡང་རྨོངས་མུན་ནས་གྲོལ་བཞིན་ཤེས་རིག་གི་མྱུ་གུ་སྔར་ལས་འབུས་པས། ཐོན་སྐྱེད་ནུས་ཤུགས་ཡང་སྔར་ལས་འཕེལ་རྒྱས་སོང་། ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་སྤྱི་ཚོགས་ཀྱི་དཔལ་འབྱོར་ནི་འཚོ་བའི་ཕྱོགས་སོ་སོའི་གནས་པ་དང་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན་པས། ཐོན་སྐྱེད་ནུས་ཤུགས་ཇེ་ལེགས་སུ་སོང་བ་དེས་ཐོན་སྐྱེད་འབྲེལ་བ་དང་འབྲེལ་བ་གཞན་དག་གི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་སོང་བ་དང་བསྟུན་ནས་ཡོངས་འབབ་ཀྱི་བགོ་བྱ་ཡང་མངོན་གསལ་དུ་གྱུར་ནས་རིགས་རྒྱུད་རེ་རེ་བཞིན་བགར་བ་ཡང་ན་ཚོ་ཁག་རེ་རེ་བཞིན་ཁ་གྱེས། དེ་ནས་བཟུང་དཔལ་འབྱོར་གྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཁེ་ཕན་ཡང་དེ་བཞིན་དུ་བགར། གལ་ཏེ་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བ་ཇེ་མགྱོགས་སོང་ན་ཐོན་རྫས་ལྷག་མ་བྱུང་བ་དང་མི་ཕྱུགས་སོགས་གང་ཅིའི་ཐད་ནས་དབང་ཆ་ཇེ་ཆེར་འགྲོ་བས། རིགས་རྒྱུད་དང་ཚོ་བ་ཆེན་པོ་དག་གིས་རང་ཉིད་ཀྱི་ཁ་རྒྱབ་དང་གོ་གནས་ཀྱི་ཆེད་དུ་རིགས་རྒྱུད་དང་ཚོ་བ་ཆུང་ཆུང་དག་རིམ་བཞིན་དུ་མངའ་འོག་ཏུ་བཏུལ་བ་དང་། རིགས་རྒྱུད་ཆེན་པོ་དང་ཚོ་བ་ཆེན་པོ་ཕན་ཚུན་བར་གྱི་རྩོད་པ་སོགས་ཀྱིས་ཆེན་པོས་ཆུང་བ་མངའ་འོག་ཏུ་བཏུལ་བ་དང་ཆེན་པོ་ཕན་ཚུན་བར་གྱི་ཛ་དྲག་གི་འབྲེལ་བ་ཐོན་པས། རིགས་རྒྱུད་དང་ཚོ་བ་སོ་སོས་རང་ཉིད་རྒྱལ་བའམ་བརྟན་པར་བརྟེན་སའི་ལྷ་ཀླུ་གཉན་བཙན་སོགས་གདོད་མའི་དད་མོས་ཀྱི་རྨང་གཞིའི་སྟེང་ནས་ཡུལ་ལྷ་གཞི་བདག་དང་། སྐྱེས་ལྷ། སྲུང་མ། ཐབ་ལྷ་སོགས་བཙན་པོའི་རིགས་གང་མང་བྱུང་ནས་ཕྱི་དགྲ་ལས་རྣམ་པར་རྒྱལ་བ་དང་ནང་མི་གཙང་བ་ལས་རྣམ་པར་རྒྱལ་བའི་བརྟེན་ས་རིགས་མང་བྱུང་། དེ་ལ་ཡང་དེ་ནས་མི་རྣམས་ཀྱི་ཆོས་ལུགས་འདུ་ཤེས་དང་ཆོས་ལུགས་སྒྲིག་སྲོལ་དེ་སྤྱི་ཚོགས་གོང་དུ་འཕེལ་བ་དང་སྦྲགས་རིམ་བཞིན་སོང་བ་སྟེ་རུས་ཚོའི་སྤྱི་ཚོགས་ཀྱི་ཐོག་མའི་དུས་སུ་བླ་ཟོག་ལ་དད་མོས་བྱེད་པ་དང་། དེ་ནས་ཡུལ་སྡེ་ཆེན་པོ་ཁག་སོ་སོ་བྱུང་རྗེས་ཡུལ་སྡེ་སོ་སོའི་ཡུལ་ལྷ་གཞི་བདག་མི་འདྲ་བ་མང་དུ་བྱུང་ཞིང་། བྲན་གཡོག་གི་སྤྱི་ཚོགས་སུ་སླེབས་རྗེས་ལྷ་ལའང་རིགས་མཐོ་དམན་བར་གསུམ་གྱི་དབྱེ་བ་བྱུང་བ་རེད། ་ ཡུལ་ཚོའི་སོ་སོར་བླ་ཟོག་དང་བླ་རི། བླ་མཚོ། བླ་ཤིང་སོགས་རང་བྱུང་ཁམས་དང་སྲོག་ཆགས་ལ་དད་མོས་བྱེད་པའི་རིགས་ཇེ་མང་དུ་བྱུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1