སྔོན་འགྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བོད་ཀྱི་ལས་དོན་ཐད་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དམིགས་ས་དང་ཤུགས་རྒྱག་སར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་དང་། གནའ་སྔ་མོ་ནས་བཟུང་བོད་དང་མི་རིགས་ཁག་བར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག །དྲིལ་བསྒྲགས་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་ཀྱི་འཕེལ་ཕྱོགས་དང་འབྱུང་འགྱུར་མཐོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པས་མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས། ཀྲུང་དབྱང་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ལེ་ཚན་འདིའི་ནང་རྒྱ་བོད་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་བོད་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས་ཞེས་པའི་བརྗོད་དོན་གཙོ་བོའི་ནང་དོན་ཇུས་འགོད་བྱས་པ་བརྒྱུད། རྒྱ་བོད་མི་རིགས་བར་གྱི་རིག་གནས་སྤེལ་རེས་དང་མཐུན་སྒྲིལ་མཉམ་འདྲེས་མཚོན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོའི་ལོ་རྒྱུས་ཐོག་གི་འོད་སྟོང་འབར་བའི་ལེའུ་བྲི་བ་དེའོ། །
གྲོང་ཁྱེར་འགྲིམས་པའི་ལྷ་རིས་པ་ཞིག་གི་ངོ་མཚར་གཏམ་རྒྱུད་།
ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་ཅི་ཧྥུའུ་སྡོད་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དང་། གནད་དོན་ལ་དམིགས་ནས་དོན་དག་ཐག་གཅོད་བྱེད་པ། དེ་མིན་འཆམ་མཐུན་མཉམ་གནས་ལ་གཞིར་བཟུང་ནས་སྡོད་ཁུལ་དྲ་མིག་ཅན་གྱི་དོ་དམ་བྱེད་བཞིན་ཡོད་པ་རེད། མཐུན་ན་བྱ་བ་འགྲུབ། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཅེས་པ་ནང་བཞིན། ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་འོག་བོད་ཀྱི་ལྷ་བཟོ་གྲགས་ཅན་ལེགས་སྨོན་གྱིས་སློབ་མ་རྣམས་སྡེ་ཁུལ་གྱི་མི་རིགས་ཁག་བར་ཕན་ཚུན་མཉམ་འདྲེས་ཀྱི་བྱེད་སྒོ་སྣ་ཚོགས་ནང་ཞུགས་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱས་ནས། ཁྱིམ་མཚེས་བར་བདེ་སྐྱིད་ལྟ་སྐྱོང་དང་། མི་རིགས་བར་ཕན་ཚུན་མཐུན་སྒྲིལ་ཡོང་ཆེད་རང་ཉིད་ཀྱི་ནུས་པ་གང་མང་ཕུལ། དོན་དངོས་ཐོག་མི་རིགས་ཁག་གི་མཐུན་སྒྲིལ་མཛའ་བརྩེ་ནི་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ཡིན་པའི”རིག་གནས་ཀྱི་ཤུགས་རྐྱེན་འོག“མཐུན་སྒྲིལ་གྱི་མེ་ཏོག”ལ“མཐུན་སྒྲིལ་གྱི་འབྲས་བུ”ཐོགས་ནས། སྡེ་ཁུལ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་འོད་སྣང་གསར་པ་དང་སྟོབས་ཤུགས་གསར་པ་བསྣན།
གེ་སར་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཕྱག་བྲིས་གནང་བ
ཁོང་དང་ཅི་ཧྥུའུ་སྡོད་ཁུལ་བར་གྱི་ལས་དབང་།
ལྷ་རིས་པ་ལེགས་སྨོན་ནི་ཕུལ་དུ་བྱུང་བའི་སྒྱུ་རྩལ་པ་ཞིག་ཡིན་པར་མ་ཟད། གཞུང་རྒྱུད་མདའ་ལྟར་དྲང་ཞིང་། བྱམས་སྙིང་རྗེ་དང་ཡ་རབས་གུས་སྲོལ་ལྡན་པའི་སྐྱེས་ཕོ་རབས་ཤིག་ཡིན་ལ། སླ་ང་དང་འགྲོགས་ན་ནག །མཆོག་རྟེན་དང་འགྲོགས་ན་དཀར་ཞེས་པའི་དཔེ་ལྟར་སློབ་བུ་དག་ཀྱང་བརྩོན་པ་ལྷུར་ལེན་དང་ཡ་རབས་གུས་སྲོལ་ལྡན་པ་ཤ་སྟག་ཡིན་པས། རྒྱུན་པར་ཁོ་ཚོའི་སྡོད་ཁུལ་ཏེ་ཝུའུ་ཧོའུ་ཆུས་ཅི་ཧྥུའུ་སྡོད་ཁུལ་གྱི་སྤྱི་པའི་ཁོར་ཡུག་ལ་མ་སྐུལ་དང་བླངས་སྒོས་གཙང་སྦྲ་དང་རྒ་རྒོན་རྣམས་ལ་ཅ་ལག་བསྐྱལ་རོགས་བྱེད་པ་སོགས་ཡ་རབས་ཚུལ་མཐུན་གྱི་སྤྱོད་བཟང་གིས་ཀུན་ལ་བག་ཆགས་གང་ལེགས་བཞག་པར་མ་ཟད། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྐོར་བྲོ་འཁྲབ་ནས་མཛའ་མཐུན་གྱི་དྲོད་ཁོལ་ལྡན་པའི་ཁོར་ཡུག་ཉམས་དགའ་བ་ཞིག་བསྐྲུན་པ་དང་། གཟའ་མཇུག་ཏུ་སྡོད་ཁུལ་གྱི་ལོ་ཆུང་སློབ་མ་རྣམས་ལ་རིན་མེད་སྒོས་རི་མོ་སོགས་སྒྱུ་རྩལ་གྱི་སློབ་ཚན་ཁྲིད་ཅིང་། ཐུན་མིན་གྱི་སློབ་སྦྱོང་གི་ཁོར་ཡུག་གསར་པ་ཞིག་བསྐྲུན།
སྤྱིར་དཔལ་འབྱོར་གྱི་ཡོང་སྒོ་དམན་པའི་དགེ་སློབ་དེ་འདྲ་མང་པོ་ཞིག་གྲོང་ཁྱེར་དུ་གཅིག་སྡུད་ངང་འཚོ་བ་རོལ་དགོས་པ་ནི་ཤིན་ཏུ་དཀའ་ངལ་ཆེ་བ་ཞིག་ཡིན་ལ། སྒོས་སུ་གྲོང་ཁྱེར་གྱི་དཀྱིལ་དུ་འདུག་པ་ནི་དེ་བས་ཀྱང་སྨོས་མ་དགོས། ལོ་ངོ་དྲུག་ཙམ་གྱི་ཡར་སྔོན་དུ་གྲོང་དཀྱིལ་དུ་འགྲོ་གྲོན་ཤིན་ཏུ་ཆེ་བའི་དབང་གིས་གྲོང་མཐའ་ཞིག་ཏུ་སྤོ་གྲབས་བྱེད་སྐབས། སྡོད་ཁུལ་དེའི་མི་རྣམས་ཀྱིས་གནས་སྤོ་བྱེད་དགོས་པའི་རྒྱུ་རྐྱེན་ཤེས་ནས་ཝུའུ་ཧོའུ་ཆུས་དང་སྡོད་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ལ་སྡོད་ཡུལ་གྱི་མཛའ་མཐུན་མཉམ་གནས་སོགས་ལ་མཚོན་ན་དགེ་སློབ་དེ་དག་ནི་མེད་དུ་མི་རུང་ཞིག་ཡིན་པའི་དངོས་ཡོད་གནས་ཚུལ་ཡར་ཞུ་བྱས་ཤིང་ཐབས་བརྒྱ་ཇུས་སྟོང་བཏོན་པས། གོང་རིམ་འབྲེལ་ཡོད་འགོ་ཁྲིད་རྣམས་ཡུལ་དངོས་སུ་རྟོག་ཞིབ་ལ་ཕྱིན་ནས་ཁོང་གིས་སྡོད་ཁུལ་དེའི་མཛའ་མཐུན་ཉམས་གནས་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་ནས་ནུས་པ་དགེ་མཚན་ལྡན་པ་དུ་མ་འདོན་བཞིན་པ་རྟོགས་ཏེ། ཁོང་བུ་སློབ་རྣམས་ལ་སེམས་རྣལ་དུ་ཕབ་ནས་རི་མོ་འབྲི་བཞེངས་བྱེད་ཆོག་པའི་མཐུན་རྐྱེན་བསྐྲུན་པ་རེད།
སྡོད་ཁུལ་གྱི་གཟུ་པ།
སྤྱི་ཚོགས་འཚོ་བ་ཡར་རྒྱས་ཕྱིན་པ་དང་བསྟུན་ནས་མི་རིགས་འདྲ་མིན་དང་ས་གནས་སོ་སོའི་མི་གང་མང་ཞིག་གྲོང་ཁྱེར་དུ་ཡོང་བཞིན་ཡོད་ལ། དེ་དག་གྲོང་ཁྱེར་གྱི་འགྲོ་འདུག་སྤྱོད་གསུམ་དང་གོམས་སྲོལ་ལ་རྒྱུས་མངའ་མེད་པའམ་སྐད་བརྡ་མ་འཕྲོད་པ་དང་གནས་སྐབས་མ་འཚམ་པ་སོགས་ཀྱིས་རྐྱེན་ནས་དངོས་ཡོད་འཚོ་བའི་ཁྲོད་དུ་ཕན་ཚུན་བར་འགལ་ཟླ་ཕྲ་ལ་ཕྲན་བུ་འབྱུང་སྲིད་པ་རེད། སྡེ་ཁུལ་གྱི་འགོ་ཁྲིད་ཚོས་ཁོང་ནི་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ཡོན་པ་ཞིག་ཡིན་པར་མ་ཟད། གཞན་ལ་རོགས་རམ་བྱེད་རྒྱུ་གཙིགས་སུ་འཛིན་པའི་མི་རྒྱུད་བཟང་ཞིག་ཡིན་པ་ཤེས་ནས་ཁོང་སྡོད་ཁུལ་དེའི་གཟུ་པ་འདུག་རྒྱུ་ལ་སྐུལ་བ་ཡང་ཡང་བྱས་མཐར། དེ་ནི་དགེ་བའི་ལས་དཔག་ཏུ་མེད་པ་ཞིག་དང་རང་ལའང་དེའི་ནུས་པ་གང་ལ་གང་འཚམས་ཡོད་པ་ཚོར་ནས་སྡོད་ཁུལ་གྱི་གཟུ་པའི་ལས་འགན་ཕྲག་ཏུ་ཁུར།
ལོ་དུ་མའི་རིང་ལྷག་བསམ་རྣམ་དག་གིས་སྡོད་ཁུལ་གྱི་གཟུ་པའི་འོས་འགན་ཕྲུག་ཏུ་ཁུར་ནས་ཐོག་མཐར་བར་གསུམ་དུ་མི་མང་པོ་ཞིག་ལ་རོགས་རམ་བྱས་པ་དང་། ཁོང་གིས་བོད་རིགས་མི་མང་པོ་ཞིག་ལ་གྲོང་ཁྱེར་དུ་ཡུལ་སྲོལ་གོམས་གཤིས་མི་མཐུན་པ་དང་སྐད་བརྡ་མ་འཕྲོད་པའི་རྐྱེན་གྱིས་བྱུང་བའི་དོན་ཅན་ཆེ་མ་ཆུང་གསུམ་གང་མང་ཞིག་གི་བར་འདུམ་བྱས་ནས་སྟབས་བདེ་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ཐད་ལ་བྱས་རྗེས་བླ་ལྷག་བཞག་དང་འཇོག་བཞིན་པའོ། །
རིན་མེད་ངང་བུ་སློབ་བྱམས་ཀྱིས་སྐྱོང་བ།
ལེགས་སྨོན་དང་རིགས་སོ་སོའི་སློབ་མ།
ཁོང་གིས་རིགས་རུས་དང་འབྱོར་ཕྱུག་གི་ཁྱད་པར་གང་ཡང་མེད་པར་དོན་གཉེར་ཅན་ཀུན་ལ་བུམ་པ་གོང་བྱོའི་ཚུལ་དུ་སློབ་ཁྲིད་བྱེད་བཞིན་ཡོད་ལ། སློབ་མའི་ཁྲོད་བོད་རིགས་དང་རྒྱ་རིགས་གཙོ་བྱས་པའི་མི་རིགས་ཁ་ཤས་འདུས་ཡོད་པ་དང་། དེ་དག་ལས་མང་ཤོས་ནི་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཞན་ཞིང་ཕ་མ་མེད་པའི་དྭ་ཕྲུག་ཡིན་ལ། རྒྱབ་རྟེན་མེད་པའི་ཕྲུ་གུ་དག་ལ་རེ་བའི་སྨྱུ་གུ་བསྩལ་ཞིང་། འབད་འཐབ་ཀྱི་གཤོག་ཟུང་རིང་དུ་བརྐྱངས་ནས་ཕུགས་འདུན་ཀྱི་ཕྱོགས་སུ་སྙེག་བཞིན་ཡོད། སློབ་མ་རྣམས་ཀྱི་ལག་ནས་སློབ་ཡོན་སྒོར་གཅིག་ཀྱང་ལེན་མ་མྱོང་བར་མ་ཟད། ད་རུང་དེའི་ཐོག་ཟ་ཉལ་གྱི་རིན་པ་ཡོངས་རྫོགས་ཁོང་གིས་འགན་ཁུར་བཞིན་ཡོད་ལ། འཚོ་བའི་ཁ་སྣོན་དུ་གཟའ་འཁོར་རེ་ལ་སྒོར་ལྔ་བཅུ་ནས་བདུན་ཅུ་བར་སྤྲོད་བཞིན་པ་དང་། ཁྱིམ་ཚང་གི་ཆ་རྐྱེན་ཤིན་ཏུ་སྐྱོ་བའི་སློབ་མ་རྣམས་ལ་ཁྱིམ་ནས་སྒོར་མོ་ལེན་མི་རུང་བ་གདམས་ནས་ཁོང་གིས་ལྭ་བ་སོགས་ཉོ་རོགས་བྱེད་བཞིན་ཡོད།
ཁོང་གི་བཏང་ཕོད་ཆེན་པོ་དང་བྱ་བཞག་ལ་ནན་ཏན་ཤིན་ཏུ་ཆེ་བས་སྔོན་མའི་འདུག་རོགས་སོགས་ཀྱིས་ཅུང་མ་གཟོད་པ་བྱུང་ཡང་། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཕུགས་འདུན་གྱི་ཆེད་དུ་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། ཁོང་གི་ཁྱིམ་དུ་མིང་སྲིང་མང་བ་དང་ཆུང་དུས་ཀྱི་འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན་པར་མ་ཟད། སྐབས་དེར་རི་མོ་སྦྱོང་འདོད་ཀྱི་འདུན་པ་ཤིན་ཏུ་ཆེ་ཡང་དགེ་རྒན་ཚད་ལྡན་ཞིག་འཕྲད་དཀའ་བར་མ་ཟད། འཕྲད་པའི་དབང་དུ་བཏང་ཡང་རང་ཉིད་ཀྱིས་ཤེས་པ་རྣམས་སློབ་མ་ལ་ཁྲིད་པའི་སྐལ་བ་ཧ་ཅང་ཉག་ཕྲ་བས། དེང་དུས་རང་གི་མྱོང་བ་དེ་དག་སློབ་བུ་རྣམས་ལ་མི་ཡོང་བའི་སླད་དུ་དགེ་རྒན་ཚད་ལྡན་ཞིག་བྱ་རྒྱུའི་འདུན་པ་སེམས་སུ་བཅངས་ཡོད།
གསར་འགོད་པས་བཅར་འདྲི་བྱེད་བཞིན་པ།
འཆམ་མཐུན་སྡེ་ཁུལ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ལྡན།
ཞིང་ཆེན་དང་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་དང་མཉམ་དུ་བསྐྱོན་པའི་འདྲ་པར།
ཅི་ཧྥུའུ་སྡོད་ཁུལ་དེ་ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་ལྡུམ་ར་ཆེ་ཁུལ་ལྔའི་ཁུལ་དུ་གནས་ཤིང་། སྡོད་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་0.6ཡོད་ལ། སྡོམ་པས་འགྲོ་ལམ་5དང་ར་སྐོར་16། དུད་ཚང་5582དང་ཁྱོན་བསྡོམས་མི་འབོར་1200ལྷག་ཙམ་ཡོད། གྲངས་ཉུང་མི་རིགས་ཀྱི་སྡོད་དམངས་(བོད་རིགས་དང་། ཆའང་རིགས། ཧུའེ་རིགས་སོགས་)མི་གྲངས་2300ལྷག་ཙམ་ཡོད་ཅིང་། དེའི་ཁྲོད་ཀྱི་མང་ཆེ་ཤོས་བོད་རིགས་རེད། 2011ལོ་ནས་བཟུང་སྡོད་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོང་བའི་བྱེད་སྒོ་ཧུར་ཐག་སྤེལ་ཡོད་ལ། སྡོད་ཁུལ་ཏང་རྩ་འཛུགས་དང་ཁྲེང་ཏུའུ་གྲོང་མིའི་ཆོས་ལུགས་ལས་དོན་ཅུས་ཀྱི་ཏང་ཨུ་དབར་ལ་ཆ་སྒྲིག་མཉམ་སྐྲུན་གྱི་འབྲེལ་བ་བཙུགས་ནས། སྡོད་ཁུལ་གྱི་མི་རིགས་རིག་གནས་ཁྱིམ་ཚང་དང་། སྡོད་ཁུལ་གྱི་གྲངས་ཉུང་མི་རིགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས། མི་རིགས་ལས་དོན་གྱི་དང་བླངས་པའི་དཔུང་ཁག མི་རིགས་མཐུན་སྒྲིལ་གླུ་གར་རུ་ཁག་སོགས་བཙུགས་ནས་སྡོད་ཁུལ་གྱི་མི་རིགས་ཁག་གི་གྲོང་མི་ཞི་མཐུན་མཉམ་གནས་དང་ཐུན་མོང་ཐོག་འཕེལ་རྒྱས་བཏང་བ་སོགས་མི་རིགས་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།
ཉེ་བའི་ལོ་ཤས་རིང་། སྡོད་ཁུལ་དེས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས་སྡོད་ཁུལ་གྱི་གྲངས་ཉུང་མི་རིགས་མང་ཚོགས་དོ་དམ་ནང་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་། གྲངས་ཉུང་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པས་སྡོད་ཁུལ་གྱི་ལས་དོན་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པར་བརྟེན་རིག་གནས་རྒྱུན་འཛིན་དང་། ལས་གཏོད་ལས་ཞུགས་སོགས་མཉམ་འདྲེས་མཉམ་གནས་ཀྱི་རྣམ་པ་ཡག་པོ་ཆགས་པ་རེད། ཅི་ཧྥུའུ་སྡོད་ཁུལ་གྱི་ལས་དོན་མི་སྣ་ཤང་ནན་ནན་གྱིས་སྡོད་ཁུལ་གྱིས་སྤེལ་རེས་བྱེད་སྟངས་དེ་འདྲ་ཞིག་བརྒྱུད་མི་རིགས་ཁག་གི་སྤུན་ཟླའི་དབར་འགྲོ་འོང་དང་མཉམ་འདྲེས་བྱུང་ནས“མི་རིགས་ཁག་སེའུ་འབྲུ་བཞིན་དམ་པོར་འབྲེལ་ཡོད”ཅེས་བཤད།
ལེགས་སྨོན་དང་སློབ་མ་ཚོ་ཐང་ག་འབྲི་རྒྱུར་མཁས་པ་མ་ཟད། གཞས་དང་ཞབས་བྲོ་འཁྲབ་རྒྱུར་ཡང་མཁས་པས་སྡོད་ཁུལ་གྱིས་ཁོང་ཚོ་སྒྲིག་འཛུགས་བྱས་ཏེ“མི་རིགས་མཐུན་སྒྲིལ་གླུ་གར་རུ་ཁག”དང“ཁྲིམས་ལུགས་དྲིལ་བསྒྲགས་རུ་ཁག”བཙུགས་པས་སློབ་མ་རྣམས“མི་རིགས་མཐུན་སྒྲིལ་གྱི་དང་བླངས་པར”གྱུར་ཡོད།
མི་རིགས་ཀྱི་གོམས་སྲོལ་བཟང་པོ་རྒྱུད་འཛིན་བྱས་ནས་དམིགས་དཔེ་སྟོན།
ལེགས་སྨོན་གླེང་དུས། ཤང་ནན་ནན་གྱིས་བཤད་རྒྱུར་ “དགེ་རྒན་ལེགས་སྨོན་དང་འབྲེལ་འདྲིས་བྱེད་རིང་ངས་མི་རིགས་ཀྱི་གོམས་སྲོལ་དང་མི་རིགས་ཀྱི་རིག་གནས་མང་པོར་རྒྱུས་ལོན་བྱེད་ཐུབ་སོང་ལ། ཆ་རྒྱུས་མེད་པ་ནས་རྒྱུས་མངའ་ཡོད་པའི་བར་ཁོང་ཚོས་ང་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག ངས་མི་གཤིས་ཀྱི་ཆེས་རྩ་ཆེ་བའི་ཕྱོགས་ཤིག་མཐོང་བྱུང”ཟེར། འདིར་བཤད་པའི་ནང་དོན་རྣམས་རིགས་པས་བསྒྲུབ་ཆེད། ཤང་ནན་གྱིས་དམིགས་བསལ་གྱི་དོན་དག་གཉིས་དཔེར་བླངས་ནས་ངེད་ཅག་ལ་འདི་ལྟར་བཤད།
ཐེངས་ཤིག་སྡོད་ཁུལ་གྱི་ལས་དོན་མི་སྣས་ཁོང་ཚོ་དང་མཉམ་དུ་ཟ་མ་ཟ་རྒྱུའི་གྲ་སྒྲིག་བྱེད་སྐབས་གློ་བུར་དུ་སློབ་མ་ཚོ་ཡར་བཞེངས་ནས་ཁོ་མོ་ཧང་སང་བར་གྱུར། མ་གཞི་སློབ་མ་ཚོས་དགེ་རྒན་ལེགས་སྨོན་ཐོན་པ་མཐོང་ནས་ཡར་བཞེངས་པ་ཡིན་ལ། དགེ་རྒན་ལེགས་སྨོན་བཞུགས་གདན་འཇགས་རྗེས་གཞི་ནས་ཁོ་ཚོར་མར་བསྡད། རྗེས་སུ་ཕྱིར་འདང་ཞིག་བརྒྱབ་ན། འདི་ལྟ་བུའི་གོམས་གཤིས་ཀྱིས་དགེ་རྒན་ལ་གུས་བཀུར་བྱེད་པ་ནི་སེམས་ཀྱི་གཏིང་ནས་བྱུང་བ་ཞིག་རེད། ཁོ་ཚོས་དགེ་རྒན་ནི་དགེ་རྒན་ཁོ་ན་མ་ཡིན་པར་རྒན་རབས་དང་ཁྱིམ་མིར་བཀུར་བ་རེད། ཁོང་གིས་ད་ཆ་རྒན་རབས་པའམ་ཡང་ན་དགེ་རྒན་མཐོང་མཁན་ཚང་མས་སྙིང་དབུས་ནས་འདི་འདྲ་བྱས་ཏེ་ཡར་བཞེངས་ཐུབ་རྒྱུའི་ངོས་ཟིན་ཡོད་མཁན་ཧ་ཅང་ཉུང་ཉུང་རེད་ཟེར།
2008ལོར་ལེགས་སྨོན་གྱི་བུ་བློ་གྲོས་ཨ་ཕའི་རྗེས་སུ་འབྲངས་ནས་དཀར་མཛེས་ཁུལ་དུ་བསྐྱོད་དེ་ས་གནས་དེ་གའི་གནོད་འཚེ་ཕོག་པའི་དགོན་སྡེའི་ལྡེབས་རིས་ཞིག་གསོ་བྱེད་རོགས་བྱས། དེ་གོང་ཕ་ལེགས་སྨོན་གྱིས་དགོན་སྡེའི་ལྡེབས་རིས་ཞིག་གསོ་བྱས་ན་ཡོང་འབབ་ཡོད་ཅེས་བཤད་ཡོད། བློ་གྲོས་ལ་མཚོན་ན་སྔ་ས་ནས་སྒྲ་སྒམ་ཞིག་ཉོ་འདོད་ཡོད་པས། འབད་བརྩོན་ཆེན་པོས་ལྡེབས་རིས་ལ་ཞིག་གསོ་བྱས་པ་རེད། ལས་ཀ་མཇུག་སྒྲིལ་རྗེས་ལེགས་སྨོན་གྱིས་གླ་ཆ་གང་ཡང་མ་བླངས་པས། བློ་གྲོས་ཀྱིས་ཅི་ཡིན་ཧ་མ་གོ་བར་དྲིས་པ་ན། ལེགས་སྨོན་གྱིས“ས་ཡོམ་གྱི་གནོད་འཚེ་ཕོག་སྐབས་ཚང་མས་དངུལ་དང་ནུས་པ་འདོན་གྱི་ཡོད། འགྲོ་གྲོན་དེ་ནི་ང་ཚོའི་བསམ་འདུན་ལྟར་དགོན་སྡེར་ཞལ་འདེབས་ཕུལ་བ་ཞིག་རེད”ཅེས་བཤད།
སྦྲེལ་མཐུད།
ལྷ་རིས་པ་ལེགས་སྨོན་ལགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་གཉན་ལུང་ཡུལ་ཚོ་རུ་ཕ་ཏོག་ཚ་དངོས་བཀྲ་དང་མ་འགྲོ་བ་བཟང་མོ་གཉིས་ཀྱི་བུ་རུ་1967ལོར་སྐྱེས། ཁོང་ལོ་ན་ཆུང་བའི་དུས་སུ་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་སློབ་གྲྭར་འགྲོ་བའི་གོ་སྐབས་མ་ཐོབ་ཀྱང་། བྱིས་དུས་ནས་ཟན་དང་འཇིམ་སོགས་ཀྱིས་གཟུགས་བརྙན་སྣ་ཚོགས་བཅའ་རྒྱུར་ཤིན་ཏུ་སྤྲོ་ཞིང་ལྷན་སྐྱེས་ཀྱི་རིག་པ་ཁྱད་དུ་འཕགས་པ་ལྡན། རང་ལོ་7ཙམ་ནས་ཕ་དམ་པའི་མདུན་ནས་ཡི་གེ་འབྲི་ཀློག་དང་རི་མོ་སྦྱོང་བའི་འགོ་བརྩམས་ཤིང་། ཁོང་གི་ཕ་ནི་གྲོང་པ་དེའི་ནང་གི་ལག་ཤེས་སྣ་མང་ཤེས་པའི་མཁས་པ་ཞིག་ཡིན་ཏེ། ལྷ་རིས་དང་རྡོ་བརྐོས། ཤིང་བཟོ་སོགས་ལ་ཐོགས་པ་མེད་པས། དེའི་ཤུགས་རྐྱེན་དང་གཞན་ཡང་ཁྱིམ་དུ་ཀརྨ་སྒར་བྲིས་ཀྱི་ཐང་ཀ་ཁ་ཤས་ཡོད་ལ། ལོ་སར་སོགས་སུ་ཞལ་ཕྱེས་ནས་ཉིན་འགའ་བཤམས་བཞིན་ཡོད་པས། ཆུང་ཆུང་བྱིས་པའི་བློ་ངོ་རུ་ཡལ་ཐབས་མེད་པའི་བག་ཆགས་ཟབ་མོ་བཞག །རི་མགོ་ལ་རྫི་འུར་འགྲོ་སྐབས་ཤོག་བུ་དང་སྣག་ཚའི་ཆ་རྐྱེན་མི་ལྡན་ཡང་རྡོ་གཡའ་མའི་ངོས་སུ་ཕྱི་རོལ་ཡུལ་གྱི་ཁོར་ཡུག་དང་ཁྱད་པར་དུ་རང་ཁྱིམ་གྱི་ནོར་དང་ལུག་སོགས་འབྲི་རྒྱུ་དགའ་བ་དང་དེ་དག་གི་ཁྱད་ཆོས་ལ་དབྱེ་ཞིབ་དང་མནོ་བསམ་གཏང་རྒྱུ་ལ་སྤྲོ་བ་ཤིན་ཏུ་ཆེ། རི་མོ་རྣམས་ཁྱིམ་མི་ཚོས་མཐོང་སྐབས་ནོར་གང་ཡིན་པ་ངོས་འཛིན་པ་བྱུང་བས། ཁྱིམ་མི་རྣམས་ཡ་མཚན་སྐྱེས་ནས་ཁྱད་དུ་འཕགས་པའི་ལག་རྩལ་ལ་བསྟོད་བསྔགས་ཐོབ།
དེ་ནས་རིམ་བཞིན་མགོ་ལོག་གི་དགེ་རྒན་ཨ་ཁུ་རབ་དགྱེས་ཚང་ནས་ཡིག་གཟུགས་དང་། ཨ་མདོའི་ལྷ་རིས་པ་འཇམ་དབྱངས་བློ་བཟང་དང་ལྷ་བཟོ་རྟ་མགྲིན་སོགས་ཀྱི་མདུན་ནས་ལྷ་རིས་དང་འཇིམ་འབག་བཟོ་སྦྱོང་གི་གོ་སྐབས་བཙལ་ཏེ་མཚོ་སྔོན་དང་སི་ཁྲོན་གྱི་ས་ཁུལ་མང་པོར་ཕྱིན་ཏེ་བརྩོན་པ་ལྷུར་ལེན་སྒོས་མཛེས་རིས་སྣ་ཚོགས་དང་ཐང་སྐུ། འཇིམ་སྐུ། འབག་བཟོ་སོགས་འབྲི་བཞེངས་བྱས་ཤིང་། ཁོང་གིས་དེའི་བརྒྱུད་རིམ་ཁྲོད་དཀའ་སྡུག་གི་རྔུལ་ཆུ་ཡང་མི་ཉུང་བ་ཞིག་བཏོན་མྱངས་ཡང་། སྤྱི་ཚོགས་འཚོ་བའི་ཁྲོད་ཟབ་ཞུགས་ཀྱི་ཉམས་མྱོང་ཡང་མི་ཉུང་བ་ཞིག་བསགས། རིམ་བཞིན་ཁོང་གི་དཀའ་སྡུག་གི་འབྲས་བུར་བོད་ཀྱི་བཟོ་རྩལ་རྨང་གཞི་བྱས་ཐོག་རྒྱལ་ཕྱི་ནང་གི་མཛེས་རྩལ་གྱི་ལེགས་ཆ་སྡེབ་སྦྱོར་བྱེད་ཐབས་ལ་ཚོད་ལྟ་ཐུབ་པའི་སྐྱེས་སྟོབས་རྒྱས་ཏེ་རི་མོའི་སྒྱུ་རྩལ་གྱི་ཕྱོགས་ནས་མི་ཚེའི་ལམ་བུ་ངེས་ཅན་ཞིག་རྙེད་དེ། རང་རིགས་ཀྱི་སྲོལ་རྒྱུན་ཀརྨ་སྒར་བྲིས་ཀྱི་སྲོག་ལ་ཕྱི་གླིང་པའི་མཛེས་རྩལ་དང་གསོན་ཉམས་གསར་གཏོད་ཀྱི་ཐབས་ལམ་བཀོལ་ཐུབ་པའི་རང་ལུགས་ཚུགས་ཐུབ་ཞིག་ཆགས་འགོ་བརྩམས། དེ་ནས་བཟུང་ཁོང་གིས་རི་མོ་འབྲི་སྦྱངས་ལག་ལེན་གྱི་གཞི་རྐང་སྲ་བརྟན་དུ་སོང་བར་མ་ཟད། སྐྱ་ཚོན་ཟུང་སྡེབས་ཀྱི་ལག་རྩལ་ལ་གསོན་ཤུགས་ཐུན་མོང་མ་ཡིན་པ་བསྣན་པ་རེད་དེ། དཔེར་ན་2001ལོ་ནས་ད་ལྟའི་བར་དུ་གསར་རྩོམ་མཛད་པའི་《གུ་རུའི་སྟོང་ཐང》དང་《གེ་སར་སྟོང་ཐང》སོགས་ཀྱི་ཐང་ག་6300ལྷག་བྲིས་མཛད་གནང་ཡོད།
ལོ་ངོ་ཉི་ཤུ་ལྷག་གི་ཡར་སྔོན་དུ་ཁོང་ཁྲེང་ཏུའུ་རུ་ཕེབས་ནས་བཀའ་བསྟན་དཔེ་བསྡུ་ཅུས་སུ་འབྲེལ་ཡོད་ཀྱི་རི་མོ་བྲིས་ཤིང་། སྐབས་དེར་ཁོང་གི་བློ་ངོས་སུ་ཁྲེང་ཏུའུ་ནི་ས་ཆ་ཤིན་ཏུ་སྐྱིད་པོ་ཞིག་ཡིན་པ་དང་། ཕ་ཡུལ་ལྟ་བུ་ལ་མཚོན་ན་དགུན་དུས་གྲང་ངར་ཤིན་ཏུ་ཆེ་བས་ཐང་ཀ་འབྲི་བར་དེ་ཙམ་མི་འཚམས་ཀྱང་། ཁྲེང་ཏུའུ་རུ་དབྱར་དགུན་གཉིས་ཀ་ལ་ཐང་ཀ་འབྲི་ཆོག་པར་མ་ཟད། ཚོན་དང་པིར་སོགས་ཐང་ཀ་འབྲི་བྱེད་ཀྱི་ཡོ་བྱད་དང་རྒྱུ་ཆ་ཤིན་ཏུ་མོད་པ་དང་། ལྷག་པར་དུ་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་པོ་ཞིག་འཛོམས་ས་ཡིན་པས། ཐང་ཀ་འབྲི་བཞེངས་ལ་དགེ་མཚན་ཤིན་ཏུ་མང་བར་འདོད། དེ་ནས་ཁྲེང་ཏུའུ་རུ་གཞིས་ཆགས་འགོ་བརྩམས་ཤིང་། ཕ་ཡུལ་དུ་ཡོད་པའི་སློབ་མ་ཁ་ཤས་ཀྱང་ཁོང་གི་རྗེས་སུ་འབྲངས་ནས་དེར་སླེབས། སྐབས་དེར་ཁོང་གི་འགྲམ་དུ་སློབ་མ་ཁ་ཤས་ལས་མེད་ཀྱང་།
གསེར་ས་འོག་ཡོད་ཀྱང་འོད་གནམ་མཁར་འཚེར་ཟེར་བའི་དཔེ་ལྟར་ཁོང་གི་གཞན་དྲིང་མི་འཇོག་པའི་ལག་རྩལ་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་བུང་བ་མགྲོན་དུ་བསུས་པ་བཞིན་སྐལ་ལྡན་གྱི་སློབ་བུ་དུ་མ་ཉེ་བར་བཀུག་ཅིང་། དེང་དུས་རྒྱུན་སྡོད་དུ་སློབ་མ་དྲུག་ཅུ་ཡས་མས་ཡོད་པར་མ་ཟད། བོད་རིགས་དང་རྒྱ་རིགས་གཙོ་བྱས་པའི་མི་རིགས་ཁ་ཤས་ཀྱི་སློབ་མའང་འདུའོ། །