ཟླ11པའི་ཚེས9ཉིན་རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་མ་ལག་གི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། ཚོགས་འདུའི་སྟེང་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་བྱང་དངོས་སུ་སྤྲད་ཅིང་། དེས་མཛེས་ལྗོངས་ཁུལ་དེ“5Aདུས་རབས”སུ་དངོས་སུ་སླེབས་པ་མཚོན་ཡོད། འདི་ཡང་བོད་རང་སྐྱོང་ལྗོངས་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ་ཨང་ལྔ་པ་ཡིན།
ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཁམ་བུའི་མེ་ཏོག་བཞད་པ།
ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་ཡུལ་ལྗོངས།
ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་མཛེས་ལྗོངས་ཁུལ་དེ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཁོངས་སུ་ཡོད་ལ། ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཆགས་ཡོད། གྲོག་རོང་གི་སྤྱིའི་རིང་ཚད་ལ་སྤྱི་ལེ504.6ཡོད་པ་དང་། ཟབ་ཚད་ལ་སྨི6009ཡོད་པས། འཛམ་གླིང་སྟེང་གི་རིང་ཚད་རིང་ཤོས་དང་ཟབ་ཚད་ཆེ་ཤོས་ཀྱི་གྲོག་རོང་ཆེན་མོ་ཞིག་ཡིན་པ་ཀུན་གྱིས་ཁས་ལེན་བྱེད་བཞིན་ཡོད།
ཁམ་བུའི་མེ་ཏོག་ལ་ལྟ་བ་དང་ཀོང་པོའི་རིག་གནས་ཉམས་སུ་མྱོང་བ། རི་བོ་གནམ་ལྕགས་འབར་བའི་ངོས་སུ་ངལ་གསོ་བ་དང་། ཡར་་ཀླུང་གཙང་པོའི་རྔམ་ཟིལ་ཆེ་བའི་རླབས་སྒྲ་ལ་ཉན་པ་སོགས་བརྗིད་ཉམས་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ལ་བརྟེན་ནས། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
དགུན་སྟོད་ཀྱི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་དང་། ཀྱག་ཀྱོག་གི་བང་རིམ་ལྡན་ལ་ཁ་དོག་སྣ་ཚོགས་པའི་ནགས་ཚལ་དང་མངོན་པར་མཐོ་བའི་རི་བོ་གནམ་ལྕགས་འབར་བ་གཉིས་ཀྱིས་ཡུལ་སྐོར་བར་འདྲེན་བྱེད་ཡུལ་གྱི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད།
2015ལོར་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དང་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་གཉིས་ཀྱིས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྒྱལ་ཁབAAAAAརིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་མཉམ་དུ་སྤེལ་འགོ་ཚུགས་པ་རེད། བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིས་མ་དངུལ་སྒོར་དུང་ཕྱུར3.29བཏང་སྟེ། གྲོག་རོང་གི་མཁའ་དབྱིངས་ཀྱི་དཔྱང་ཐག་དང་། ཚ་བའི་དབུགས་ལྒང་། སྤྲོ་གསེང་གྲུ་གཟིངས། སྒར་སྡོད་རྟེན་གཞི་སོགས་ཀྱི་མཛེས་ལྗོངས་ཁུལ་དང་རྣམ་གྲངས་མང་པོ་བཏོད་དེ། ཡུལ་སྐོར་བས་རི་བོའི་མཛེས་ཉམས་དང་ཆུ་བོའི་བཞུར་སྒྲ་ལས་གཞན་ད་དུང་ཡུལ་སྐོར་གྱི་ཚོར་བ་མང་པོ་ཞིག་ཉམས་སུ་མྱོང་ཐུབ་པར་བྱས་ཡོད་པ་རེད།
དེ་དང་དུས་མཚུངས་སུ། གསར་འཛུགས་བྱེད་པའི་གོ་རིམ་ཁྲོད་མཛེས་ལྗོངས་ཁུལ་གྱིས་ད་དུང་གད་སྙིགས་དངུལ་ཁང་བཙུགས་ཏེ། ཡུལ་སྐོར་བས་སྐྱེ་ཁམས་སྲུང་སྐྱོང་ལ་སྣང་ཆེན་བྱ་རྒྱུར་སྐུལ་སློང་བྱས་པ་རེད། ཡུལ་སྐོར་བ་ལིའུ་ཆི་ཡིས་བརྗོད་དོན། “གད་སྙིགས་དངུལ་ཁང་ལ་གསར་གཏོད་ཀྱི་ཆ་ཧ་ཅང་ཆེན་པོ་ཡོད་དེ། ཡུལ་སྐོར་བས་རང་འགུལ་ངང་གད་སྙིགས་བསྡུ་རུབ་བྱ་རྒྱུར་སྐུལ་ཁྲིད་བྱེད་ཐུབ་པ་མ་ཟད། ད་དུང་ཁོར་ཡུག་སྦགས་བཙོག་ཉུང་དུ་གཏོང་ཐུབ། ངས་ད་ལྟ་ལམ་བར་གྱི་སྐོམ་ཆུའི་དམ་བེ་སོགས་ཉར་ནས། གཏེར་ཆུ་ཤེལ་དམ་གཅིག་ལ་བརྗེས་པ་ཡིན། དངོས་གནས་དོན་སྙིང་ལྡན་པ་ཞིག་རེད།”ཅེས་བཤད།
བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཧུའུ་ཧྥུང་གིས་ངོ་སྤྲོད་བྱས་དོན། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་ཡུལ་སྐོར་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྐྲུན་ཐུབ་པས། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་བསྐྲུན་རྒྱུར་ཕན་ཐོགས་ཡོད་པ་རེད། “གོམ་སྟབས་རྗེས་མར་ང་ཚོའི་མཛེས་ལྗོངས་ཁུལ་གྱིས་ལས་སྣ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ལས་ཀའི་སྤུས་ཚད་སྔར་ལས་ཇེ་མཐོ་རུ་བཏང་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་སྔར་ལས་མང་པོ་བོད་ལྗོངས་དང་དེ་བཞིན་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་རུ་སླེབས་སུ་འཇུག་རྒྱུ་ཡིན།”ཞེས་བཤད།