དང་པོ། ཐོག་མའི་བློ་བསྐྱེད་དང་བར་གྱི་བྱུང་རིམ།
1992ལོར་ཚེ་མགོན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གར་སྟེགས་སུ་བུད་པ
བཤད་སྲོལ་ཞིག་ལ་མི་རིགས་ཤིག་གི་འཚོ་བར་དཀའ་སྡུག་ཅི་འདྲ་ཆེ་ན། མི་རིགས་དེའི་གླུ་སྐད་དེ་ལས་སྙན་ཟེར། བོད་མི་རིགས་ལ་མཚོན་ན་དེ་ནང་བཞིན་ཁ་བ་བུ་ཡུག་གི་ཁྲོད་ནས་འཚར་ལོངས་བྱུང་བའི་བོད་པ་ཚོ་སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་ཞེས་ཟེར་སྲོལ་ཡོད། དེ་ཡང་བོད་ཀྱི་གདངས་མཐོའི་གཞས་པ་ཚེ་མགོན་ལགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ངམ་རྫ་ཆུ་ཁ་རུ་སྐྱེས་ཤིང་རང་ཡུལ་ནས་ཤེས་རིག་གི་སྒོ་ཐེམ་ཐོག་མར་འགྲིམ་པར་མ་ཟད། ཆུང་དུས་ཀྱི་ཁྱིམ་ཚང་གི་ཁོར་ཡུག་དང་རང་ཉིད་ལྷན་སྐྱེས་ཀྱིས་གླུ་གཞས་དང་རི་མོའི་ཐད་ནས་གཞན་ལས་ལྷག་པའི་ནུས་པ་གང་མང་མངོན། དེ་བཞིན་ཤེས་རིག་གི་རྨང་གཞི་ངེས་ཅན་ཞིག་བཞག་རྗེས་སྐབས་དེའི་ས་གནས་ཀྱི་འབྲོལ་ཁུལ་ཟློས་གར་ཚོགས་པར་(乌兰牧旗演出队)ཞུགས་ནས་ལོ་འགར་གླུ་དང་ཞབས་བྲོའི་འཁྲབ་སྟོན་བྱས། 1987ལོར་སྟེས་དབང་གི་གོ་སྐབས་ཤིག་ལས་དཀར་མཛེས་ཁུལ་དུ་ཁུལ་ཡོངས་རང་བཞིན་གྱི་གླུ་དབྱངས་འགྲན་སྡུར་ཞིག་གི་སྟེང་ནས་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། ཕྱི་ལོ་སྟེ་1988ལོར་རྫ་ཆུ་ཁའི་ཚབ་མཛད་དེ་ཁུལ་ཡོངས་ཀྱི་ཕུལ་བྱུང་གི་གླུ་གར་པ་མང་པོ་ཞིག་དང་མཉམ་དུ་རྒྱལ་ས་པེ་ཅིང་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་གླུ་གར་སྡེ་ཁག་ཏུ་སློབ་སྦྱོང་ལ་ཕྱིན། ལོ་གཅིག་གི་རྗེས་ནས་གཞན་དག་ཕ་ཡུལ་དུ་ཕྱིར་ལོག་པ་དང་། ཚེ་མགོན་ལགས་ཀྱིས་སློབ་ཆེན་དུ་རྒྱུགས་སྤྲད་དེ་མུ་མཐུད་དུ་སློབ་སྦྱོང་གི་འཚམ་མ་ཆད་པར་ལོ་གསུམ་རིང་ཆེད་ལས་ཀྱི་སྦྱངས་པ་དཔྱིས་ཕྱིན་པ་བྱས། སློབ་སྦྱོང་གི་དུས་མཚུངས་སུ་རྒྱལ་ཡོངས་ན་གཞོན་གླུ་གཞས་འགྲན་བསྡུར་ལ་ཞུགས་ཏེ་རྟིང་རྩོད་འགྲན་སྡུར་གྱི་གྲལ་དུ་ཚུད་པ་དང་།དེ་མིན་ཀྲུང་དབྱང་རོལ་དབྱངས་སློབ་གླིང་ནས་ལོ་གཅིག་རིང་སློབ་སྦྱོང་བྱས། 1990ལོར《ངའི་ཕ་ཡུལ་རྫ་ཆུ་ཁ》ཞེས་པའི་སྒྲ་ཐག་ཆེད་བསྒྲིགས་ཐོག་མ་འགྲེམས་སྤེལ་བྱས་པ་དང་། 1993ལོར་བོད་ལྗོངས་ཟློས་གར་ཚོགས་པར་རྒྱུགས་འཕྲོད་ནས་ཟློས་གར་ཚོགས་པ་དེར་ཕྱག་ལས་གནང་བ་དང་། སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་དུས་ཆེན་ཆེ་གྲས་དང་ཡོ་རོབ་དང་ཨེ་ཤ་ཡ་སོགས་སུ་འཁྲབ་སྟོན་ཐེངས་མང་ཕེབས་ཤིང་།རོལ་ཆས་དང་འཁྲབ་སྟོན་གང་ཐད་ནས་སྦྱངས་བ་དང་ཉམས་མྱོང་འབོར་ཆེན་བསགས་ཡོད་པར་མ་ཟད། 1998ལོར་ཀྲུང་དབྱང་མི་རིགས་ཟློས་གར་ཚོགས་པར་ལས་གནས་སྤོས་ཏེ་ལོ་གཉིས་ཙམ་རིང་དེར་འཁྲབ་སྟོན་གནང་བ་རེད།
2000ལོའི་ཀྲུང་དབྱང་མི་རིགས་ཟློས་གར་ཚོགས་པའི་འཁྲབ་སྟོན། གཡས་ཀྱི་བཞི་བ་ཚེ་མགོན་ལགས་ཡིན།
གཉིས་པ། 《ཨ་རོག་ཁམས་པ》བསྐྱར་ལེན་དང་དར་ཁྱབ་གྱི་སྐོར།
སྤྱིར་བཏང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་མཚམས་སུ་བོད་ཀྱི་གླུ་གར་རིག་གནས་ཀྱི་མཁའ་དབུགས་སྟུག་པོ་ཆགས་ཤིང་། གཞས་པ་དང་གཞས་མ་མིང་གྲགས་ཅན་དུ་མ་ཞིག་དབྱར་གྱི་ཤ་མོ་རྡོལ་བ་བཞིན་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཆ་ནས་གླེང་ནའང་སྐབས་དེར་མི་རིགས་གླུ་གར་རིག་གནས་འཕེལ་རྒྱས་ཐད་ལ་ཤུགས་ཆེན་པོ་འདོན་བཞིན་པ་རེད། ཆ་རྐྱེན་འདི་འདྲའི་འོག་ནས། 1995ལོར་ཚེ་མགོན་ལགས་ཀྱི་འོད་སྡེར་བརྩམས་ཆོས་ཐོག་མ《ཨ་རོག་ཁམས་པ》འགྲེམ་སྤེལ་བྱས་ཤིང་ཁོང་ཉིད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁ་དེ་ཐེམ་སྐས་གསར་པ་ཞིག་ཏུ་སླེབས། གླུ་གཞས་འདིར་རྒྱུས་ལོན་ཞིབ་ཕྲ་ཞིག་བྱས་ན། གཞས་དེའི་ཚིག་ནི་དམངས་ཁྲོད་ནས་དར་བ་དང་གདངས་ནི་སྐབས་དེར་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་གདངས་རྩོམ་པ་པོ་གྲགས་ཅན་མཱ་ཨཱ་ལོ་ཞེས་པས་བརྩམས་པ་ཡིན་ཏེ། མ་གཞིར་ཁོང་གི་གོང་ནས་གཞས་པ་འགས་འཁྲབ་ལེན་བྱས་མྱོང་ཡང་དེ་འདྲ་དར་ཁྱབ་ཆེན་པོ་མི་འདུག །དེ་བཞིན་ཚེ་མགོན་ལགས་ཀྱིས་མཱ་ཨཱ་ལོར་གཞས་དེ་རང་གིས་བསྐྱར་ལེན་གྱི་འདོད་མོས་ཡོད་ཚུལ་རེ་ཞུ་བྱས་པ་དང་ཆོག་མཆན་ཐོབ་པ་ན། བརྙན་གཟུགས་ལྡན་པའི་རྐྱང་གཞས་ཐོག་མ་དེ་བྱུང་བ་དང་རྒྱ་ཆེར་གྲགས་ཁྱབ་བྱུང་། ཁོང་ཉིད་ཀྱིས་གསུང་པ་ནང་བཞིན། གཞས་དེའི་ཚིག་དམངས་ཁྲོད་ནས་དར་བ་རེད། བརྗོད་གཞི་གཙོ་བོ་དེ་དངོས་པོའི་ཆ་རྐྱེན་དང་ཁོར་ཡུག་དགའ་ཙམ་མེད་རུང་གངས་རིན་པོ་ཆེར་མཇལ་སྐོར་དུ་འགྲོ་འདོད་ཀྱི་འདུན་པ་དྲག་པོ་ཞིག་མཚོན་ཡོད། དེ་ལས་རྟོགས་ཐུབ་པ་ཞིག་ནི་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ངོ་བོ་དེ་དོན་དམ་དུ་གླུ་གཞས་སྒྱུ་རྩལ་པས་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་གཞི་རྒྱུ་གསར་རྩོམ་དང་འཁྲབ་སྟོན་བྱེད་པར་གཙོར་བཟུང་ནས་རང་མི་རིགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་ལོངས་སྤྱོད་མངོན་པ་ཞིག་རེད། དེ་བཞིན་ཁོང་ཉིད་ཀྱིས་སྐབས་དེའི་འཚོ་བའི་མཐུན་རྐྱེན་དང་གཞས་དེར་གོ་འགྲེལ་ཐུན་མིན་ལེན་ཐུབ་པ་ཞིག་ཀྱང་ཅི་ལ་མིན།དེ་རྗེས་ཁོང་ཉིད་སུའེ་ཙེར་ལ་ལོ་ཤས་བཞུགས་ཤིང་རང་རྒྱལ་ལ་ཕྱིར་ལོག་རྗེས་2010ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་གསར་དགོང་ཚོགས་ཐོག་སླར་ཡང《ཨ་རོག་ཁམས་པ》འཁྲབ་ལེན་གནང་བ་དང་སླར་ཡང་གཞས་དེའི་ཚ་རླབས་ཆེན་པོ་འཕྱུར་ཡོད་པས། བོད་འབྲེལ་གྱི་བརྙན་འཕྲིན་ཁང་སོ་སོའི་དགོང་ཚོགས་དང་བྱེད་སྒོ་ཆེ་གྲས་ཐོག་འཁྲབ་ལེན་གནང་བ་རེད།
2006ལོར་སུའེ་ཙེར་དུ་འཁྲབ་སྟོན་དུ་ཕྱིན་པ།
གསུམ་པ། སྒྱུ་རྩལ་དང་འཚོ་བའི་ཉམས་ལེན།
དེ་ཡང་སྤྱིར་བཏང་གི་བཤད་སྲོལ་ལྟར་ན་མ་གཞིར་གཞས་པ་ཁོང་ཉིད་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁ་ནས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་བཞིན་པའི་སྒང་དུ། མུ་མཐུད་དུ་རང་ཉིད་ཐད་ཁྱབ་བསྒྲགས་ཤུགས་ཆེར་མ་བཏང་བར་འཁྲབ་སྟོན་གྱི་འཚམས་བཞག་ཅིང་ཡོ་རོབ་གླིང་དུ་སློབ་སྦྱོང་གི་ཚུལ་དུ་མི་ལོ་9རིང་འཚོ་བ་བྱས་ནས་བཞུགས་པ་རེད། གདམ་ཀ་འདི་འདྲ་ཞིག་བྱ་དོན་ནི་གཅིག་ནས་སྐབས་དེར་འཁྲབ་སྟོན་གྱི་ལམ་ནས་སུའེ་ཙེར་རྒྱལ་ཁབ་ཏུ་འབྱོར་ཏེ་རྒྱལ་ཁབ་དེ་ནས་སྐད་རིགས་དང་ལྷག་པར་དུ་རི་མོའི་ཐད་ནས་སྦྱངས་བ་བྱེད་པའི་འདུན་པ་སྐྱེས་བྱུང་བ་རེད་སྐད། གཉིས་ནས་ཆུང་དུས་ཀྱི་བག་ཆགས་དང་ཤུགས་རྐྱེན་ཞིག་རེད་འདོད་དེ། གོང་དུ་གླེང་བ་ལྟར་ཁོང་ཉིད་ཆུང་དུས་སུ་ཕའི་ཁྱིམ་རྒྱུད་ལ་གླུ་གཞས་དང་རི་མོའི་ཐད་ནས་ལྷན་སྐྱེས་ཀྱི་བློ་རིག་ལྡན་པ་དང་། ལྷག་པར་དུ་ཁོང་ཉིད་ཀྱི་ཨ་ཁུ་ཞིག་གིས་ཚེ་མགོན་ལགས་ལ་གླུ་གཞས་ཆེད་སྦྱོང་གི་ལམ་ཁ་ཐོག་མར་སྣེ་ཁྲིད་དེ་ཁོར་ཡུག་ལེགས་པོ་བསྐྲུན་ཞིང་འདུ་ཤེས་ཀྱང་ཡག་པོ་བསྐྱེད་ཐུབ་པ་འདི་ནས་ཤེས་ཐུབ། རྒྱུས་མངའ་ཅི་ཡང་མེད་པའི་ཁོར་ཡུག་གསར་པ་ཞིག་ནས་མིང་དང་སྙན་གྲགས་རྒྱབ་ཏུ་བསྐྱུར་ཅིང་ལྷོད་ལ་བབས་ནས་སློབ་སྦྱོང་བྱས་པ་དེ་ལས་སླ་མོ་ཞིག་ག་ལ་ཡིན། རེད་དེ་ཐེངས་དེའི་འགྲུལ་བཞུད་ལས་ཁོང་ཉིད་ལ་གྲུབ་འབྲས་རིན་ཐང་ཅན་གཞན་གང་མང་ཞིག་ཐོབ་པ་དཔེར་ན། གླུ་གར་འཁྲབ་སྟོན་བྱས་ནས་ཕ་ཡུལ་གྱི་རྒས་འཁོགས་འགའ་ལ་དངུལ་སྒོར་གྱི་རོགས་སྐྱོར་བྱས་ཐུབ་པ་དང་། རང་ཉིད་ཀྱི་ཆ་ནས་དེང་རབས་ཀྱི་རི་མོར་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་ཐུབ་པར་མ་ཟད། རི་མོའི་སྒྱུ་རྩལ་ལ་བརྟེན་ནས་རང་ཉིད་ཀྱི་གླུ་གཞས་འཁྲབ་སྟོན་ཐད་ཐོལ་ཤེས་ཀྱི་བློ་རྒྱ་ཆེན་པོ་བསྐྱེད་ཅེས་སྐད།
གུས་མོས་ཁོང་ཉིད་ལ་ད་ལྟའི་བོད་ཀྱི་གླུ་གཞས་རིག་གནས་ཀྱི་གནས་བབ་དང་ཆེད་ལས་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས་འདི་ལྟར་ལན་གནང་།
དུས་སྐབས་འདིར་མཚོན་ན། སྔོན་དང་མི་འདྲ་བར་གཞས་པ་ཇེ་མང་རེད། རེད་དེ། ཆེད་ལས་ཀྱི་སློབ་སྦྱོང་བྱེད་མཁན་དཀོན་པོ་ཆགས་འདུག །དེ་ཡིན་ན་གསར་རྩོམ་གྱི་གླུ་གཞས་ཇེ་ཉུང་རེད། དེ་བས་གླུ་གཞས་སྒྱུ་རྩལ་ལ་སྤྲོ་བ་ལྡན་པའི་གསར་སྐྱེས་ཀྱི་གཞས་པ་གཞས་མ་ཞིག་ལ་མཚོན་ན། གཅིག་ནས་གཞུང་ལུགས་ཀྱི་སྦྱངས་པ་བྱེད་དགོས། གཉིས་ནས་དམངས་ཁྲོད་གཞི་རིམ་དུ་རྒྱུ་ཆ་འཚོལ་བསྡུ་བྱེད་དུ་འགྲོ་དགོས། ཕུགས་རིང་དུ་འདང་བརྒྱབ་ན་དེ་གཉིས་མེད་དུ་མི་རུང་བ་ཞིག་རེད་སྙམ་གསུངས།
1997ལོར་བོད་ལྗོངས་ཟློས་གར་ཚོགས་པ་ཡོ་རོབ་ཀྱི་ཀེ་རི་སེ་རུ་འཁྲབ་སྟོན་དུ་ཕྱིན་པ།
རྒྱུ་མཚན་དེ་དང་ཀུན་སློང་འདི་འདྲ་ཞིག་གི་འོག་ཏུ་དགེ་རྒན་ཁོང་ཉིད་ཀྱིས་ད་ལྟ་ལས་ཀའི་ཁོམ་ལོང་གི་བར་གསེང་ནས་གླུ་གཞས་ལ་དགའ་མོས་ཅན་གྱི་སློབ་བུ་རེ་འགར་རང་ནུས་ཅི་ཐུབ་ཀྱིས་མཛུབ་སྟོན་གནང་བཞིན་འདུག །