དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ནི་སྤྱི་ལོ་1942ཆུ་ཕོ་རྟ་ལོ་ལ་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེའི་གཉའ་ལམ་རྫོང་ཁོངས་ལ་སྟོད་ཟུར་མཚོ་འཁྲིས་མཁར་(དེ་སྔོན་གཙང་ལྗོངས་བཅུ་གསུམ་སྐབས་ཤེལ་དཀར་མངའ་ཞབས་ཁོངས་ཡིན)གྱི་ཁང་དཀར་ཁྱིམ་རྒྱུད་དུ་ཕ་དབང་ཕྱུག་དང་མ་ཕུར་བུ་བུ་ཁྲིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་ནས་ཀློག་གི་སློབ་དཔོན་རིན་པོ་ཆེ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཨ་ཁུ་ཡེ་ཤེས་ཞབས་ལ་གཏུགས་ནས་བོད་ཡིག་གི་འབྲི་ཀློག་སོགས་བསླབས། དེ་རྗེས་ལོ་མང་ཐལ་རྗེས་དགོན་པའི་ཕུག་པ་ཨ་ཁུ་ཕུར་བུ་རྡོ་རྗེ་དཔལ་བཟང་པོ་ནས་ཀློག་མཐའ་འདོན་གནང་། རྒན་ཀུན་བཟང་དང་ཤེལ་དཀར་ཆོས་དྲུང་རྒན་ཚེ་རིང་དབང་འདུས་སོགས་བསྟེན་ནས་སུག་རིང་། ཚུགས་རིང་སོགས་བོད་ཡིག་དབུ་མེད་སྦྱངས། དགུང་ལོ་བཅོ་བརྒྱད་སྟེང་ནས་གདན་ས་བཀྲིས་ལྷུན་པོའི་བཤད་སྲོལ་འཛིན་པ་ཆོས་རྗེ་དཔལ་ལྡན་དང་ངམ་རིང་དགེ་བཤེས་དགེ་འདུན་དཔལ་བཟང་པོ། དགེ་བཤེས་འཇམ་དབྱངས་དཔལ་བཟང་པོ་བཅས་དཔོན་སློབ་རྣམ་གསུམ་བསྟེན་ནས་བསྡུས་གྲྭ་དང་ལམ་རིམ་བཅས་ལ་སྦྱངས། 1962ལོ། དགུང་ལོ་20སྟེང་རྒྱ་གར་དུ་ཕེབས་ཏེ་འཇམ་མགོན་ཉི་མ་རྒྱལ་མཚན་(1918-1987)མཆོག་ལ་བསྟེན་ནས་རྟགས་རིག།།བློ་རིགས། བསམ་གཟུགས། རྣམ་འགྲེལ་ཐར་ལམ་གསལ་བཤད། ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། རྩ་ཤེས། མཆིམས་མཛོད། དགོངས་པ་རབ་གསལ། འགྲེལ་པ་དོན་གསལ། ལྷག་མཐོང་ཆེན་མོ་དང་སྦྱར་ནས་དབུ་མའི་ལྟ་ཁྲིད་སོགས་ལ་དཔེ་ཁྲིད་ཞུས། གཞུང་ཆེན་པོད་ལྔ་དང་པཎ་ཆེན་བསོད་ནམས་གྲགས་པའི་བསྐྱེད་རྫོགས་བཀླག་ལུང་དང་མན་ངག་སོགས་མཐའ་ཡས་པ་ཞུས། འཇམ་མགོན་ཉི་མ་རྒྱལ་མཚན་མཆོག་ནི་1954ལོར་བོད་ས་གནས་སྲིད་གཞུང་སྐུ་ཚབ་ཚོགས་པའི་འབྲས་སྤུངས་དགོན་པའི་འཐུས་ཚབ་གནང་ནས་ཐེངས་དང་པོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་བཞུགས་པ་རེད། གཞན་ཡང་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་གསང་སྔགས་དང་བློ་སྦྱོང་སྐོར་གསན་ལ། སྤང་ནང་རིན་པོ་ཆེའི་ཞལ་སྔ་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཀླག་ལུང་སོགས་མནོས། མཁས་གྲུབ་ཆེན་པོ་རྒན་སྤྱིན་པ་རྒྱ་མཚོ་དཔལ་བཟང་པོ་དང་ལྷན་དུ་ལོ་དྲུག་ཙམ་རིང་དྲང་ངེས་ཀྱིས་གཙོས་པའི་གཞུང་ཆེན་པོད་ལྔའི་ནང་དོན་ལ་རྩོད་པའི་ལམ་ནས་སློབ་གཉེར་མཛད། མཁས་གྲུབ་དགེ་བཤེས་ལྷ་རམས་ཨང་དང་པོ་ལྷ་སྐྱབས་པར་བསྟེན་ནས་ལེགས་བཤད་སྙིང་པོ། མཆིམས་མཛོད། མཚོ་ཊཱིཀ །ཐར་ལམ་གསལ་བཤད་སོགས་ལ་གཞུང་ཚིག་གི་འབྲུ་འགྲེལ། སྤྱི་དོན་ཁོག་དབུབ། དཀའ་གནད་ཀྱི་མཐའ་དཔྱོད། འཛིན་མཚམས་ཞིབ་ཆ། སྔོན་བྱོན་མཁས་པའི་གསུང་རྒྱུན། རིགས་ལམ་གཏོང་ཚུལ། གོ་སྟོབས་འབྱིན་པའི་དོགས་སློང་སོགས་གཞུང་ཆེན་སློབ་བཤད་ཀྱི་བཀའ་སྲོལ་བཞིན་ཞིབ་ཚགས་མཐའ་ཆོད་པའི་ཟབ་ཁྲིད་ལ་གསན་བཞེས་གནང་།
2015ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཆད་ཁྲིད་གནང་སྐབས་དགེ་སློབ་རྣམས་ཀྱི་མཉམ་པར།
1974ལོར་འཇར་པཎ་དུ་གདན་ཞུ་ཞུས་ནས་ཨོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོར(日本大谷大学)བོད་ཀྱི་ཆོས་དང་རིག་གཞུང་ལ་ཉམས་ཞིབ་སློབ་ཁྲིད་གནང་། གཞན་ཡང་འཇར་པཎ་ན་རྒོ་ཡ་གཙུག་ལག་སློབ་ཆེན་(名古屋大学)དང་། ཐཱོ་ཁྱོ་ཕྱི་རྒྱལ་སྐད་ཡིག་གཙུག་ལག་སློབ་ཆེན།(东京外国语大学)ཨི་ཝ་ཐེ་གཙུག་ལག་སློབ་གྲྭ་ཆེན་མོ།(岩手大学)ཨོ་ས་ཁ་གཙུག་ལག་སློབ་གྲྭ་ཆེན་མོ།(大阪大学)ཧི་རོ་ཤི་མ་གཙུག་ལག་སློབ་གྲྭ་ཆེན་མོ།(广岛大学)ཁྱོ་ཐོ་གཙུག་ལག་སློབ་གྲྭ་ཆེན་མོ་དང་།(京都大学)ཐོོ་ཧོ་ཁུ་གཙུག་ལག་སློབ་གྲྭ་ཆེན་མོ།(东北大学)ཌི་ཨུ་ཁོ་ཁུ་སློབ་གྲྭ་ཆེན་མོ།(龙谷大学)ཁན་ས་ཨི་གཙུག་ལག་སློབ་གྲྭ་ཆེན་མོ།(关西大学)ཧ་ན་རྫོ་ནོ་གཙུག་ལག་སློབ་གྲྭ་ཆེན་མོ།(花园大学)ཐཱོ་ཁྱོ་གཙུག་ལག་སློབ་ཆེན་(东京大学)བཅས་སུ་གདན་ཞུ་གནང་ནས་ཕར་ཕྱིན་དང་དབུ་མ། མཛོད། འདུལ་བ། ལམ་རིམ། སྤྱོད་འཇུག བློ་སྦྱོང་དང་། ལྷག་ཏུ་དྲང་ངེས་ལེགས་བཤད་སྙིང་པོ་དང་རྗེ་རིན་པོའི་ཆེའི་ལམ་རིམ་ཆེ་ཆུང་གི་གཞུང་གཙོས་པའི་བོད་ཀྱི་གཙུག་ལག་རིག་གནས་སློབ་ཁྲིད་གནང་། གཞན་ན་རི་ཐའི་སློབ་གཉེར་ཁང་(成田山佛教研究所)གི་གདན་ཞུའི་ཉམས་ཞིབ་པ་གནང་པ་བཅས་ཀྱིས་བོད་ཀྱི་ཆོས་དང་རིག་གནས་ཉི་ཧོང་གི་ཕྱོགས་སུ་དར་བར་ལག་རྗེས་ཆེན་པོ་བཞག
2017ལོའི་ཟླ་5པར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཆད་ཁྲིད་གནང་བཞིན་པ།
ཁོང་གིས་དགེ་རྒན་གྱི་ཕྱག་ལས་གནང་རིང་སློབ་མ་ཉིས་བརྒྱ་ལྷག་བསྐྱངས་ནས་ཉི་ཧོང་དུ་བོད་རིག་པའི་ཞིབ་འཇུག་གི་དཔུང་སྡེ་ཆེན་པོ་བཙུགས། 2008ལོར་ལས་འཁྱུར་ངལ་གསོ་གནང་ནས་ཉི་ཧོང་ཁྱོའོ་ཐོའོ་གྲོང་ཁྱེར་དུ་གངས་ལྗོངས་ནང་རིག་མཐུན་ཚོགས་བཙུགས་ཏེ་མུ་མཐུད་དུ་གཞུང་དོན་འཆད་འགྱུར་རྩོམ་གསུམ་ལ་གཞོལ། ཁོང་ལས་འཁྱུར་ངལ་གསོ་གནང་སྐབས་ཉི་ཧོང་གི་ཚགས་པར་ཆེ་ཤོས་ཉིན་རེ་གསར་ཤོག(2008ལོའི་ཟླ་2པའི་ཚེས་20ཉིན་གྱི་ཉིན་རེའི་གསར་ཤོག)ཅེས་པའི་སྟེང་ཁོང་གིས་སློབ་མ་བསྐྱངས་ཚུལ་དང་རིག་གཞུང་ཞིབ་འཇུག་གི་ཕྱག་རྗེས་ལ་གཟེངས་བསྟོད་གནང་ལ། འཇར་པཎ་གྱི་བོད་རིག་པའི་ཡབ་ཆེན་ཞེས་པའི་མཚན་སྙན་སྩལ་ནས་གདེང་འཇོག་ཆེན་པོ་གནང་། ཨོ་ཐ་ནི་གཙུག་ལག་སློབ་ཆེན་གྱི་མཚན་འཛིན་སློབ་དཔོན་ཆེན་མོའི་མཚན་གནས་སྩལ། 2012ལོའི་ཟླ་10པའི་ཚེས་12ཉིན་ཉི་ཧོང་གི་ནང་ཆོས་ཁྱབ་སྤེལ་ལྷན་ཚོགས་ཀྱིས་གནང་བའི་ནང་ཆོས་ཁྱབ་སྤེལ་རིག་གནས་གཟེངས་བསྟོད་བྱ་དགའ་ཐེངས་ཞེ་དྲུག་པ་ཐོབ། ད་ལྟའི་བར་དུ་ཚོགས་པ་འདིས་འཛམ་གླིང་གི་མཁས་པ་གྲགས་ཅན་125ལ་བྱ་དགའི་ཆོ་ལོ་ཕུལ་བའི་ཁྲོད། བོད་མི་ཞིག་ལ་ཐོབ་པ་ནི་དམ་པ་ཁོང་ཉིད་ཡིན་ནོ།
འཇར་པཎ་ཨོ་ཐཱ་ནི་གཙུག་ལག་སློབ་ཆེན་དུ་བསྐྱོན་པའི་པར།
སྔ་རྗེས་སུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཅས་ཀྱིས་གདན་ཞུས་བཞིན་རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་དང་མཆིམས་མཛོད། དབུ་མ་རྩ་ཤེས། བོད་མཁས་པའི་སྙན་འགྲེལ་སོགས་གཞུང་གི་ལུང་ཁྲིད་གནང་ལ། གཞན་ཡང་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དང་། བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས། བཀའ་བསྟན་ལྟ་གྲུབ་དཀའ་གནད་བདམས་བཏུས། རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས། བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན་སོགས་ཁོང་གིས་རྒྱུན་རིང་ཉམས་ཞིབ་གནང་བའི་གསུང་རྩོམ་སྐོར་ཟབ་ཁྲིད་གནང་། སྤྱི་ལོ་2012ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུའི་ཞིབ་འཇུག་པ་གདན་ཞུ་གནང་བ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་ཆེད་ཞུའི་ཉམས་ཞིབ་སློབ་དཔོན་བཅས་ཀྱི་འགན་བཞེས་ཡོད།
1993ལོར་དགའ་ལྡན་དུ་བསྐྱོན་པའི་པར
སེ་ར་དགོན་པའི་དགེ་བཤེས་ཟླ་གྲགས་དང་ལྷན་དུ་བསྐྱོན་པའི་འདྲ་པར།
རྒན་ཁོང་ནི་འཇར་པན་དུ་རྒྱུན་རིང་བཞུགས་པའི་ཕྱི་སྡོད་བོད་མི་ཡིན་ལ། རང་གི་མི་རིགས་དང་སྲོལ་རྒྱུན་རིག་གནས་ལ་དུང་ཞེན་ཆེན་པོ་ཡོད་པས་དུས་ནམ་ཡང་བོད་ཀྱི་གཙུག་ལག་རིག་གནས་ཉམས་ཞིབ་དང་འཆད་འགྱུར་རྩོམ་གསུམ་ལ་འབད་པ་ལྷོད་མེད་གནང་བཞིན་ཡོད། ཁོང་གིས་ཀྲུང་གོའི་བོད་རིག་པའི་རིག་གཞུང་ཞིབ་འཇུག་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བླ་ལྷག་གནང་། ལྷག་པར་དུ་2018ལོའི་ཟླ་4པར། ཁོང་གིས་ཉར་ཚགས་གནང་བའི་ཕྱག་དཔེ་ཆ་ཚང་རིན་མེད་གྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་ཕུལ། ཕྱག་དཔེ་དེ་དག་ནི་ཁོང་གིས་ལོ་མང་རིང་བསྡུ་རུབ་ཉར་ཚགས་གནང་བའི་བོད་ཡིག་གི་བཀའ་བསྟན་དང་གསུང་འབུམ་ཁག་ཅིག་ཡིན་ལ། ཕྱག་དཔེ་དེ་དག་གི་ཁྲོད་དུ་ལག་བྲིས་དང་ཤིང་པར་གྱི་དཔེ་རྙིང་རྩ་ཆེན་ཀྱང་མི་ཉུང་བ་ཡོད། དེ་ལས་གཞན་འཇར་པན་དང་དབྱིན་ཇི། སཾསྐྲིཏའི་ཡི་གེ་སོགས་ཀྱི་བོད་རིག་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཡོད་དོ། །
2017ལོའི་ཟླ་4པར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཆད་ཁྲིད་གནང་བ
མཁས་དབང་ཁོང་གིས་དགེ་བའི་བཤེས་གཉེན་དུ་མ་ལ་བསྟེན་ནས་དབང་ལུང་མན་ངག་གི་གདམས་པ་མང་དུ་མནོས་ཤིང་། སྐུ་ཚེ་གང་བོར་བོད་ཀྱི་རིག་གནས་ལ་ཉམས་ཞིབ་དང་། ལྷག་པར་དུ་བཀའ་བསྟན་གཙོ་བྱས་པའི་ཡིག་ཆ་ལ་ཞིབ་འཇུག་གནང་ནས་རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་དང་མཆིམས་མཛོད་སོགས་གཙོས་པའི་གཞུང་གི་ལུང་ཁུངས་བཙལ་ནས་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོའི་ལུང་ཁུངས་གསལ་བྱེད་ཉི་མ། བོད་བརྒྱུད་བཀའ་བསྟན་ཡུམ་ཆེན་མཆིམས་འཇམ་པའི་དབྱངས་ཀྱི་བཀའ་རྩོམ་མཆིམས་མཛོད་ལུང་ཁུངས་གསལ་བྱེད་ཉི་ཟླ་སོགས་བརྩམས་པ་དང་། སྔ་ཕྱིར་བོད་ཀྱི་ལོ་རྒྱུས་ཕྱོགས་བསྡུས་བོད་དང་བོད་མི། བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན། རྒྱ་གར་གྱི་ནང་པའི་གསང་སྔགས་ཀྱི་ལྟ་གྲུབ་ཀྱི་ཆོས་འབྱུང་། ཆོས་མངོན་པའི་ལྟ་གྲུབ་འཕེལ་རིམ་འབྲེལ་ཡོད་དང་བཅས་པའི་དཔྱད་ཞིབ་མཆིམས་མཛོད་མཛེས་རྒྱན་དེབ་ཐེར་སེར་པོ། རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས་སོགས་ལེགས་བཤད་མང་པོ་བརྩམས་ནས་ཀུན་གྱི་བགོ་སྐལ་དུ་སྩལ། སྤྱི་ལོ་2011ལོར་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ་པོད་བཅུའི་བདག་ཉིད་ཅན་སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་དུ་འགྲེམས་སྤེལ་གནང་ནས་བོད་ཀྱི་རིག་གནས་ལ་སྨན་པའི་བྱས་རྗེས་ཆེན་པོ་བཞག །ཁོང་གི་གསུང་རྩོམ་དང་འགྱུར་རྩོམ། བོད་ཡིག་དང་འཇར་པཎ་སྐད་ནས་བརྩམས་པའི་དཔྱད་རྩོམ་སོགས་ཀྱི་དཀར་ཆག་ཟུར་དུ་འཁོད་ཡོད་པས་དཔྱོད་ལྡན་རྣམས་ཀྱིས་དེར་གཟིགས་པར་ཞུ། ཞེས་མཁས་མཆོག་གང་གི་ལོ་རྒྱུས་ཉུང་བསྡུས་འདི་ནི་ཁོང་གི་ཞལ་ལ་གཏུགས་ནས་སློབ་མའི་མིང་ཙམ་འཛིན་པ་བསོད་ནམས་རྡོ་རྗེ་ནས་བྲིས་པ་དགེ་གྱུར་ཅིག །
དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་ཕྱག་དཔེ་ཉར་ཚགས་ཁང་སྒོ་འབྱེད་པའི་མཛད་སྒོ
ལྷ་སའི་པོ་ཏ་ལའི་ཐང་ཆེན་དུ་བསྐྱོན་པའི་འདྲ་པར